logo

​བོད་ཀྱི་སྲོལ་རྒྱུན་རོལ་མོ་སྒྲ་སྙན་གྱི་རྒྱུད་དང་སྐད་ཀྱི་སྐོར།

རྩོམ་པ་པོ།:སྐལ་བཟང་ཕུན་ཚོགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-12-11 ཀློག་གྲངས།:
བོད་ཀྱི་སྲོལ་རྒྱུན་རོལ་མོ་སྒྲ་སྙན་གྱི་རྒྱུད་དང་སྐད་ཀྱི་སྐོར་ལ་རགས་ཙམ་དཔྱད་པ།
སྐལ་བཟང་ཕུན་ཚོགས།

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་བོད་ཀྱི་སྲོལ་རྒྱུན་རོལ་མོ་སྒྲ་སྙན་སྐོར་ལ་རྩོམ་པ་པོས་ལོ་མང་རིང་ས་ཡུལ་དངོས་ལ་རྟོག་ཞིབ་དང་དམངས་ཁྲོད་སྒྱུ་རྩལ་པའི་ཁྲོད་ནས་སློབ་སྦྱོང་། དེ་མིན་དངོས་སུ་སློབ་ཁྲིད་ཀྱི་ཉམས་མྱོང་དང་ཚོད་ལྟའི་ལམ་ནས་ཐོབ་པའི་སྒྲ་སྙན་གྱི་རྒྱུད་མང་ཉུང་དང་སྐད་བསྒྲིགས་སྟངས། ཡུལ་སོ་སོའི་མིའི་མགྲིན་པ་དང་མཐུན་པའི་སྐད་སའི་འདེམས་སྤྱོད་བྱེད་ལུགས་སོགས་ལ་རང་ལུགས་ཀྱི་དཔྱད་གཏམ་ཕྲན་བུ་སྤེལ་འདུག་ལ། དེབ་ཐེར་མིག་ཡིད་རྣ་བའི་དགའ་སྟོན་འགུག་པའི་ལྕགས་ཀྱོ་ཞེས་པའི་གར་གྱི་རྩ་འཛིན་ཡིག་ཚག་དེ་རྒྱབ་བརྟེན་དུ་བྱས་ནས་རྒྱུད་བརྒྱད་ལྡན་གྱི་སྒྲ་སྙན་སྐོར་རགས་ཙམ་གླེང་འདུག
བརྡ་ཆད་གཙོ་བོ། སྲོལ་རྒྱུན། སྒྲ་སྙན། རྒྱུད་གྲངས། སྒྲ་བསྒྲིགས་སྟངས། སྐད་ས།

       བོད་མི་རིགས་འདི་ནི་གླུ་དང་གར་ལ་སོགས་པ་རོལ་མོའི་སྒྱུ་རྩལ་ལ་དད་ཞེན་ཆེ་ཞིང་གླུ་གར་འཁྲབ་གཏོང་དང་གསར་གཏོད་བྱེད་པའི་ནུས་པར་མ་དབུལ་པའི་མི་རིགས་ཤིག་ཡིན་པ་ནི་འཇིག་རྟེན་ཀུན་ཏུ་གྲགས། ལོ་ངོ་ཁྲི་སྟོང་མང་པོ་འདས་པའི་ལོ་རྒྱུས་ཀྱི་ཆབ་རྒྱུན་ནང་དུ་ལས་ལ་བརྩོན་ཞིང་ཡ་རབས་སྤྱོད་བཟང་དང་ལྡན་པའི་བོད་མི་རང་གི་འཚོ་གནས་བྱེད་པའི་ཁོར་ཡུག་དང་འཚམས་ཤིང་སོ་སོའི་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་མངོན་པའི་ཤོན་དང་གར། རྒྱ་གཞས་དང་རྔ་བྲོ། སྟོད་གཞས་དང་ནང་མ། མཆོད་པ་བྲོ་དང་མདའ་གླུ། གཞས་ཆེན་དང་ཨར་གཞས། གིང་དང་འཆམ། སྒོར་བྲོ་དང་རལ་པ་ལ་སོགས་གླུ་གར་གྱི་རིགས་དང་། དེ་བཞིན་མགུར་དང་གཅོད། རྦད་དང་ལྗགས་སྐྱེམ། གྲལ་གླུ་དང་གཉེན་གླུ། ཆང་གཞས་དང་ལ་གླུ་སོགས་དམངས་གཞས་ཀྱི་རྣམ་གྲངས་དུ་མ་སྐྱེད་བསྲིང་བྱས་ཡོད་ལ་དེ་དང་འཚམས་པའི་རོལ་མོའི་ཚོགས་རྔ་དང་སྦུབ། དུང་ཆེན་དང་རྒྱ་གླིང་། པི་ཝང་དང་ཙེལ་ཙེལ། གླིང་བུ་དང་སྒྲ་སྙན་སོགས་དུ་མ་དར་ཁྱབ་བྱུང་ཡོད། དེའི་ནང་ནས་གངས་ལྗོངས་རོལ་མོའི་རྒྱན་ལྟར་འགྱུར་བའི་སོར་དཀྲོལ་རོལ་མོ་སྒྲ་སྙན་འདི་ནི་བོད་པའི་རིག་གནས་ཀྱི་མཚོན་བྱེད་དམ་ཕྱག་མཚན་གྱི་ནུས་པ་དང་ལྡན་པའི་དམངས་སྤྱོད་རོལ་ཆས་ཤིག་ཡིན། སྒྲ་སྙན་དེ་ལ་ཡང་རིགས་མི་འདྲ་བའི་དབང་གིས་གཟུགས་དབྱིབས་དང་རྒྱུད་ཀྱི་གྲངས་མི་འདྲ་བ་ཡོད་ལ། རྒྱུད་ཚོ་སོ་སོའི་སྐད་བསྒྲིགས་ལུགས་ལའང་ཁྱད་པར་ཡོད་པ་མ་ཟད་ཡུལ་སོ་སོའི་རོལ་དབྱངས་ཀྱི་རྣམ་པ་དང་མིའི་སྐད་གཤིས་མི་འདྲ་བའི་རྐྱེན་གྱིས་རོལ་མོའི་སྐད་ས་འཛིན་སྤྱོད་བྱེད་ཐབས་མི་འདྲ་བ་སོགས་ཀྱི་ཁྱད་ཆོས་དུ་མ་ལྡན་ཡོད་དེ།
དང་པོ། སྒྲ་སྙན་མི་འདྲ་བའི་རྒྱུད་གྲངས་མང་ཉུང་སྐོར།
       དེ་ཡང་དེབ་ཐེར་མིག་ཡིད་རྣ་བའི་དགའ་སྟོན་འགུག་པའི་ལྕགས་ཀྱོ་ལས། རོལ་མོ་དེ་རིགས་ལ་རྒྱུད་ཀྱི་གྲངས་བཅུ་དྲུག་དང་ཉི་ཤུ། བརྒྱད་ལ་སོགས་པ་ཇི་སྙེད་ཡོད་པར་གསུང་ཡང་ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་པ་དང་ང་ཚོས་བེད་སྤྱོད་བྱེད་མུས་སུ་ཡིན་པའི་སྒྲ་སྙན་དེ་ལ་རྒྱུད་ཀྱི་གྲངས་མང་ཉུང་མི་འདྲ་བའི་ཐད་ནས་གཙོ་བོ་རྒྱུད་དྲུག་ལྡན་དང་རྒྱུད་གསུམ་ཅན་གཉིས་སུ་དབྱེ་ན་བདེན་གཏམ་དུ་བསམ། དེ་ཡང་རྒྱུད་དྲུག་པ་ནི་སྟོད་མངའ་རིས་དང་ལ་སྟོད་ལྷོ་བྱང་གཉིས། དེ་བཞིན་གཙང་མྱང་སྟོད་མྱང་སྨད་དང་ཤངས་ཡུལ། དབུས་སྐྱིད་ཤོད་ལྷ་ས་དང་ལྷོ་ཁ་ཁུལ། དེ་མིན་ཤར་དྭགས་པོ་དང་ཀོང་པོའི་ཡུལ་སོགས་གཙོ་བོར་བྱས་པའི་རོང་ས་ཁག་དང་མདོ་སྨད་ཨ་མདོ་ཁུལ་གྱི་ས་གནས་ཁག་གཅིག་ཏུ་དར་ཁྱབ་བྱེད་པ་དང་རྒྱུད་གསུམ་པ་ནི་ཁམས་ཡུལ་ཟླ་ཆུའི་ཞུར་རྒྱུན་གྱི་ཆུ་ཚྭ་ཁ་སོགས་སུ་དར་ཁྱབ་བྱེད་མུས་སུ་འདུག སྔོན་གྱི་དུས་སུ་རྒྱུད་བདུན་པ་ཞིག་ཡོད་པ་དེ་ནི་སྔོན་ཕོ་བྲང་ནང་གི་གར་པས་གར་གླུ་གཏོང་སྐབས་རམ་དཀྲོལ་བྱེད་པའི་རོལ་ཆའི་ནང་དུ་སོར་མོས་དཀྲོལ་བའི་སྒྲ་སྙན་ནང་སྐུད་ཟངས་རྒྱུ་ལས་བྱས་པ་ཞིག་ཡོད་པ་རྗེས་སུ་གར་དཔོན་སྐུ་ཐོག་བཅུ་བཞི་པ་པ་སངས་དོན་གྲུབ་མཆོག་གར་དཔོན་གནང་བའི་སྐུ་དུས་སུ་རྒྱུད་དྲུག་པས་ཚབ་བྱས་ནས་དུས་རབས་ཉི་ཤུའི་དུས་མཇུག་སུ་དེ་སྤྱོད་སྲོལ་མེད་པར་གསུང་། ཡང་ཞོལ་ཁང་བསོད་ནམས་དར་རྒྱས་ལགས་ཀྱི་གསུང་རྩོམ་གངས་ཁྲོད་ས་མཐོའི་མི་རིགས་རོལ་ཆ་རྒོད་པོ་སྟེ་སྒྲ་སྙན་ལ་རགས་ཙམ་དཔྱད་པ་ཞེས་པའི་ནང་། དེང་སང་འབྲུག་ཡུལ་གྱི་སྒྲ་སྙན་རྒྱུད་བདུན་པ་ལས་མང་བ་མཐོང་རྒྱུ་མེད།[1]ཅེས་གསུང་འདུག་པར་གཞིགས་ན་འབྲུག་ཡུལ་ལ་སྒྲ་སྙན་རྒྱུད་བདུན་པ་དར་མྱོང་ཡོད་པར་བསམས། ད་ལྟ་མཐོང་ཐོས་སུ་འགྱུར་བའི་འབྲུག་པའི་སྒྲ་སྙན་རྒྱུད་བདུན་པའི་གཅོད་ཕུར་ལག་འཇུའི་འོག་ཏུ་ཡོད་པ་དེ་རིགས་བོད་ཀྱི་ས་གནས་གཞན་དུ་སྤྱོད་སྲོལ་མ་མཐོང་བས་རང་རིགས་ཀྱི་ལུགས་བཟང་ཡིན་མིན་ལ་མུ་མཐུད་དཔྱད་པའི་དགོས་པ་ཆེར་མཐོང་། གཞན་ཡང་དེ་སྔ་རྗེ་ཙོང་ཁ་པ་ཆེན་པོའི་དགོངས་རྫོགས་མཆོད་སྤྲིན་ཚོགས་མཆོད་སེར་སྦྲེང་ཞེས་ལོ་རེའི་བོད་ཟླ༢པའི་ཚེས༣༠ཉིན་སེ་འབྲས་དགའ་གསུམ་དགོན་ལག་དང་བཅས་པའི་དགེ་འདུན་པ་ཚོས་དངོས་རིགས་འདྲ་མིན་རེ་ཕྱག་ཏུ་བསྣམས་ཏེ་སྐད་སྣ་གང་བྱུང་དཀྲོལ་གཏོང་བྱེད་བཞིན་པར་གཙུག་ལག་ཁང་ནས་གླིང་སྐོར་དང་བར་སྐོར་ཧྲིལ་པོར་མང་ཚོགས་ལ་འགྲེམས་སྟོན་བྱེད་པར་ཕེབས་གྲས་སྒྲ་སྙན་དེ་ཚོར་རྒྱུད་ཀྱང་མང་ཉུང་སྣ་ཚོགས་ཤིག་འདུག་ཅེས་གསུངས། དེར་བརྟེན་གོང་དུ་གསུངས་པ་དེ་རྣམས་ལས་བོད་འདིར་ཕོ་བྲང་གར་པ་དང་དམངས་ཁྲོད་གཉིས་ཀར་སྒྲ་སྙན་རྒྱུད་བདུན་པ་འདི་དར་སྲོལ་བྱེད་མྱོང་ཡོད་པ་སྒྲུབ་མོད། ཡིན་ན་ཡང་མིག་ཡིད་རྣ་བའི་དགའ་སྟོན་འགུག་པའི་ལྕགས་ཀྱོ་ཞེས་པའི་གར་གྱི་རྩ་ཚིག་ནང་དུ་བཀོད་པའི་དབྱངས་ཡིག་ནི་རྒྱུད་བརྒྱད་པ་ཡིན་པར་སེམས། གང་ལགས་ཤེ་ན། དེབ་ཐེར་དེའི་ནང་མངའ་རིས་པ་རྣམས་རྒོད་པོར་གྲགས་པའི་རྒྱུད་དྲུག་པ་ཕྲ་སྦོམ་འབྲིང་གསུམ་གྱི་སྐད་སྣ་གསུམ་དང་གཉིས་མེད་ཕྲ་སྦོམ་ཟུང་འཇུག་གི་སྤྱང་ཀིར་གྲགས་པ་དབྱེ་བ་བཞིར་ཕྱེ་བ་འདི་ཉིད[2]ཅེས་ཁོད་པ་ལས་མངའ་རིས་པ་རྣམས་ཀྱིས་རྒོད་པོར་གྲགས་པའི་རྒྱུད་དྲུག་པ་འདི་ད་ལྟ་མཐོང་རྒྱུ་ཡོད་པའི་གསག་བསྒྲིགས་ཀྱི་སྒྲ་སྙན་དེ་དང་གཅིག་མཚུངས་ཡིན་ཞིང་ཕྲ་སྤོམ་འབྲིང་གསུམ་ནི་ཕོ་སྐད་དང་བར་སྐད། མོ་སྐད་བཅས་སྐད་སྣ་གསུམ་སྟེ། དབྱངས་མིངAA dd ggདང་། གཉིས་མེད་ཕྲ་སྦོམ་ཟུང་འཇུག་གི་སྤྱང་ཀིར་གྲགས་པ་དབྱེ་བ་བཞིར་ཕྱེ་བ་ཞེས་པ་དེ་ནི་རྒྱུད་དྲུག་པོ་དེའི་རྨང་གཞིའི་ཐོག་སྐད་གཞི་གཉིས་སུ་མེད་པ་དང་དབྱངས་མིང་གཅིག་མཚུངས་ཡིན་ལ་སྐད་ཕྲ་སྦོམ་མི་འདྲ་ཞིང་དཀྱུས་རིམ་བརྒྱད་ཀྱི་དབྱེ་བ་ཡོད་པའིGgརྒྱུད་གཉིས་བསྡོམས་པས་རྒྱུད་བརྒྱད་ཅན་ཞིག་ཡིན་པར་སེམས། ཅིའི་ཕྱིར་ཞེ་ན་གཉིས་མེད་ཕྲ་སྦོམ་ཟུང་འཇུག་ཅེས་པའི་ཚིག་དུམ་འདིའི་ནང་གི་གཉིས་མེད་ཅེས་པ་འདིའི་དོན་ལ་དངོས་པོ་གཉིས་ཡོད་པ་གང་ཞིག་ལ་ངོ་བོ་ཧ་ཅང་འདྲ་པོ་ཡོད་པའམ་འདྲ་བ་ཞིག་ཡིན་པ་དང་། ཡང་ཕྲ་སྦོམ་ཞེས་སྐད་ཕྲ་བ་གཅིག་དང་སྦོམ་པ་གཅིག་བཅས་རྒྱུད་གཉིས་ཡོད་དགོས་པ་ཡིན། དེ་བཞིན་ཟུང་འཇུག་ཅེས་པ་དངོས་པོ་གཉིས་ཡོད་པའི་རྨང་གཞིའི་སྟེང་ལ་མཉམ་དུ་ཟུང་འབྲེལ་བྱས་ནས་འཇུག་དགོས་པ་ལྟ་བུར་གོ་ཐུབ་བོ། །དེར་བརྟེན་གཉིས་མེད་ཕྲ་སྦོམ་ཟུང་འཇུག་གི་སྤྱང་ཀིར་གྲགས་པ་དབྱེ་བ་བཞིར་ཕྱེ་བ་ཞེས་པའི་ཚིག་དུམ་དེར་ངོ་བོ་གཅིག་མཚུངས་ཡིན་པའི་ཕྲ་སྦོམ་མི་འདྲ་བའི་རྒྱུད་གཉིས་ཟུང་འབྲེལ་ངང་མཉམ་དུ་འཇུག་པར་བྱེད་པའི་རྒྱུད་མིང་སྤྱང་ཀིར་གྲགས་པ་འདི་རྩིས་པས་དབྱེ་བ་བཞིར་ཕྱེ་བར་གོ་དགོས་སྙམ། གཞན་ཡང་རྒྱུད་བཅུ་དྲུག་པ། ཉི་ཤུ་པ། བརྒྱད་པ་བཅས་དམིགས་སུ་བཀར་ནས་གསུངས་པ་འདི་ཡང་དེབ་ཐེར་མིག་ཡིད་རྣ་བའི་དགའ་སྟོན་ནང་གི་དབྱངས་ཡིག་ཏུ་བཀོད་པར་བེད་སྤྱོད་བྱེད་པའི་སྒྲ་སྙན་དེ་ནི་དེབ་ཐེར་དེ་རང་དུ་གསུང་པའི་རྒྱུད་གྲངས་མི་འདྲ་བའི་སྒྲ་སྙན་ཁག་བཞིའི་ནང་གི་རྒྱུད་བརྒྱད་ཅན་ཡིན་པའི་རྒྱུ་མཚན་དུ་མཐོང་། དེས་ན་ལོ་ངོ་སུམ་རྒྱའི་སྔ་རོལ་ན་བོད་འདིར་སྒྲ་སྙན་གྱི་རིགས་མི་འདྲ་བ་མང་པོ་གཅིག་དར་ཡོད་པ་མ་ཟད་རྒྱུད་བརྒྱད་པ་འདི་སྐབས་དེའི་རྒྱུད་ལྡན་རོལ་མོའི་ཚོགས་ཀྱི་ནང་ནས་དམིགས་བསལ་ཅན་དང་གལ་ཆེན་ཞིག་ཡིན་པར་གོར་མ་ཆག