logo

ཞོལ་ལུང་རྒྱུད་དབྱངས།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ དུས་ཚོད།:2023-08-09 ཀློག་གྲངས།:
       སྡེ་རོང་རྫོང་གྲོང་ནས་བར་ཐག་སྤྱི་ལེ་བརྒྱ་ཙམ་གྱི་སར་ཡོད་པའི་ཞོལ་ལུང་ཤང་རྐ་ཞབས་གྲོང་ཚོར་བཅར་འདྲིར་སྐྱོད་པ་ཡིན། ལམ་འགྲམ་གྱི་ལོ་ཏོག་དང་རྩྭ་རྩི་ཤིང་མེ་ཏོག་དང་བཅས་པ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་དལ་བུར་གཡོ་བ་དག་ནི་ཕྱོགས་བཞིའི་མགྲོན་པོར་དགའ་བསུའི་གཡབ་མོ་བྱེད་པ་དང་ཀུན་ནས་མཚུངས། དེ་བས་ཀྱང་གྲོང་ཚོའི་ནང་དང་ཞིང་རའི་ནང་ནས་སྐབས་མཚམས་སུ་ལྷང་ལྷང་དུ་གྲགས་པའི་རྒྱུད་དབྱངས་སྙན་མོ་དང་། ཚོས་སྣ་དང་རྒྱུ་སྣ་མི་འདྲ་བ་དགུ་ལས་གྲུབ་པའི་ཡུལ་དེའི་བུད་མེད་ཀྱི་རྒྱན་གོས་གཉིས་ཡུལ་དེའི་ཐུན་མོང་མ་ཡིན་པའི་འགྱུར་ཁུག་དང་ཚོན་མདོག་ཏུ་གྲུབ་འདུག
རྒྱུད་དབྱངས་སྒྲ་སྙན།
       རྒྱུད་དབྱངས་ཞེས་བྱ་བ་དེ་ནི་སྡེ་རོང་རྫོང་ཞོལ་ལུང་ཤང་གི་ཁོངས་སུ་སྔར་ནས་དར་བའི་དམངས་ཁྲོད་གླུ་གར་གྱི་རྣམ་པ་ཞིག་ཡིན་པ་དང་། གང་དེ་མིག་སྔར་སི་ཁྲོན་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཁོངས་སུ་ཚུད་ཡོད། རྒྱུད་དབྱངས་ཀྱི་འཁྲབ་སྟོན་རྣམ་གྲངས་ནང་རྒྱུད་དབྱངས་དཀྲོལ་ལེན་དང་། རྒྱུད་དབྱངས་ཞབས་བྲོ། རྒྱུད་དབྱངས་མཛའ་གཞས་སོགས་ཡོད་ཅིང་། རྒྱུད་དབྱངས་ཀྱི་ཁྱད་ཆོས་མངོན་གསལ་དོད་ཤོས་ནི་རྒྱུད་དབྱངས་གླུ་གཞས་ལེན་པའམ་ཞབས་བྲོ་འཁྲབ་སྐབས་རམ་དཀྲོལ་རོལ་ཆར་ཡུལ་དེའི་ཐུན་མོང་མ་ཡིན་པའི་སྒྲ་སྙན་ཞིག་སྤྱོད་པ་དེ་རེད། ཡུལ་དེའི་སྒྲ་སྙན་དེ་བོད་ཀྱི་རྒྱུད་དཀྲོལ་རོལ་ཆ་སྒྲ་སྙན་གྱི་ཁོངས་སུ་གཏོགས་པ་གང་ཞིག