logo

༄༅།།ཨ་མདོའི་སྲོལ་རྒྱུན་དམངས་གླུ་དང་ལ་གཞས་འགྲན་སྡུར་སྐབས་གསུམ་པ་ཁམས་རར་བསྡུས་པ། 

རྩོམ་པ་པོ།:ཚེ་བརྟན་སྒྲོལ་མ། ཡོང་ཁུངས།:མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་། དུས་ཚོད།:2020-10-21 ཀློག་གྲངས།:
ཐེངས་འདིའི་བྱ་འགུལ་ནི་དམངས་གླུ་འགྲན་སྡུར་དང་ལ་གཞས་འགྲན་བསྡུར་གཉིས་སུ་བཀར་ཡོད་ཅིང་། ཆེད་དུ་ཆེད་མཁས་པ་དང་གླུ་བ་བདྨ་དབང་རྒྱལ་དང་གཅན་བཀྲ་བྷོ། མཁར་བྱམས་རྒྱལ། ལུ་གུ་རྒྱལ། བཙུན་ཐར་ཚེ་རིང་བཅས་དཔྱད་འདེམས་པར་གདན་ཞུ་བྱས་ཡོད་པ་དང་། མཚོ་སྔོན་གྱི་ཁུལ་ལྔ་དང་ཟི་ཁྲོན། ཀན་སུའུ་སོགས་ཨ་མདོ་ས་ཁུལ་གྱི་དམངས་གླུ་འགྲན་སྡུར་ལ་ཞུགས་མཁན་གྱི་གླུ་བ་གླུ་མ༣༠ལྷག་དང་ལ་གཞས་འགྲན་སྡུར་ལ་ཞུགས་མཁན་གྱི་གླུ་བ་གླུ་མ༣༠ལྷག་ཁམས་རར་འཛོམས་ནས། རྒྱ་ཆེའི་ཡུལ་སྐོར་པ་རྣམས་ལ་བོད་ཀྱི་དམངས་གླུ་དང་ལ་གཞས་ཀྱི་འགྱུར་ཁུགས་སྙན་མོ་དང་ཨ་མདོ་ས་ཆའི་རྔམས་སྟུག་པའི་དམངས་སྲོལ། དེ་མིན་ད་དུང་གཏིང་ཟབ་པའི་རིག་གནས་ཀྱི་འགུག་ཤུགས་སོགས་ལ་རོལ་མྱོང་བྱེད་དུ་བཅུག
བྱ་འགུལ་གྱིས་འདྲ་མཉམ་དྲང་གཞག་རྩ་བར་བཟུང་སྟེ་ཡུལ་དངོས་ནས་སྐར་མ་རྒྱག་པ་དང་ཡུལ་དངོས་ནས་དཔྱད་འདེམས་བྱེད་པའི་རྣམ་པ་བརྒྱུད་ནས། མཇུག་མཐར་མཚོ་ཤར་ཁུལ་གྱི་འགྲན་ཞུགས་གླུ་བ་རྣམ་རྒྱལ་མགོན་ལ་ཐེངས་འདིའི་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། རང་རེའི་རྨ་ལྷོ་རྫོང་གི་འགྲན་ཞུགས་གླུ་མ་བདེ་སྐྱིད་དང་མཚོ་ནུབ་ཁུལ་གྱི་འགྲན་ཞུགས་གླུ་བ་བསོད་ནམས་རྒྱ་མཚོ་གཉིས་ལ་བྱ་དགའ་ཨང་གཉིས་པ་ཐོབ། རང་རེའི་གཅན་ཚ་རྫོང་གི་འགྲན་ཞུགས་གླུ་བ་ཤ་བོ་ཐར་དང་རྨ་ལྷོ་རྫོང་གི་འགྲན་ཞུགས་གླུ་བ་བཀྲ་ཤིས་དོན་འགྲུབ། མཚོ་ལྷོ་ཁུལ་གྱི་འགྲན་ཞུགས་གླུ་བ་ཚེ་འབྲུག་རྒྱལ་བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ།  
ཨ་མདོའི་དམངས་གླུ་ནི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཁྲོད་བྱུང་བ་ཆེས་སྔ་བའི་ངག་ཐོག་སྒྱུ་རྩལ་གྱི་རིགས་ཤིག་ཡིན་ལ། བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཁྲོད་གོ་གནས་གལ་ཆེན་ཟིན་པ་དང་། དེ་ལ་རྣམ་པ་མང་ཞིང་ནང་དོན་ཕུན་སུམ་ཚོགས་ལ་ཁྱད་དུ་འཕགས་པའི་མི་རིགས་རིག་གནས་ཀྱི་འགུག་ཤུགས་དྲག་པོ་ལྡན། དམངས་གླུ་ཡིས་རང་སེམས་ཀྱི་བརྩེ་བ་མཚོན་ཐུབ་པ་དང་འཚོ་བ་ཕུན་སུམ་ཚོགས་པར་གཏོང་ཐུབ་པ་ལས་གཞན། ད་དུང་མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་དང་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ། ཐེངས་འདིའི་ཨ་མདོའི་དམངས་གླུ་དང་ལ་གཞས་འགྲན་སྡུར་ནི་སྔོན་ཆད་ཀྱི་འགྲན་སྡུར་དང་བསྡུར་ན་རྣམ་པ་དང་སྤུས་ཀ ལྷག་པར་དུ་འགྲན་ཞུགས་པའི་ཁ་གྲངས་སོགས་ཀྱི་ཐད་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། ཨ་མདོའི་ཁ་སྐད་འཕེལ་རྒྱས་དང་རྒྱུན་འཛིན་བྱེད་པའི་ཐད་སྟེགས་བུ་གལ་ཆེན་འདོན་སྤྲོད་བྱས་པ་དང་།  ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དམངས་གླུའི་བག་ཤུགས་ནུས་པ་ཞིང་ཆེན་ཕྱི་ནང་དུ་རྒྱ་སྐྱེད་པར་བྱེད་ནུས་གལ་ཆེན་ཐོན་པ་རེད། 
འབྲེལ་ཡོད་འོས་སྦྱོར།