དེའི་སྐོར་ལ་གུས་པའི་དགེ་རྒན་དམ་པ་དགེ་འདུན་འཕེལ་རྒྱས་ལགས་ཀྱིས་གཙོ་བསྒྲིགས་གནང་བའི་བོད་ཀྱི་གནའ་བོའི་དབྱངས་ཡིག་ཞིབ་འཇུག[3]ཅེས་པའི་ནང་གི་དབྱངས་ཡིག་ཕབ་འགྱུར་བྱེད་པའི་སྒྲ་སྙན་དེ་རྒྱུད་བདུན་པ་ཡིན་ཅིང་རྒྱུད་སྤྱང་གཏོང་དབྱངས་རྟགསGདང་ཕོ་སྐད་རྒྱུད་གཉིས་དབྱངས་རྟགསAAཡིན་ལ་བར་སྐད་རྒྱུད་གཉིས་དབྱངས་རྟགསddདང་མོ་སྐད་རྒྱུད་གཉིས་དབྱངས་རྟགསggབཅས་དབྱེ་བ་བཞིར་ཕྱེ་བ་འདི་དང་གོང་གི་རང་ལུགས་རྒྱུད་བརྒྱད་པ་འདི་གཉིས་ལ་འགལ་བ་མེད་དེ། སྤྱང་ཀིར་གྲགས་པའི་རྒྱུད་དེ་གཅིག་ཡིན་དང་གཉིས་ཡིན་མིན་གྱི་དབྱེ་བ་དང་དེར་ཕྲ་སྦོམ་གྱི་སྐད་སྣ་གཉིས་ཡོད་མིན་ཙམ་ལས་དཀྲོལ་གཏོང་གི་མཐེབ་གནས་དང་སྤྱིའི་སྐད་གདངས་ལ་འགྱུར་བ་མེད་པ་ལྟ་བུ་རེད། ཡིན་ནའང་འདིར་གསལ་བཤད་ཞུ་དགོས་པ་ཞིག་ལ་སྤྱང་ཀིར་གྲགས་པའི་རྒྱུད་འདིར་རྒྱུད་གཞན་དང་འདྲ་བར་རྒྱུད་སྟོང་གི་སྐད་སྣ་གཅིག་དང་མཐེབ་གནས་གཉིས་ལ་སྐད་སྣ་རེ་རེ་བྱས་པས་རྒྱུད་འདིར་ཡང་སྐད་སྣ་གསུམ་དཀྲོལ་གཏོང་བྱེད་སྲོལ་ཡོད་པ་སྨྲོས་མ་དགོས་པ་ཡིན་ཏེ། མིག་ཡིད་རྣ་བའི་དགའ་སྟོན་ནང་དུ་སྤྱང་སྟོང་དང་སྤྱང་མཛུབ། སྤྱང་སྲིན་བཅས་སྐད་སྣ་གསུམ་ཡོད་པའི་ཕྱིར་རོ། །དེས་ན་འབྲུག་པའི་སྒྲ་སྙན་དེའི་གཅོད་ཕུར་གཅིག་ལག་འཇུའི་འོག་དུ་ཡོད་པ་དེའི་ཐོག་ནས་སྒྲའི་མཐུག་ཚད་དང་སྒྲ་བསྐྱེད་ཆེ་རུ་གཏོང་བའི་ནུས་པ་ཙམ་ལས་རྒྱུད་ཚོ་ཁག་བཞིར་ཕྱེ་ཡོད་ཀྱང་མཐེབ་གནས་སྤྱོད་རྒྱུ་མེད་པས་སྒྲ་སྙན་དེ་གཉིས་ཁག་ཁག་ཡིན་པ་གསལ་པོ་རེད་འདུག
གཉིས་པ། སྒྲ་སྙན་མི་འདྲ་བའི་རྒྱུད་སྒྲ་བསྒྲིགས་སྟངས་སྐོར།
       སྒྲ་སྙན་གྱི་སྒྲ་བསྒྲིགས་ཐབས་ཀྱི་དབྱེ་བ་ནི་རྒྱུད་སྟོང་གི་སྐད་སྣ་མི་འདྲ་བའི་རྒྱུད་ཚོ་མང་ཉུང་ལ་ལྟོས་པས་མི་འདྲ་བ་ཡིན་ཏེ། དེ་རྣམས་ཀྱང་ད་ལྟ་བོད་ཀྱི་ས་གནས་ཁག་ལ་དར་སྤྱོད་བྱེད་བཞིན་པའི་སྲོལ་རྒྱུན་སྒྲ་སྙན་གྱི་རིགས་དང་ལོ་རྒྱུས་དེབ་ཐེར་ཁག་ཏུ་འཁོད་པའི་སྒྲ་སྙན་གྱི་རིགས། དེ་བཞིན་ཕྱིས་སུ་བསྒྱུར་བཟོ་བྱས་པའི་སྒྲ་སྙན་ཀྱི་རིགས་བཅས་གསུམ་དུ་དབྱེ་ན་ཆོག དེ་ཡང་ལོ་རྒྱུས་དེབ་ཐེར་ཁག་ལ་གསལ་བའི་སྒྲ་སྙན་གྱི་རིགས་མང་པོ་ཞིག་ཡོད་དེ། རྒྱ་བོད་ཀྱི་ནོར་རྫས་ཀྱི་རིས་བརྟགས་ཤིང་དཔྱད་པའི་དཔྱད་དོན་ཡིད་ཀྱི་འདོད་འཇོ་ལས། རྒྱུད་ལས་སྐྱེས་པ་ཏམྦུ་ར་ཡི་ཚོགས། རྒྱུད་གཅིག་ནས་ནི་རྒྱུད་བརྒྱའི་བར་དུ་བརྩིགས།[4]ཞེས་རྒྱུད་གྲངས་མང་ཉུང་མི་འདྲ་བའི་རོལ་ཆས་དུ་མ་ཡོད་པར་གསལ་ཡང་རྒྱུད་ལྡན་རོལ་མོ་དེ་རིགས་དངོས་སུ་མཇལ་བའི་སྐལ་བ་མ་ཐོབ་རྐྱེན་འདིར་ཐ་ཚིག་འཇོག་པའི་ནུས་པ་དང་བྲལ། དེ་ནས་བསྒྱུར་བཟོས་བྱས་པའི་སྒྲ་སྙན་གྱི་རིགས་ལ་རྒྱུད་གྲངས་བརྒྱད་ལྡན་གཅིག་དང་བདུན་ལྡན་གཅིག་ཡོད་པ་ལས་རྒྱུད་བརྒྱད་ལྡན་དེ་ནི་སྲོལ་རྒྱུན་སྒྲ་སྙན་གསག་བསྒྲིགས་ཀྱི་རྨང་གཞིའི་ཐོག་སྒྲ་དམའ་སར་ཕོ་སྐད་ལས་དཀྱུས་རིམ་བཞི་ཡི་སྦོམ་པའི་རྒྱུད་གཅིག་དང་། སྒྲ་མཐོ་སར་མོ་སྐད་ལས་དཀྱུས་རིམ་བཞི་ཡི་མཐོ་བའི་རྒྱུད་གཅིག་ཁ་སྣོན་བྱས་ཏེ་རྒྱུད་སྟོང་ལ་དབྱངས་མིངE AA dd gg c1བཅས་སྐད་སྣ་ལྔ་ལས་གྲུབ་ཅིང་དེ་རྣམས་ལ་མཐེབ་གནས་གཉིས་རེ་བྱས་པས་སྦར་གནས་གཅིག་ནང་སྒྲ་སྣ་བཅོ་ལྔ་དཀྲོལ་ནུས་པ་དབྱངས་ཡིག་ཏུ་ཕབ་ན་འདི་ལྟར།
       གཞན་ཡང་སྲོལ་རྒྱུན་སྒྲ་སྙན་གསག་བསྒྲིགས་ཀྱི་དམངས་གཞིའི་ཐོག་སྒྲ་མཐོ་སར་མོ་སྐད་ལས་དཀྱུས་རིམ་བཞི་ཡི་མཐོ་བའི་རྒྱུད་གཅིག་ཁ་སྣོན་བྱས་ཏེ་རྒྱུད་སྟོང་ལ་དབྱངས་མིངAA dd gg c1བཅས་རྒྱུད་ཚོ་ཁག་བཞིར་ཕྱེ་ཡོད་ཅིང་སྦར་གནས་གཅིག་ནང་སྐད་སྣ་བཅུ་གཉིས་དཀྲོལ་ནུས་པ་དབྱངས་ཡིག་ཏུ་ཕབ་ན་འདི་ལྟར།