དེའི་མིང་དུའང་ཡུལ་དེའི་མི་རྣམས་ནས་སྒྲ་སྙན་ཞེས་འབོད། ཡིན་ནའང་སྒྲ་སྙན་དེའི་བཟོ་དབྱིབས་གྲུབ་གཞི་དང་། སྒྲ་སྒྲིག་སྟངས། སྒྲ་སྐྱེད་ཁྱད་ཆོས། རོལ་དབྱངས་ཀྱི་ཉམས་ཆོས་སོགས་གང་ཅིའི་ཐད་ནས་དབུས་གཙང་དང་ཨ་མདོ་སོགས་སུ་དར་བའི་སྒྲ་སྙན་དང་ཁྱད་པར་ཆེན་པོ་འདུག
       མངོན་མིན་རིག་གནས་ཤུལ་བཞག་ལས་སྡེ་རོང་རྒྱུད་དབྱངས་ཀྱི་ཞིང་ཆེན་རིམ་པའི་རྒྱུན་འཛིན་པ། སྡེ་རོང་རྫོང་ཞོལ་ལུང་ཤང་གི་གྲོང་མི་སྐལ་བཟང་ནོར་བུ་ལགས་ཀྱིས། རྒྱུད་དབྱངས་སྒྲ་སྙན་ནི་བཟོ་ལྟའི་ཐད་ནས་བཤད་ན་བོད་ཀྱི་ཡུལ་གཞན་གྱི་སྒྲ་སྙན་དང་ཁྱད་པར་ཆེན་པོ་ཡོད། ང་ཚོའི་རྒྱུད་དབྱངས་སྒྲ་སྙན་གྱི་ཁྱད་ཆོས་ཐད་ནས་བཤད་ན་སྣ་ཁ་དགུ་འཛོམས་དགོས་པ་སྟེ། ཤིང་སྣ་མི་གཅིག་སྣ་ཁ་གསུམ། སྒྲ་སྣ་མི་གཅིག་སྣ་ཁ་གསུམ། ཡུལ་སྣ་མ་གཅིག་ཡུལ་སྣ་གསུམ(ལྷུ་ལག་གི་བཟོ་དབྱིབས་ཀྱི་དཔེ་ཡུལ་དང་སྦྱར་བ)བཅས་ཁྱད་ཆོས་དགུ་ཚང་དགོས་ལ། བུད་མེད་ཚོའི་འཁྲབ་ཆས་ལའང་དེ་བཞིན་དུ་རྒྱུ་ཆ་དང་ཚོས་སྣ་མི་གཅིག་པ་དགུ་འཛོམས་དགོས་པ་མ་ཟད། གཞས་སྣར་ཆ་བཞག་ནའང་དཔེ་མཚོན་འོས་པའི་གཞས་སྣ་མི་འདྲ་བ་སྣ་ཁ་དགུ་ཡོད། གཞས་ཀྱི་ནང་དོན་ལ་མཚོན་ན་སྐྱེས་ཆེན་དམ་པར་བསྟོད་པ་དང་། གནས་རི་གནས་བཟང་ལ་བསྟོད་པ། བཀྲ་ཤིས་དགེ་མཚན་གླེང་བ། དེ་བཞིན་ཡུལ་དང་གནས་སྐབས་དང་བསྟུན་ནས་ཐོལ་བྱུང་དུ་ལེན་པ་སོགས་ཡོད་ཅེས་གསུངས།
རྒྱུད་དབྱངས་རྒྱུན་འཛིན་པ་སྐལ་བཟང་ནོར་བུ།
       གོང་དུ་སྐལ་བཟང་ནོར་བུ་ལགས་ནས་སྒྲ་སྙན་དེ་བཟོ་བར་ཤིང་མ་གཅིག་ཤིང་སྣ་གསུམ་དགོས་ཞེས་པ་དེ་ནི། སྒྲ་སྙན་དེའི་ལྷུ་ལག་ཁག་ཤིང་མི་འདྲ་བ་སྤྱད་ནས་བཟོ་བ་སྟེ། ཤིང་སྟག་མ་དང་། ཤུག་པ། གླང་མ་བཅས་སྤྱད་ནས་བཟོ་བའི་དོན་དང་། དབྱིབས་མ་གཅིག་དབྱིབས་སྣ་གསུམ་ཞེས་པ་ནི། སྒྲ་སྙན་དེའི་གྲུབ་ཆ་ཁག་གི་བཟོ་དབྱིབས་མི་འདྲ་བར་གཞིགས་ནས་མིང་མི་འདྲ་བ་བཏགས་པ་ཞིག་སྟེ། དེ་ཡང་རྫིང་ཆེན་གྱི་མིང་དུ་རྒྱ་མཚོ་ཆེན་མོའི་ཆགས་སྟངས་ཞེས་བྱ་བ། རྫིང་ཆུང་གྲུ་བཞི་ནར་རིང་དེའི་སྨད་ཆའི་གཞོགས་གཉིས་ཀྱི་ཤིང་སྒོར་དབྱིབས་དེར་ས་གཞི་གསེར་གྱི་མེ་ལོང་གི་ཆགས་སྟངས་ཞེས་ཟེར་བ། རྫིང་ཆུང་གྲུ་བཞི་ནར་རིང་གི་སྟོད་ཆའི་གཞོགས་གཉིས་ཀྱི་ཤིང་རྩེ་སྙུང་བཞི་པོར་ས་གཞི་པདྨ་འདབ་བརྒྱད་ཀྱི་ཆགས་སྟངས་ཞེས་ཟེར་བའི་དོན་ཡིན་པ། ད་དུང་སྒྲ་མ་གཅིག་སྒྲ་སྣ་གསུམ་ཞེས་པ་དེ་ནི་སྒྲ་སྙན་དེའི་རྒྱུད་སྐུད་ཀྱི་སྒྲ་མཐོ་དམན་ལ་དབྱེ་ན་ཕོ་སྐད་དང་། མོ་སྐད། འབྲིང་སྐད་ཅེས་པ་སྟེ། སྒྲ་དམའ་བ་དང་། མཐོ་བ། འབྲིང་བ་བཅས་ཡོད་པའི་དོན་ཡིན།
       རྒྱུད་དབྱངས་དཀྲོལ་གཏོང་གི་གདངས་དབྱངས་ནི་གཙོ་ཆེར་ལྔ་ལྡན་གཏགས་རྣམ་གྱི་གཏགས་རྣམ6. 2. 5ཡིན་ཞིང་། དེའི་ནང་སྡེ་རོང་གི་པི་གཞས་དང་སྐོར་བྲོའི་ཉམས་ཆོས་ཉམས་ལེན་བྱས་ཡོད་པར་བཤད། རྒྱུད་དབྱངས་ཀྱི་གླུ་གཞས་ལེན་སྐབས་ཕོ་སྒྲ་བརྗིད་ལ་ལྷིང་བ་རྒྱ་མཚོ་འཁྱིལ་བའི་ངང་ཚུལ་ཅན་དང་། མོ་སྒྲ་གསང་ལ་འཚེར་བས་ཤང་ཤང་རྒྱུག་ཆུའི་ངང་ཚུལ་དང་ལྡན་ཞིང་། ཞབས་བྲོ་འཁྲབ་སྐབས་ཀྱང་སྐྱེས་པ་དག་གི་སྟངས་སྟབས་གཤོགས་ཆེ་ཞིང་། བུད་མེད་རྣམས་ཀྱི་སྟངས་སྟབས་ལྡེམ་འགྱུར་དང་ལྡན་པ། ཕོ་མོ་མཉམ་སྡེབ་ཀྱིས་འཁྲབ་སྐབས་འགྱིང་མཆོར་གྱི་ཉམས་འགྱུར་སྣ་ཚོགས་པ་སྟོན་པ་དེ་དག་མཐོང་བའི་ཚེ་ན་ང་ཚོའི་ཡིད་ཀྱི་མཚོ་མོའི་ངོས་སུ་འཆར་ཡན་གྱི་རླབས་རིས་མང་པོ་གཅིག་རྗེས་གཉིས་མཐུད་དུ་འཕྱུར་བར་བྱེད།
རྒྱུད་དབྱངས་རྒྱུན་འཛིན་པ་ཐུབ་བསྟན་ཚེ་རིང་།
