༄༅། །བོད་ཀྱི་ན་གཞོན་སྒྱུ་རྩལ་པ་བསེ་ཨ་མའི་བུའི་གྱེར་འདོན་བརྩམས་ཆོས་གསར་བ་ཐོན་ལ་ཉེ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཨ་མའི་བུ་འཕྲིན་སྟེགས།
དུས་ཚོད།:2019-12-13
ཀློག་གྲངས།:
སྒྱུ་རྩལ་པ་བསེ་ཨ་མའི་བུའི་གྱེར་འདོན་བརྩམས་ཆོས་གསར་བ་ཐོན་ལ་ཉེ།
ལྷག་པར་དུ་བོད་ཀྱི་གློག་བརྙན་སྐད་སྦྱོར་གྱི་ཐད་ནས《དཔའ་བོའི་ཆོད་སེམས》དང《རོ་མའི་ཕོ་རྒོད》《སྡིག་རྭའི་རྒྱལ་པོ》སོགས་དང་བརྙན་འཕྲིན་ཟློས་གར《གོང་མ་ཁང་ཞི་དམངས་ཁྲོད་དུ་མྱུལ་བ》གཙོས་ལེའུ་སུམ་སྟོང་ལ་ཉེ་བ་མང་པོར་ལོ་ཙྭ་དང་སྐད་སྒྱུར། སྒྲ་ཕབ། འཁྲབ་ཁྲིད་སོགས་ཀྱི་འགན་ཁུར་ནས་ད་ལྟའི་བར་དུ་མི་ལོ་བཅོ་བརྒྱད་ལྷག་འགོར་ཡོད། དེ་མིན་གྱེར་འདོན་སྒྱུ་རྩལ་གྱི་ཕྱོགས་ནས་ཀྱང་ཀུན་ལ་བག་ཆགས་ཟབ་མོ་བཞག་ཡོད་པ་འདིར་བགྲང་ན་མཁས་དབང་དོན་གྲུབ་རྒྱལ་གྱིས་བརྩམས་པའི་ཚབ་མཚོན་ཅན་གྱི་རང་མོས་སྙན་ངག《འདི་ནའང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག》ཞེས་པ་དང་སྙན་ངག་པ་འཇུ་སྐལ་བཟང་ལགས་ཀྱི《མཁས་དབང་དགེ་ཆོས་དྲན་པ》དང་གཞན《བསམ་གཞིགས་གནོངས་དང་》བཅས་སྙན་ངག་གྱེར་འདོན་གྱི་བརྩམས་ཆོས་མང་པོ་མེད་ནའང་། ཡོད་ཚད་བརྩེ་དུང་གྱི་མཐོ་ཚད་ཅིག་ལ་ཁེན་དགོས་པའི་འབོད་སྐུལ་དེ་ཁོའི་གསལ་དག་སྙན་གསུམ་འཛོམས་པའི་རྨང་གཞིའི་ཆ་རྐྱེན་དང་ཐོལ་བརྒལ་རང་བཞིན་གྱི་གྱེར་དབྱངས་འགུག་གསུམ་གྱི་སྒྱུ་རྩལ་ཁྱད་ཆོས་ལས་གསལ་བོར་མངོན་ཡོད། དེར་མ་ཟད་སྒྲ་སྙན་སྒྱུ་རྩལ་གྱི་ཕྱོགས་ནས་ཡང་ཁོས་སྔ་ཕྱིར《གངས་ཅན་པ》དང《གླུ་ངག་གི་འབོད་པ》《མེས་པོའི་བླ་སྲོག》《ང་དང་ཨ་ཅེ》སོགས་སྒྲ་ཐག་དང་བརྙན་ཐག་མང་པོ་བསྟུད་མར་སྤྱི་ཚོགས་སྟེང་འགྲེམ་སྤེལ་བྱས་ནས་བོད་ཁམས་ཡོངས་ནས་དགའ་བསུ་བླ་མེད་ཐོབ་པ་དང་། སྒོས་སུ་ཐེངས་འདིའི《ཨ་མའི་བུ》ཞེས་པའི་ཆེད་སྒྲིག་བརྙན་འཁོར་འདིའི་ཚིག་དང་དབྱངས་རྟ་ཀུན་ལ་མར་དྲི་དང་རྩམ་དྲི་མ་ཡལ་བར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ཕྱུག་ཡོད་པ་ཉན་མཁན་ཁྲི་སྟོང་མང་པོའི་རེ་བ་དང་དགའ་བསུའི་ཁྲོད་ནས་ཤེས་ཐུབ། མདོར་ན་བོད་ཀྱི་ན་གཞོན་སྒྱུ་རྩལ་པ་བསེ་ཨ་མའི་བུ་ཡི་རང་རིགས་ལ་བཅངས་བའི་བརྩེ་སེམས་ཇེ་བརྟན་དང་རིག་གནས་སྒྱུ་རྩལ་ལ་བརྩོན་པའི་ལམ་ཁ་སྔར་ལས་ཡངས་པར་སྨོན་འདུན་ཞུ། ཁོང་གི་མཚན་ལ་བསོད་ནམས་ཚེ་རིང་ཟེར། བླ་དྭགས་སུ་བསེ་ཨ་མའི་བུ་རུ་འབོད། ཁྱོད་ཀྱིས་མཐོ་ཞིང་ལྡིར་ལ་དག་ཅིང་གསལ་བ། རྣོ་ཞིང་འབར་ལ་འབྱམས་ཤིང་སིམ་པའི་ཕོ་སྐད་རྣལ་མ་ཞིག་གི་སྒྱུ་འཕྲུལ་མཐོང་འདོད་ན། ཁོང་ནི་ཁྱོད་ཀྱི་འདོད་བློ་ཡོངས་སུ་སྐོང་བའི་དཔག་བསམ་གྱི་ལྗོན་པ་དེ་ཡིན། གཡུ་འབྲུག་ལྡིར་བའི་དབྱངས་ལ་རྨ་བྱའི་སྒྲོ་གུར་ཕུབ་ཅིང་། རྟ་མཆོག་འཚེར་བའི་སྐད་ལ་རླུང་གི་གཤོག་པ་ཐོགས་པའི། མཚོ་རླབས་འཕྱོ་བའི་གདངས་ལ་སེམས་ཀྱི་འཕར་ལྡིང་འདྲེས་ཤིང་། སྟག་མོ་ངར་བའི་སྒྲ་ལ་གློག་གི་ཞགས་པ་འཁྲིལ་བའི། ཁོང་གི་སྐད་ངག་དེས། ང་ཚོར་སྒྱུ་རྩལ་གྱི་བླ་མཐོང་བར་བྱེད་ཅིང་། སྙན་ངག་གི་སྲོག་རྙེད་པར་བགྱིའོ། །
---ཁྱུང་བཟང་གིས།
སྙན་ངག་གྱེར་བ་ལ་གསལ་དག་སྙན་གསུམ་གྱི་ཁྱད་ཆོས་ཚང་དགོས་པ་བདེན་ནའང་། བསེ་ཨ་མའི་བུ་ཡི་སྙན་ངག་གྱེར་སྟངས་ལ་ཁྱད་ཆོས་དེ་གསུམ་ཡོངས་སུ་ཚང་བའི་རྨང་གཞིའི་སྟེང་ཨ་རིའི་སྙན་ངག་པ་ཨེ་ལིན་གྷིན་སི་སྦིར་གྷེ་བཞིན་བརྩམས་ཆོས་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ངོ་མ་དེ་ཇི་བཞིན་གྱེར་ནུས་པའི་ཁྱད་ཆོས་ཀྱང་ལྡན་ནོ། །
---མར་ཁུ་རྒྱལ་མཚན་གྱིས།
འབྲེལ་ཡོད་འོས་སྦྱོར།
