མཚོ་སྔོན་གྱི་བྲག་ངོས་ཐོག་གི་རིག་གནས་གླེགས་བམ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2022-02-23
ཀློག་གྲངས།:
བྲག་ཕུག་ལྷ་ཁང(石窟寺)གི་སྒྱུ་རྩལ་ནི་ས་གནས་རིག་གནས་ཀྱི་གྲུབ་གཟུགས་གལ་ཆེན་ཞིག་ཡིན་པར་མ་ཟད། ད་དུང་རང་རྒྱལ་གྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན།
ལོ་རྒྱུས་ཐོག་ཏུ། མཚོ་སྔོན་ནི་རང་རྒྱལ་གྱི་རྒྱལ་རབས་ཁག་གི་མཐའ་མཚམས་དང་ལྟེ་བའི་ཡུལ་གྱི་རིག་གནས་སྤེལ་རེས་ཀྱི་འགྲུལ་ལམ་གཙོ་བོའི་ཐོག་ན་ཡོད་ཅིང་། རིག་གནས་རྣམ་པ་སྣ་ཚོགས་འཛོམས་སྟབས། རིམ་བཞིན་མི་རིགས་མང་ཞིང་རིག་གནས་སྣ་མང་གི་ས་གནས་རྣམ་པ་ཞིག་ཆགས་ཡོད། གོ་རིམ་འདིའི་ནང་དུ། བྲག་ཕུག་ལྷ་ཁང་གི་སྒྱུ་རྩལ་གྱིས་དུས་སྐབས་རེའི་སྤྱི་ཚོགས་རིག་གནས་མི་འདྲ་བ་རེ་མཚོན་ཡོད།
མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་ཏུ་བྲག་ཕུག་ལྷ་ཁང་མང་པོ་ཡོད་ཅིང་། དེའི་ནང་གི་བཟོ་བཀོད་དང་ལྡེབས་རིས། ཚོན་སྐུ་སོགས་སྒྱུ་རྩལ་གྱིས་ས་གནས་ཀྱི་ལོ་རྒྱུས་དང་རིག་གནས། ཆོས་ལུགས་བཅས་ཀྱི་ཁྱད་ཆོས་དང་འགྱུར་ལྡོག་རྒྱུན་འཛིན་བྱས་ཏེ་མི་རིགས་རིག་གནས་ཀྱི་གནས་སྤོ་དང་འཕེལ་རྒྱས་ཕུན་སུམ་ཚོགས་པའི་སྒོ་ནས་མཚོན་ཡོད་སྟབས། ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པར་མ་ཟད། རྒྱལ་ཁབ་ཀྱི་རིག་གནས་གནའ་ཤུལ་རྩ་ཆེན་ཞིག་ཀྱང་ཡིན།
པར་རིས་དཔྱིད་མགོའི་མེ་ཏོག་གི་རྒྱ་མཚོ་ཞེས་པ་ལས་དྲངས།
གཅིག ལྡེབས་རིས།
ལྡེབས་རིས་ནི་རང་རྒྱལ་གྱི་སྲོལ་རྒྱུན་སྒྱུ་རྩལ་མཚོན་བྱེད་ཀྱི་རྣམ་པ་གཙོ་བོ་ཞིག་ཡིན་ལ། མཚོ་སྔོན་གྱི་ད་ཡོད་བྲག་ཕུག་ལྷ་ཁང་ནང་དུ། ལྡེབས་རིས་ནི་བཟོ་བཀོད་ལ་རྒྱན་གཏོང་བའི་རྣམ་པ་གཙོ་བོར་གྱུར་ཡོད། ལྡེབས་རིས་ཀྱི་བརྗོད་དོན་ནི་ཆོས་ལུགས་རིག་གནས་གཙོ་བོ་ཡིན་ཞིང་། དེ་རུ་ཆོས་ལུགས་མི་སྣ་དང་སྟོན་པའི་སྐྱེ་རབས་སོགས་གསོན་ཉམས་ལྡན་པའི་ངང་བཀོད་ཡོད། དཔེར་ན། ཕིང་ཨན་རྫོང་གི་དམར་གཙང་བྲག་ཕུག་ལྷ་ཁང་དུ་ལྡེབས་རིས་བརྒྱད་ཅུ་ལྷག་ཡོད་ཅིང་། རི་མོ་ཚང་མ་ནི་སྤྱན་རས་གཟིགས་ཕྱག་བཞི་པ་སོགས་ཡིན།