       སྒྲ་སྙན་དེ་གཉིས་བསྒྱུར་བཅོས་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་སྐད་སྣ་མང་དུ་གཏང་ནས་སྒྲའི་ཁྱབ་ཁོང་ཆེ་རུ་གཏོང་བ་དང་གདངས་བསྒྱུར་བྱེད་སླ་བའི་ཆེད་དུ་ཡིན་མོད། ཡིན་ནའང་རྒྱུད་སྐུད་ཀྱི་བཟོ་རྒྱུ་མི་འདྲ་བས་སྲོལ་རྒྱུན་སྒྲ་སྙན་གྱི་སྐད་གཤིས་དང་ཅུང་མི་འདྲ་བ་མ་ཟད་མཐེབ་རྩལ་དང་མཐེབ་གནས་ལ་འགྱུར་བ་ཡོད་རྐྱེན་ད་ལྟ་དངོས་སུ་བེད་སྤྱོད་པ་ཧ་ཅང་ཉུང་།
       དེ་མིན་དམངས་ཁྲོད་དུ་དར་ཁྱབ་བྱེད་མུས་སུ་ཡིན་པའི་སྲོལ་རྒྱུན་སྒྲ་སྙན་གྱི་རིགས་ནི་གོང་ཞུས་ལྟར་རྒྱུད་དྲུག་པ་དང་གསུམ་པ་གཉིས་རང་ཡིན་ཅིང་རྒྱུད་གྲངས་མི་འདྲ་ཡང་རྒྱུད་ཚོ་གསུམ་དུ་དབྱེ་བ་དང་རྒྱུད་ཚོ་སོ་སོའི་རྒྱུད་ཀྱི་གྲངས་མི་འདྲ་བ་ཙམ་ལས་སྐད་སྣ་ཕོ་སྐད། བར་སྐད། མོ་སྐད་གསུམ་རང་ལས་མེད་པ་ཡིན། དེར་སྒྲ་བསྒྲིགས་ཐབས་གཉིས་སུ་དབྱེ་ཆོག་སྟེ་མངའ་རིས་པ་རྣམས་ཀྱིས་རྒོད་པོར་གྲགས་པའི་སྒྲ་སྙན་དང་དིང་རི་ཁུལ་གྱི་སྒྲ་སྙན། དེ་བཞིན་ཀོང་པོ་ཁུལ་གྱི་སྒྲ་སྙན་དང་ཆབ་མདོའི་སྨར་ཁམས་ཁུལ་གྱི་རྒྱུད་གསུམ་ལྡན་གྱི་སྒྲ་སྙན། ཨ་མདོའི་སྒྲ་སྙན་བཅས་གསག་བསྒྲིགས་ཡིན་ཏེ། རྒྱུད་སྟོང་ཕོ་སྐད་ལ་དབྱངས་མིངAAདང་བར་སྐད་ལddམོ་སྐད་ལggབཅས་སྐད་སྣ་གསུམ་དང་སྦར་གནས་གཅིག་ནང་མཐེབ་གནས་གཉིས་སྤྱད་ན་གཤམ་གྱི་དབྱངས་ཡིག་ལྟར་སྐད་སྣ་དགུ་དང་རྒྱུད་མོ་སྐད་ཐོག་མཛུབ་ཆུང་མནན་པས་
       སྐད་སྣ་བཅུ་ཡོད་པར་ངོས་འཛིན་བྱེད་ཆོག དོན་དངོས་ལ་མཐེབ་གནས་གཉིས་ཀྱི་བར་ལ་སྒྲ་སྣ་གཞན་ཡོད་ཀྱང་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་ནང་སྤྱོད་པ་ཧ་ཅང་དཀོན་པས་འདིར་ཡིག་ཚོགས་ལ་འཇིགས་ཏེ་རྒྱས་པར་མི་སྤྲོས། སྒྲ་བསྒྲིགས་ཐབས་གཞན་དེ་ནི་ལྷ་རྩེ་དང་ངམ་རིང་སོགས་བྱང་གཞས་དར་ཁྱབ་བྱེད་ཁུལ་དང་ལྷ་སའི་སྒྲ་སྙན་དར་གནས་སུ་སྤྱོད་པའི་བོད་བསྒྲིགས་སམ་དབུས་བསྒྲིགས་ཟེར་བ་དེ་ཡིན། དེའི་རྒྱུད་གཏོང་ཕོ་སྐད་དང་བར་སྐད་གཉིས་གོང་གི་གསག་བསྒྲིགས་དང་གཅིག་མཚུངས་ཡིན་ན་ཡང་མོ་སྐད་ཀྱི་རྒྱུད་སྟོང་པའི་སྒྲ་གོང་གི་གསག་བསྒྲིགས་ལས་དཀྱུས་རིམ་བརྒྱད་ཀྱི་དམའ་བ་ཡོད་རྐྱེན་སྒྲའི་ཁྱབ་ཁོངས་ཆུང་དུ་ཕྱིན་ནས་རྒྱུན་སྤྱོད་ཀྱི་སྒྲ་སྣ་བདུན་དུ་གྱུར་ཡོད། དེ་ཡང་རྒྱུད་སྟོང་ཕོ་སྐད་ལ་དབྱངས་མིངAAདང་བར་སྐད་ལddམོ་སྐད་ལGGབཅས་ཆགས་ནས་མོ་སྐད་ཕོ་སྐད་ལས་དམའ་བས་རྒྱུད་མིང་གི་ཐ་སྙད་དང་མི་མཐུན་ལྟ་བུར་སྣང་། སྒྲ་སྙན་དེ་རིགས་གི་སྦར་གནས་གཅིག་ནང་མཐེབ་གནས་གཉིས་སྤྱད་པའི་དབྱངས་རིམ་གཤམ་གྱི་དབྱངས་ཡིག་ལྟར་ཡིན་ལ། 
       ལ་སྟོད་བྱང་ཁུལ་དུ་དར་བའི་སྒྲ་སྙན་ཞབས་བྲོ་ཉི་ཟླ་སྤང་གཞོང་གྲུ་བཞི་ལ་སོགས་པའི་དམིགས་བསལ་གྱི་གླུ་གར་རོལ་མོ་ཁ་ཤས་ལ་ངེས་པར་དུ་སྐད་ས་བསྒྱུར་ནས་དཀྲོལ་གཏོང་བྱ་དགོས་པའི་རྐྱེན་དང་མོ་སྐད་ཀྱི་རྒྱུད་ལ་མཐེབ་རྩག་སྤྱོད་པའི་དགོས་པ་སོགས་ལ་བརྟེན་ནས་མོ་མཛུབ་དང་མོ་སྲིན་གཉིས་ཀྱི་མཐེབ་སྤྱོད་པ་ལས་རྒྱུན་པར་མོ་སྐུད་སྟོང་དཀྲོལ་བྱེད་པ་ལས་མོ་མཛུབ་དང་མོ་སྲིན་གཉིས་ཀྱི་མཐེབ་གནས་སྤྱོད་པའི་དགོས་པ་ཆུང་བ་ལྟ་བུར་གྱུར་ཡོད། དེའི་རྒྱུ་མཚན་མཐེབ་གནས་འདི་གཉིས་ཀྱི་སྒྲ་ཕོ་སྐད་ཀྱི་རྒྱུད་ལས་དཀྲོལ་ནུས་པས་སོ། །ཡིན་ནའང་ཉི་ཟླ་སྤང་གཞོང་གྲུ་བཞི་ལ་སོགས་གཞས་རྙིང་ཁག་གཅིག་ལ་གདངས་འགྱུར་གྱི་རྣམ་པའི་ཐོག་ནས་དཀྲོལ་གཏོང་བྱེད་དགོས་པ་དང་དེ་ལྟར་བྱས་ན་གླུ་གར་འདི་ཉིད་ཀྱི་སོ་སོའི་ཁྱད་ཆོས་དང་བྲོ་བ་ལེགས་པར་འདོན་ནུས་པ་མ་ཟད། སྐད་སའི་མཐོ་དམའ་ཡང་མིའི་རྒྱུན་གཏན་གྱི་མགྲིན་པའི་སྐད་ས་དང་མཐུན་ཐུབ། དེ་མིན་སྟོད་གཞས་ཀྱི་འགོ་འཇོག་དང་མཇུག་འཇོག་གཉིས་ཀའི་གདངས་དབྱངས་གཏན་འཇག་ཡིན་ལ་སྐད་ས་བསྒྱུར་ནས་གཏོང་དགོས་པའི་སྲོལ་རྒྱུན་ད་ལྟ་ཡང་མུ་མཐུད་སྤྱོད་བཞིན་ཡོད་རྐྱེན་མཐེབ་གནས་མང་ཆེ་བ་རྒྱུད་བར་སྐད་དང་མོ་སྐད་གཉིས་ཐོག་མནན་དགོས་པ་ནི་སྨྲོས་མི་དགོས་པ་ཞིག་རེད། དེའི་ཐོག་ནས་གསག་བསྒྲིགས་དེ་དབུས་བསྒྲིགས་ལས་སྔ་བ་ཡིན་ཞིང་རྒྱུད་ཚོ་གསུམ་ལ་ཕོ་སྐད་དང་བར་སྐད། མོ་སྐད་བཅས་མིང་གི་ཐོག་ནས་ཀྱང་གསག་བསྒྲིགས་དེ་སྔར་ཡོད་སྲོལ་རྒྱུན་ཡིན་ཞིང་དབུས་བསྒྲིགས་དེ་དུས་ག་གེ་མོ་ཞིག་གི་རྗེས་ལ་དགོས་པའི་དབང་གིས་བསྒྱུར་བཟོས་བྱས་པ་ཞིག་ཡིན་པ་གསལ་པོ་རེད་འདུག