       དེ་ལྟ་བུའི་གླུ་གར་གྱི་རྣམ་པ་དེ་རྒྱུན་འཛིན་གང་འདྲ་ཐུབ་ཡོད་མེད་སྐོར་ལ། མངོན་མིན་རིག་གནས་ཤུལ་བཞག་ལས་སྡེ་རོང་རྒྱུད་དབྱངས་ཀྱི་རྫོང་རིམ་པའི་རྒྱུན་འཛིན་པ། སྡེ་རོང་རྫོང་ཞོལ་ལུང་ཤང་གི་གྲོང་མི་ཐུབ་བསྟན་ཚེ་རིང་གིས། མིག་སྔར་སྡེ་རོང་རྫོང་དང་ཞོལ་ལུང་ཤང་གི་འབྲེལ་ཡོད་ཚན་པའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་དང་། ལྷག་པར་དུ་གྲོང་མི་རྣམས་ནས་འབད་པ་ལྷུར་ལེན་བྱས་པའི་འོག ད་ལྟ་ང་ཚོའི་གྲོང་ཚོའི་ནང་རྒྱུད་དབྱངས་འཁྲབ་མི་ཤེས་མཁན་མེད་ལ། ན་གཞོན་ཁྲོད་དུ་སྒྲ་སྙན་ཧ་ཅང་དཀྲོལ་མཁས་པོ་དེ་འདྲ་ཡང་ཡོད། བྱིས་པ་ལོ་བཅུ་གཅིག་ལ་སོན་ཙམ་གྱིས་སྒྲ་སྙན་དཀྲོལ་ཤེས་ཀྱི་ཡོད། ནམ་རྒྱུན་བྱིས་པ་རྣམས་གུང་གསེང་གཏོང་སྐབས་མཉམ་དུ་འཁྲབ་སྦྱོང་བྱེད་ཀྱི་ཡོད། ལོ་གསར་སོགས་ཀྱི་སྐབས་སུ་གྲོང་མི་རྣམས་མཉམ་དུ་འཛོམས་ནས་རྒྱུད་དབྱངས་འཁྲབ་སྟོན་བྱེད་ཀྱི་ཡོད་ཅེས་གསུངས།
       ལོ་རྒྱུས་ཀྱི་ཆབ་རྒྱུན་རིང་མོའི་ཁྲོད་རྒྱུད་དབྱངས་སྒྲ་སྙན་གྱིས་ས་གནས་ད་གའི་མང་ཚོགས་ཀྱི་རིག་གནས་འཚོ་བར་སྒྱུ་རྩལ་གྱི་རྒྱགས་ཕྱེས་ཕྱུག་པར་བྱས་ཡོད་ལ། དུས་ཡུན་རིང་པོའི་ནང་ཡུལ་དེའི་མི་རྣམས་ནས་རྒྱུད་དབྱངས་ཀྱི་འགྱུར་ཁུག་ལམ་ནས་ནང་སེམས་ཀྱི་ཚོར་བ་སྣ་ཚོགས་མཚོན་པར་བྱས་ཤིང་། གང་དེ་ཁོ་ཚོའི་དགའ་བའི་དགའ་རོགས་དང་སྐྱོ་བའི་སྐྱོ་རོགས་སུ་གྱུར་ཡོད། རྒྱུད་དབྱངས་འདི་ཉིད་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པ་མ་ཟད། ཡུལ་དེའི་མང་ཚོགས་ཀྱི་བསམ་བློ་དང་བརྩེ་སེམས་ཀྱི་གཞི་རྟེན་ཞིག་ཀྱང་ཡིན་པས། དེ་ལྟ་བུའི་སྒྱུ་རྩལ་གྱི་ཉིང་བཅུད་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ནི་དགོས་པ་བླ་ལྷག་ལྡན་པ་ཞིག་གོ །
འབྲེལ་ཡོད་འོས་སྦྱོར།