       འོ་ན་གཙང་ལ་སྟོད་བྱང་དང་ལྷ་སའི་ཁུལ་གྱི་སྒྲ་སྙན་གཉིས་ཡུལ་གཞན་རྣམས་དང་སྒྲ་བསྒྲིགས་ཚུལ་མི་འདྲ་བར་འགྱུར་བ་ཕྱིན་པའི་རྒྱུ་མཚན་གང་ཡིན་ཞེས་རང་ལུགས་ཀྱི་ལྟ་བ་བསྒྲུབ་ན། གཅིག་ནས་རྗེས་སུ་བོད་ཀྱི་གྲོང་ཁྱེར་ལྷ་ས་སོགས་སུ་ཡང་ཆིན་དང་སྨྱུག་གླིང་། ཅིན་ཧུའུ་དང་དལ་ཆིང་སོགས་རོལ་ཆ་མཉམ་གཏོང་གི་རྣམ་པ་དང་ཆ་རྐྱེན་སྒྲུབ་རྐྱེན་གླིང་བུ་དང་ཡང་ཆིན་སོགས་ལ་སྐད་སྣ་མཐོ་སའི་དབྱངས་འབུད་བརྡུང་གི་ནུས་པ་ཡོད་པ་དང་། རོལ་མོ་ཚོགས་པའི་ནང་གི་རོལ་ཆ་མི་འདྲ་བ་དེ་རྣམས་འཛོམས་པས་སྒྲའི་ཁྱབ་ཁོངས་དང་སྐད་གཤིས་ཕུན་སུམ་ཚོགས་སུ་ཕྱིན་ཕྱིར་རོལ་ཆ་སོ་སོའི་སྐད་གཤིས་ལ་བརྟེན་ནས་སོ་སོའི་སྐད་ས་འཛིན་པའམ་ཁྱད་ཆོས་མངོན་པ་བྱ་རྒྱུ་དེ་ནི་གལ་ཆེའི་དགོས་པ་ཞིག་ཏུ་གྱུར་ཡོད། དེར་བརྟེན་གླིང་བུ་དང་ཅིན་ཧུའུ་གཉིས་སྐད་གཤིས་གསང་བ་དང་སྒྲ་མཐོ་བ། ཡང་ཆིན་དང་དལ་ཆིང་གཉིས་སྐད་གཤིས་སྙོམ་ཞིང་སྒྲའི་མཐོ་དམའ་འབྲིང་ཙམ་ཡིན་པ། ད་དུང་གལ་སྲིད་སྒྲ་སྙན་གྱི་གཟུགས་ཆེ་ཙམ་བཟོས་པ་དང་རྒྱུད་ཕོ་སྐད་བེད་སྤྱད་ན་སྐད་གཤིས་ཅུང་བརྗིད་ཅིང་སྒྲ་དམའ་བའི་རྣམ་པ་མངོན་ཐུབ། དེ་ལྟར་བྱས་ན་རོལ་དབྱངས་ཀྱི་སྐད་གཤིས་བརྗིད་ཅིང་མཐོ་དམའ་ཆ་ཚང་འཛོམས་པས་སྒྲ་སྙན་གྱིས་རོལ་ཆའི་ཚོགས་ནང་གི་དགོས་པ་གལ་ཆེན་ཞིག་ཁ་གསབ་བྱེད་ཐུབ་ཡོད། དགོས་པ་དེའི་ཆེད་དུ་སྒྲ་སྙན་གྱི་མོ་སྐད་སྒྲའི་དཀྱུས་རིམ་བརྒྱད་དམའ་བར་བཅོས་ཚེ་མོ་སྐད་དེ་ཕོ་སྐད་ལས་ཀྱང་སྒྲའི་དཀྱུས་རིམ་གཉིས་ཀྱི་དམའ་བ་ཆགས་ཐུབ། དེས་ན་སྒྲ་སྙན་གྱི་སྐད་གཤིས་བརྗིད་ཅིང་སྒྲ་དམའ་ས་འཛིན་པའི་ཁྱད་ནུས་དེ་བས་ཇེ་ཆེར་མངོན་འདུག་པས་དབུས་བསྒྲིགས་ཀྱི་སྲོལ་འདི་དར་བ་མིན་ནམ་སྙམ། དགོས་པའི་དབང་གིས་སྒྲའི་བསྒྲིགས་སྲོལ་ལ་འགྱུར་བ་གཏོང་བ་འདི་ཡང་འཇིག་རྟེན་ཆོས་ཉིད་དང་མཐུན་ལ་གོང་དུ་ཞུས་པའི་གར་པའི་སྒྲ་སྙན་དེའི་སྤྱང་ཀིར་གྲགས་པའི་རྒྱུད་ཚོའི་སྒྲ་དམའ་བ་དེ་མོ་སྐད་ཀྱི་རྒྱུད་གནས་སུ་སྤོས་པ་ལྟ་བུར་སྣང་། དེའི་སྐོར་ལ་ཇོ་དཀར་ལགས་ཀྱིས་བརྩམས་གནང་བའི་བོད་ཀྱི་སྲོལ་རྒྱུན་རོལ་ཆ་སྒྲ་སྙན་ལ་དཔྱད་པ་ཞེས་པའི་ནང་དབུས་བསྒྲིགས་བྱ་ཐབས་འདིའི་དམིགས་ཡུལ་གཙོ་བོ་ནི་སྒྲ་དམའ་སར་དཀྱུས་རིམ་གཉིས་མང་དུ་གཏང་བ་དང་གར་པའི་རྒྱུད་བདུན་ལྡན་ལས་འཕེལ་རྒྱས་སམ་ལེགས་བཅོས་བྱེད་པའི་འབྲས་བུར་ངོས་འཛིན་གནང་འདུག[5] གཉིས་ནས་རྒྱུད་སྟོང་པའི་སྒྲ་དམའ་ཙམ་བྱས་ནས་སྒྲིག་ན་གཅོད་ཕུར་གྱི་འཐེན་ཤུགས་ཆུང་བས་སྒྲ་བསྒྲིགས་བདེ་བ་དང་རྒྱུད་སྐུད་ལ་འཐེན་ཤུགས་ལྷོད་པས་དཀྲོལ་སྤྱོད་བྱེད་ཡུན་རིང་བ་སོགས་ཀྱི་ཕན་པ་ལྡན་ཡོད། དེས་རྒྱུད་སྐུད་ཀྱི་རྒྱུ་ཆ་གྲོན་ཆུང་བྱེད་ཐུབ་པ་མ་ཟད་རྒྱུད་ཆད་པ་ཁ་གསབ་ཉུང་དུ་འགྲོ་བའི་དགེ་མཚན་ལྡན་ཡོད། ལྷག་པར་དུ་སྔོན་གྱི་སྒྲ་སྙན་རྣམས་རྒྱུད་གཞོང་རྟ་མགོའི་རྒྱབ་ཏུ་ཡོད་པས་རྒྱུད་སྐུད་བརྗེ་དུས་ཅུང་སྟབས་མི་བདེ་ཙམ་ཡོད་རྐྱེན་རྒྱུད་སྐུད་ཆད་ཐེངས་ཉུང་དུ་འགྲོ་བ་འདི་ཡང་སྒྲ་སྙན་ཉིན་ལྟར་བསྐོལ་སྤྱོད་བྱེད་མཁན་ཞིག་གི་ངོས་ནས་བཤད་ན་གནས་ཚུལ་གལ་ཆེན་ཞིག་ཐག་གཅོད་བྱེད་ཐུབ་པ་ཡིན། དེ་མིན་བོད་ཀྱི་སྲོལ་རྒྱུན་སྒྲ་སྙན་དཀྲོལ་གཏོང་བྱེད་པའི་གླུ་གར་སྤྱིར་ཁ་ནས་གཞས་གཏོང་བ་གཙོ་བོ་ཡིན་ཅིང་གཞས་ཚིག་ལས་རོལ་མོའི་ནང་དོན་དང་བསམ་བློ་མཚོན་པར་བྱེད་དགོས་བརྟེན་གཙོ་ཕལ་ངོས་ནས་བཤད་ན་སྒྲ་སྙན་རམ་དཀྲོལ་གྱི་རྣམ་པའི་སྒོ་ནས་རོལ་དབྱངས་སྙན་ཆ་དོད་དུ་གཏོང་བ་དང་དབྱངས་འགྲོས་ཀྱི་ཆོས་ཉིད་ཁ་གསལ་བཀོད་འདོམས་བྱ་བ། རོལ་མོའི་དྲག་ཞན་གྱི་དབྱེ་བ་དེ་བས་ཁ་གསལ་དང་དབྱངས་ཀྱི་དུམ་བུ་མི་འདྲ་བའི་བར་མཚམས་ཁ་སྐོང་བ་སོགས་ཀྱི་དགོས་མཁོ་སྐོང་བས་བྱེད་ནུས་དུ་མ་ཡོད་ཀྱང་། རམ་བུ་འདེགས་པའི་གནས་བབས་ཀྱི་རྐྱེན་པས་གཞས་གདངས་ནང་གི་སྒྲ་མཐོ་ས་ཁག་གཅིག་རྒྱུད་ཚོ་གསུམ་ནང་གི་རྒྱུན་སྲོལ་སྦར་གནས་ཀྱི་མཐེབ་གནས་ཁག་ལ་སྒྲ་དེ་མེད་རྐྱེན་དཀྱུས་རིམ་བརྒྱད་ཀྱི་དམའ་བའི་སྒྲས་ཚབ་བྱས་ནས་དཀྲོལ་གཏོང་བྱེད་པ་དང་། ཐ་ན་མ་སྒྲ་མ་ཡིན་ཞིང་གལ་མི་ཆེ་བའི་སྒྲ་ཁ་ཅིག་སྐུམ་ནས་འཇོག་པ་ཡིན་ཡང་ཉན་བྱའི་སྣང་བར་སྒྲ་འདི་ཡོད་པའི་ཚོར་སྣང་ཡོང་གི་ཡོད་ལ་རྣ་བར་མི་སྙན་པའམ་སྒྲ་ཆད་པའི་སྣང་བ་ཡེ་ནས་ཡོང་མི་སྲིད། གང་ཡིན་ཟེར་ན་ཁ་ནས་གཏོང་བའི་གཞས་གདངས་ཀྱི་སྒྲ་མཐོ་དམའི་ཉམས་འགྱུར་དོར་མེད་ཇི་བཞིན་དུ་གྱེར་བས་སོ། །དེ་མིན་གཏན་འཇག་ཡིན་པའི་སྟོད་གཞས་ཀྱི་འགོ་མཇུག་གི་འཇོག་ནང་དམིགས་བསལ་དབྱངས་དུམ་སོགས་ཀྱང་མོ་སྐད་གྱི་རྒྱུད་སྐུད་ཐོག་སྐད་ས་བསྒྱུར་བའི་རྣམ་པའི་ཐོག་ནས་དཀྲོལ་གཏོང་བྱེད་མུས་སུ་ཡིན་པ་འདི་ཡང་སྔར་སྲོལ་གསག་བསྒྲིགས་ཀྱི་འཇོག་གཏོང་སྲོལ་རང་སོར་ལུས་པའམ་བཞག་པ་རང་ཡིན་འདུག སྣང་ཚུལ་དེ་རྣམས་ཀྱིས་ཀྱང་དབུས་བསྒྲིགས་དེ་རྗེས་སུ་འགྱུར་བ་ཕྱིན་པ་གསལ་བཤད་བྱེད་ཐུབ། དཔེར་ན་གཤམ་གྱི་དབྱངས་དུམ་གཉིས་པོ་བཞིན་དབྱངས་ཡིགAའདི་སྒྲ་བསྒྲིགས་ཚུལ་མ་འགྱུར་གོང་གི་རྟ་དབྱངས་ཡིན་ཅིང་དབྱངས་ཡིགBའདི་དབུས་བསྒྲིགས་ཆག་པའི་རྗེས་སུ་
       སྒྲgདེ་མཐེབ་གནས་སྤོས་པར་བདེ་པོ་མེད་པས་མཐེབ་གནས་དེ་རང་ལ་སྒྲGཡིས་ཚབ་བྱས་ནས་དཀྲོལ་བ་ཡིན། གཞན་ཡང་ལྷ་ས་སོགས་དབུས་ཁུལ་དང་ལ་སྟོད་བྱང་ཁུལ་གྱི་ཡུལ་དེ་གཉིས་སུ་དར་ཁྱབ་བྱེད་མུས་ཀྱི་སྲོལ་རྒྱུན་གཞས་དང་ཞབས་བྲོ་བགྲང་ལས་འདས་པ་ཡོད་ཀྱང་གདངས་ལོག་གམ་སྐད་ས་བསྒྱུར་བའི་རྣམ་པའི་ཐོག་ནས་དཀྲོལ་གཏོང་བྱེད་པའི་བརྩམས་བྱ་ཧ་ཅང་ཉུང་བ་དེ་ཡང་དབུས་བསྒྲིགས་སུ་བཅོས་བསྒྱུར་བྱས་པ་དང་འབྲེལ་བ་དམ་ཟབ་ཡོད་པ་གསལ་པོར་མངོན།
གསུམ་པ། ཡུལ་མི་འདྲ་བའི་སྐད་ས་འཛིན་སྟངས་སྐོར།
       བོད་དུ་སྒྲ་སྙན་དར་ཆེ་བའི་ཡུལ་ལུང་དེ་དག་ལ་གཞིགས་ཏེ་དམིགས་བསལ་དཀྲོལ་གཏོང་གི་ཁྱད་ཆོས་ལྡན་པའི་ཡུལ་ལུང་ཆེ་ཁག་བདུན་ཙམ་དུ་དབྱེ་བ་དེ་ནི་གཅིག་ནས་ཡུལ་ལུང་སོ་སོའི་མིའི་འཚོ་གནས་བྱེད་སའི་ས་བབས་སམ་རང་བྱུང་ཁོར་ཡུག ཟས་སྤྱོད་གོམས་གཤིས་དང་གནམ་གཤིས། རྒྱུན་གཏན་འཚོ་བའི་ཁྲོད་དུ་སྐད་ཆ་ཤོད་སྐབས་སྐད་ཤུགས་ཆེ་ཆུང་གི་གོམས་གཤིས་སོགས་ལ་བརྟེན་ནས་སྐད་གཤིས་དང་ངག་གི་སྒྲ་མཐོ་དམན་གང་ལའང་ཁྱད་པར་ཡོད་དེ། ས་པཎ་རོལ་མོའི་བསྟན་བཅོས་ལས། སྤྱིར་ནི་འཇིག་རྟེན་འདི་ན་ཡང་། །ཡུལ་དང་དུས་ཀྱི་བྱེ་བྲག་དང་། །རྒན་དང་གཞོན་ནུའི་དབྱེ་བ་དང་། །སྐྱེས་དང་བུད་མེད་ལ་སོགས་པའི། །ཁྱད་པར་ཉིད་ཀྱིས་མི་འདྲ་བའི། །དབྱངས་ཀྱི་སྦྱོར་བ་དུ་མ་མཐོང་། །དབུས་པ་རྣམས་ཀྱིས་ལྡིར་ཞིང་འགྱུར། །གཙང་པ་འཚེར་ཞིང་གསལ་བ་ཡིན། །གཙེར་ཞིང་མདུད་པ་མངའ་རིས་པ། །ཁམས་པ་རྣམས་ནི་བརྗིད་ཅིང་གྱོང་། །[6]ཞེས་གསུང་པ་ལྟར། ཡུལ་ལུང་སོ་སོའི་སྐད་གཤིས་མི་འདྲ་བའི་དབང་གིས་གཞས་དང་གླུ་གར་གདངས་དབྱངས་ཀྱི་སྐད་ས་མཐོ་དམའ་མི་འདྲ་བ་ཡིན་ཕྱིར་དེ་རྣམས་ཀྱི་རམ་སྐྱོར་རོལ་མོ་སྒྲ་སྙན་གྱི་རྒྱུད་སྟོང་པའི་སྒྲ་བསྒྲིགས་སྟངས་དང་མ་སྒྲའི་སྐད་ས་འདེམས་སྤྱོད་ལ་ཡང་དབྱེ་བ་ཡོད་པ་སྨྲོས་ཅི། དེའི་རྒྱུ་རྐྱེན་གཙོ་བོ་ནི་བོད་ཀྱི་དམངས་ཁྲོད་རོལ་དབྱངས་སྤྱིར་གཞས་གཏོང་རྒྱུ་ཡོད་པ་ཤ་སྟག་ཡིན་ཅིང་གཞས་གདངས་ཀྱི་རྟ་དབྱངས་འདི་གཙོ་བོ་ཡིན་པ་མ་ཟད་གཞས་མཁན་གྱི་མགྲིན་པ་ལས་གྱེར་གཏོང་བྱེད་དགོས་པས་གཞས་ཀྱི་གདངས་དབྱངས་སྐད་ས་དེ་གཞས་མཁན་ཕོ་མོའི་མགྲིན་པ་དང་འཚམ་པའི་མཐུན་རྐྱེན་སྐྲུན་རྒྱུ་ནི་ཐབས་ཀྱི་དམ་པ་ལོས་ཡིན། ད་ལྟ་དཔྱད་རྩོམ་དང་ཆེད་རྩོམ་མང་ཆེ་བར་སྒྲ་སྙན་གྱི་སྐད་སའི་མཐོ་དམའ1=Dཡིན་པར་ངོས་འཛིན་གནང་གི་ཡོད་ཀྱང་དེ་ནི་ཕྱིས་སུ་ལྷ་སའི་རོལ་ཆ་མཉམ་གཏོང་བྱེད་པའི་སྐབས་སུ་འཕྲེད་གླིང་ལ་སྒྲ་མཐོ་དམན་འགྱུར་བ་གཏོང་བའི་ནུས་པ་མེད་པས་གླིང་བུའི་སྒྲ་མཐོ་དམན་ལ་ལྟོས་ནས་རོལ་ཆ་གཞན་རྣམས་བསྒྲིགས་རྒྱུན་ཆགས་པ་ཞིག་ཡིན་འདུག གང་ལགས་ཤེ་ན་སྒྲ་དེ་ལྟར་བསྒྲིགས་ན་བགྲང་ལས་འདས་པའི་བོད་ཀྱི་སྲོལ་རྒྱུན་གཞས་དང་གླུ་གར་གྱི་བརྩམས་བྱ་མང་པོའི་སྒྲ་ཡང་ན་མཐོ་གྲགས་པ་དང་ཡང་ན་དམའ་གྲགས་པ་སོགས་ཀྱི་གནས་ཚུལ་ཡོང་སྲིད་ལ་ཐ་ན་ལྷ་སའི་སྟོད་གཞས་དང་ནང་མའི་གླུ་གར་བརྩམས་བྱ་མང་ཆེ་བར་སྐད་ས་མཐོ་དམའ་ཅུང་མི་འཚམ་པར་མཐོང་། དཔེར་ན་མཛེས་པའི་ལྷ་མོ་བུ་ཁྲིད་ཕུད་པའི་ལྷ་སའི་སྟོད་གཞས་དང་ནང་མ་གཉིས་ཀྱི་བརྩམས་བྱ་མང་ཆེ་བ་ཞིག་སྐད་ས་ཅུང་མཐོ་གྲགས་ནས་སྐད་སྦྱོང་རིག་ཚན་ཆེད་སྦྱོང་བྱ་མ་མྱོང་བའི་དམངས་ཁྲོད་གཞས་མཁན་རྣམས་དབྱངས་སྒྲ་མཐོ་སའི་གནས་རྣམས་གཏོང་ཁག་ཙམ་ཡོད་པ་དང་ལྷག་པར་དུ་བུད་མེད་ཀྱི་རང་བྱུང་དབྱངས་གཤིས་སྐྱེས་པ་ལས་དཀྱུས་རིམ་བརྒྱད་ཀྱི་མཐོ་བ་ཡོད་རྐྱེན་སྟོད་གཞས་དང་ནང་མའི་བརྩམས་བྱ་མང་ཆེ་བ་སྤྱིར་བཏང་གཏོང་མི་ཐུབ་པ་ཡིན་ཞེས་བཤད་ཆོག གཤམ་གྱི་དབྱངས་ཡིག་དེ་ལྷ་སའི་སྟོད་གཞས་རྒྱ་གླིང་སྲས་ཀྱི་དུམ་བུ་གཅིག་དཔེ་མཚོན་དུ་བྱས་ནས་ཞུས་ན།
       གཞས་འདིའི་སྒྲ་མཐོ་ཤོསAལ་སླེབས་ཡོད་པ་དང་དེའི་ཁྱིམ་མཚེས་ཀྱི་སྒྲ་འདི་རྣམས་ཀྱང་དཀྱུས་རིམ་ལྔའི་ནང་ཚུན་གྱི་སྒྲ་མཐོ་བ་མང་བས་སྐད་སྦྱོང་རིག་ཚན་ཆེད་སྦྱོང་བྱ་མ་མྱོང་བའི་དམངས་ཁྲོད་གཞས་མཁན་གཞས་པ་ཞིག་གི་ངོས་ནས་བཤད་ན་དཀའ་ནད་ངེས་ཅན་ཞིག་ཡོད་པ་དང་གཞས་མ་ཞིག་གི་ངོས་ནས་བཤད་ནའང་ཧ་ལམ་རྩྭ་འཇག་མས་ལྕམ་ཤིང་བྱས་པ་ལྟ་བུར་མཐོང་། ཡང་གཤམ་གྱི་དབྱངས་ཡིག་ལྷ་སའི་ནང་མ་འཕྱོངས་རྒྱས་ལགས་ཞེས་པའི་དུམ་བུ་གཅིག་དཔེར་བྱས་ནས་བརྗོད་ན།
       དབྱངས་ཡིག་འདིའི་ཐོག་ནས་གཞས་འདི་སྒྲའི་དཀྱུས་རིམ་བཞི་མཐོ་སར་གདངས་སློག་སམ་སྐད་ས་འགྱུར་ནས་དཀྲོལ་གཏོང་བྱེད་པའི་དོན་དངོས་ཀྱི་སྐད་མཐོ་དམའ་ལ་གཞིགས་ཏེ་ཕབ་བསྒྱུར་བྱས་པ་ཞིག་ཡིན་ལ་དབྱངས་ཡིག་འདིའི་ཐོག་ནས་སྒྲའི་ཁྱབ་ཁོངས་མཐོ་ཙམ་ཡིན་པ་མངོན་ཐུབ། གལ་སྲིད་གཞས་གདངས་འདི་སྐད་ས་མ་བསྒྱུར་ན་སྒྲའི་དཀྱུས་རིམ་བཞི་ཡི་དབྱེ་བ་ཡོད་རྐྱེན་དེ་བས་གཏོང་དཀའ་བ་སྨྲོས་ཅི། དེས་ན་ལྷ་སའི་སྒྲ་སྙན་གྱི་སྐད་ས1=Dབྱས་པའི་སྲོལ་རྒྱུན་འདི་ཕལ་ཆེར་ཕྱིས་སུ་རོལ་ཆ་མཉམ་དཀྲོལ་གྱི་སྲོལ་དར་རྗེས་གོམས་གཤིས་དབང་གིས་རྒྱུན་འཇགས་པ་ཞིག་རང་ཡིན་པར་སེམས། འོ་ན་བོད་ཀྱི་ས་གནས་སོ་སོའི་སྒྲ་སྙན་རམ་དཀྲོལ་བྱེད་པའི་དམངས་ཁྲོད་གླུ་གར་དང་གཞས་ཀྱི་སྤྱིའི་སྐད་ས་འདེམས་སྤྱོད་བྱེད་སྲོལ་ལ་ཆོས་ཉིད་ཇི་འདྲ་ཞིག་ཡོད་ཅེས་ན། གོང་དུ་ཞུས་པའི་སྒྲ་སྙན་གྱི་སྒྲ་བསྒྲིགས་ཚུལ་གཉིས་ལས་གསག་བསྒྲིགས་བྱེད་པའི་ཡུལ་འདི་རྣམས་ལ་སྐད་ས་བསྒྱུར་བའམ་གདངས་སློག་བྱེད་པའི་བརྩམས་བྱ་མང་བ་དང་དབུས་བསྒྲིགས་བྱེད་སའི་ས་གནས་དེ་རྣམས་ལ་སྐད་ས་བསྒྱུར་བའི་དཀྲོལ་གཏོང་གི་རྣམ་པ་ཉུང་ཙམ་ཡིན་པ། དེ་ཡང་སྟོད་མངའ་རིས་ཁུལ་དུ་དར་བའི་རྒོད་པོར་གྲགས་པའི་སྒྲ་སྙན་དེ་ནི་གསག་བསྒྲིགས་ཡིན་པ་གང་ཞིག་སྤྱིར་སྐད་ས1=Bསམ1=Cཡས་མས་ཀྱི་སྒྲ་བསྒྲིགས་པ་དང་གཞས་མང་ཆེ་བ་སྐད་ས་བསྒྱུར་ནས་དཀྲོལ་གཏོང་བྱེད་ཀྱིན་འདུག རྒྱུན་སྲོལ་དུ་སྐད་ས་བསྒྱུར་བའི་ཐབས་ཤེས་གཙོ་བོ་སྒྲའི་དཀྱུས་རིམ་བཞི་ཡི་མཐོ་རུ་གཏང་བ་དང་ཡང་ན་སྒྲའི་དཀྱུས་རིམ་ལྔ་ཡིས་མཐོ་རུ་གཏང་བ་གཉིས་གཙོ་བོར་བྱས་ཤིང་མངའ་རིས་ཁུལ་ལ་སྒྲའི་དཀྱུས་རིམ་བཞི་ཡི་མཐོ་རུ་གཏང་བའི་སྐད་ས་འཛིན་པ་མང་ཤོས་ཡིན་པ་དང་གཞས་ཉུང་ཤས་ལ་སྒྲའི་དཀྱུས་རིམ་གཉིས་མཐོ་རུ་གཏང་སྟེ་རྒྱུད་ཚོ་གསུམ་ནང་གི་བར་སྟོང་མ་སྒྲDoབྱས་ནས་གཏོང་བ་འདི་ནི་ཡུལ་གཞན་དུ་ཧ་ལམ་མཐོང་རྒྱུ་མེད་པའི་དམིགས་བསལ་ཁྱད་ཆོས་ཀྱི་རྣམ་པ་ཞིག་རེད་འདུག ཡང་ལ་སྟོད་དིང་རི་ཁུལ་གྱི་སྒྲ་སྙན་ཡང་གོང་དང་འདྲ་བར་གསག་བསྒྲིགས་ཡིན་ལ་སྤྱིར་སྐད་ས1=Bསམ1=Cཡས་མས་ཀྱི་སྒྲ་བསྒྲིགས་པ་དང་། གདངས་དབྱངས་སྐད་ས་སྒྲའི་དཀྱུས་རིམ་བཞི་ཡི་མཐོ་རུ་གཏང་བ་དང་སྒྲའི་དཀྱུས་རིམ་ལྔ་ཡི་མཐོ་རུ་གཏང་བ་གཉིས་ཀ་མང་ཞིང་དཀྱུས་རིམ་ལྔ་མཐོ་རུ་གཏང་ནས་མོ་སྟོང་མ་སྒྲDoབྱས་པ་དེ་བས་མང་ཙམ་ཡིན་འདུག ཀོང་པོ་ཁུལ་གྱི་སྒྲ་སྙན་དེ་ཡང་གསག་བསྒྲིགས་ཡིན་ཅིང་སྤྱིར་སྒྲའི་དཀྱུས་རིམ་བཞི་ཡི་མཐོ་རུ་གཏང་ནས་དཀྲོལ་གཏོང་བྱེད་པ་མང་ཤོས་རེད་འདུག སྨར་ཁམས་ཁུལ་གྱི་རྒྱུད་གསུམ་ལྡན་གྱི་སྒྲ་སྙན་དེ་ཡང་གོང་གི་ཀོང་པོའི་སྒྲ་སྙན་ལྟར་གསག་བསྒྲིགས་ཐོག་སྒྲའི་དཀྱུས་རིམ་བཞི་ཡི་མཐོ་རུ་གཏང་ནས་བར་སྲིནDoདང་བར་སྟོངLaབྱས་པ་ཡིན། ལ་སྟོད་བྱང་གི་སྒྲ་སྙན་ལ་སྤྱིར་སྐད་ས་བསྒྱུར་བའི་ལུགས་སྲོལ་དེ་ཙམ་མེད་རྐྱེན་མང་ཆེ་བ1=Eསམ1=Fལྟ་བུའི་སྒྲ་མཐོ་ཙམ་བསྒྲིགས་པ་ཡིན། ལྷ་སའི་སྒྲ་སྙན་ནི་གོང་དུ་ཞུས་པ་བཞིན་རོལ་མོ་ཚོགས་པའི་ནང་གི་གླིང་བུའི་སྐད་ས1=Dབྱས་པ་བེད་སྤྱོད་བྱེད་མུས་སུ་ཡིན་པས་སྒྲ་སྙན་ཀྱི་སྒྲ་ཡང་དེ་རང་བསྒྲིགས་པ་ལོས་ཡིན། སྐབས་འདིར་དམིགས་བསལ་དུ་གསལ་བཤད་བྱ་དགོས་པ་ཞིག་ལ་རྩོམ་ཡིག་འདིའི་ནང་དུ་ཞུས་པའི་སྒྲ་སྙན་གྱི་རྒྱུད་ཚོ་སོ་སོའི་སྒྲ་མཐོ་དམའ་བསྒྲིགས་ཚུལ་མིན་འདྲ་བ་འདི་རྣམས་ཡོངས་ཁྱབ་ཀྱི་སྣང་ཚུལ་ལྟ་བུར་ཕྱོགས་བསྡོམས་བྱས་པ་ཞིག་ཡིན་པ་ལས་འཕྲུལ་ཆས་ལ་རྟེན་ནས་སྒྲ་བསྒྲིགས་པ་ལྟར་མཐའ་གཅིག་ཏུ་ངེས་པ་ཞིག་མ་ཡིན་ཏེ། དམངས་ཁྲོད་ལ་སྒྲའི་མཐོ་དམའ་ཚད་འཛིན་སའི་འཕྲུལ་ཆས་བེད་སྤྱོད་བྱེད་པའི་གོམ་གཤིས་མེད་ལ་ཆ་རྐྱེན་དེ་ཡང་མངོན་འགྱུར་ཐོབ་དཀའ་བས་སྐབས་རེར་ཕྲ་ལ་ཕྲན་བུའི་མཐོ་བ་དང་སྐབས་རེ་ཅུང་དམའ་ཙམ་ཡོང་སྲིད་པ་ཡིན། ཡིན་ནའང་དམངས་ཁྲོད་ཀྱི་སྒྲ་སྙན་པའམ་རོལ་མོ་བ་རྣམས་སོ་སོས་ཕ་ཡུལ་གྱི་གཞས་གདངས་ལ་རྒྱུས་མངའ་ཆེན་པོ་ཡོད་པས་སྤྱིར་ཉམས་མྱོང་རང་གི་ཐོག་ནས་གཞས་པ་དང་གཞས་མའི་མགྲིན་པ་དང་ཤིན་ཏུ་མཐུན་པའི་སྐད་ས་འཛིན་ཐུབ་པ་དེ་ནི་ལུགས་དང་མཐུན་ཞིང་ཚན་རིག་དང་ལྡན་པ་ཞིག་རེད་འདུག
མཇུག་བསྡུའི་གཏམ།
       གོང་དུ་ཞུས་པའི་བོད་ཀྱི་སྒྲ་སྙན་གྱི་རྒྱུད་མང་ཉུང་དང་སྐད་བསྒྲིགས་སྟངས། དེ་བཞིན་ལག་ལེན་དངོས་ཀྱི་དཀྲོལ་གཏོང་བྱེད་སྐབས་ཡུལ་སོ་སོའི་མིའི་མགྲིན་པ་དང་མཐུན་པའི་སྐད་སའི་འདེམས་སྤྱོད་བྱེད་ལུགས་སོགས་ལ་རང་ལུགས་ཀྱི་དཔྱད་གཏམ་ཕྲན་བུ་སྤེལ་བ་འདི་རྣམས་ལོ་ངོ་སུམ་ཅུ་ཙམ་སྒྲ་སྙན་དར་ཁྱབ་བྱེད་སའི་ས་ཡུལ་དངོས་ཀྱི་རྟོག་ཞིབ་དང་སློབ་སྦྱོང་། དེ་མིན་དངོས་སུ་སློབ་ཁྲིད་ཀྱི་ཉམས་མྱོང་དང་ཚོད་ལྟའི་ཁྲོད་ནས་ཐོབ་པའི་མྱོང་བ་བཅས་ཟུང་དུ་འབྲེལ་ནས་སྒྲ་སྙན་རིག་གནས་ལ་ཞེན་ཅན་དང་སྒྲ་སྙན་དཀྲོལ་གཏོང་དད་ཞེན་ཅན་ཚོར་མཉམ་སྤྱོད་ཞུས་པ་ཙམ་ཡིན་པས་ན། འདིར་མ་དག་སྐྱོན་ནོར་ཅི་ཡང་ཡོང་སྲིད་པས་མཁྱེན་ལྡན་རྣམ་པའི་སྤྱན་སྔར་འཆགས་སོ། །

མཆན་འགྲེལ།
[1] ཞོལ་ཁང་བསོད་ནམས་དར་རྒྱས། ཞོལ་ཁང་བསོད་ནམས་དར་རྒྱས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ༤པའི་པར་ཐེངས་དང་པོ། ཤོག་ངོས༡༠༥ནང་གསལ།
[2] སངས་རྒྱས་རྒྱ་མཚོ། མིག་ཡིད་རྣ་བའི་དགའ་སྟོན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༡ལོའི་ཟླ༡༠པའི་པར་ཐེངས་དང་པོ། ཤོག་ངོས༤པའི་ནང་གསལ།
[3] དགེ་འདུན་འཕེལ་རྒྱས། བོད་ཀྱི་གནའ་བོའི་དབྱངས་ཡིག་ཞིབ་འཇུག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ༡༢པའི་པར་ཐེངས་དང་པོ། ཤོག་ངོས༡༣ནང་གསལ།
[4] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། བཟོ་རིག་ཉེར་མཁོ་བདམས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ལོའི་ཟླ༡༢པའི་པར་ཐེངས་དང་པོ། ཤོག་ངོས༢༣༥ནང་གསལ།
[5] ཇོ་དཀར། བོད་ཀྱི་སྲོལ་རྒྱུན་རོལ་ཆ་སྒྲ་སྙན་ལ་དཔྱད་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ ཁང་། ༢༠༠༧ལོའི་ཟླ༡༠པའི་པར་ཐེངས་དང་པོ། ཤོག་ངོས༧༩པའི་ནང་གསལ།
[6] ས་པཎ་ཀུན་དགའ་རྒྱལ་མཚན། དཔལ་ལྡན་ས་སྐྱ་པའི་གསུང་རབ་པོད་དྲུག་པ་ཟློས་གར་དང་མཁས་འཇུག མི་རིག་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོའི་ཟླ༢པའི་པར་ཐེངས་དང་པོ། ཤོག་གྲངས༨པའི་ནང་གསལ།
 
རྩོམ་ཁུངས། ༢༠༢༣ལོའི«བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག»དུས་དེབ་གསུམ་པ།
འབྲེལ་ཡོད་འོས་སྦྱོར།