པར་རིས་རྡོ་བརྐོས་ལ་ཞེན་མཁན་ཞེས་པ་ལས་དྲངས།
གཉིས། སྐུ་འདྲ།
སྐུ་འདྲ་ལ་གཙོ་བོ་འབག་སྐུ་དང་རྡོ་སྐུ། ཤིང་སྐུ་སོགས་ཡོད། མཚོ་སྔོན་གྱི་བྲག་ཕུག་ལྷ་ཁང་གི་སྒྱུ་རྩལ་ནི་རྡོ་སྐུ་གཙོ་བོ་ཡིན་ཞིང་། བརྗོད་དོན་ནི་སངས་རྒྱས་ཆོས་ལུགས་ཡིན། དཔེར་ན། གཙན་ཚ་རྫོང་གི་ལོ་རྡོ་རྗེ་བྲག་ཏུ། རྒྱལ་བ་བྱམས་པའི་སྐུ་དང་རིགས་གསུམ་མགོན་པོའི་སྐུ། སྟོན་པ་གཙོ་འཁོར་གསུམ་གྱི་སྐུ་སོགས་ཡོད།
པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
གསུམ། བྲག་བརྐོས།
བྲག་བརྐོས་སྒྱུ་རྩལ་གྱི་རྗེས་ཤུལ་མང་ཤོས་ནི་ལོ་ཧ་ཅང་མང་པོ་འགོར་ཡོད་ལ། དེ་རུ་རང་རྒྱལ་ནུབ་བྱང་རྒྱུད་ཀྱི་གྲངས་ཉུང་མི་རིགས་ཀྱི་གནའ་བོའི་ཆོས་ལུགས་དད་མོས་དང་དམངས་སྲོལ་གོམས་གཤིས་སོགས་བཀོད་ཡོད། བྲག་བརྐོས་རི་མོའི་ཐོག་ཏུ་གནའ་བོའི་ཡི་གེ་ཡང་ཡོད་སྟབས། འདི་ནི་རང་རྒྱལ་གྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་གལ་ཆེན་ཡིན། དཔེར་ན། ཡུས་ཧྲུའུ་ལེབ་པ་ཁོག་གི་བྲག་བརྐོས་སྐུ་བརྙན་ནང་དུ། མཆོད་པ་བྱེད་པ་དང་དབང་གནང་བའི་རྣམ་པ། སྤྱན་རས་གཟིགས་དང་སྟོན་པ་སོགས་ཀྱི་སྣང་བརྙན་ཡོད་པར་མ་ཟད། ཐོག་ན་ཡི་གེ་ཡང་ཡོད་པ་རེད།
པར་རིས་རྡོ་བརྐོས་ལ་ཞེན་མཁན་ཞེས་པ་ལས་དྲངས།
བྲག་བརྐོས་སྐུ་བརྙན་ནི་དམིགས་བསལ་གྱི་རྣམ་པ་ཞིག་ཡིན་ལ། དེ་ཡིས་བྲག་ངོས་སུ་ཐད་ཀར་སྐུ་བརྙན་བརྐོས་ཡོད་པས། བྲག་ཕུག་ལྷ་ཁང་ནང་གི་སྐུ་འདྲ་དང་ཁྱད་པར་ཡོད། ས་ཁོངས་ཀྱི་ཆ་ནས་བཤད་ན། རྨ་ཙོང་གཞོང་ས་ནི་རྨ་ནུབ་ཁྱམས་ར་དང་ཀྲུང་ཡོན་ས་ཁུལ་ལ་ཐག་ཉེ་བ་དང་། དེ་ནས་མཚོ་འཕགས་ཇེ་མཐོར་སོང་བ་དང་བསྟུན། བྲག་ཕུག་ལྷ་ཁང་རིམ་བཞིན་ཇེ་ཉུང་དང་། བྲག་བརྐོས་སྐུ་བརྙན་ཇེ་མང་ཡིན།
ཉེ་ཆར། མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཆེད་དོན་རྟོག་ཞིབ་གསར་ཤོས་སུ་གསལ་བ་ལ་གཞིགས་ན། མཚོ་སྔོན་ཞིང་ཆེན་དུ་ད་ཡོད་ཀྱི་བྲག་ཕུག་ལྷ་ཁང་ནི་ཁྱོན་བསྡོམས༣༡ཡོད་པ་དང་། ད་ལྟའི་རྟོག་ཞིབ་བྱས་པར་བལྟས་ན། མཚོ་སྔོན་ཞིང་ཆེན་གྱི་བྲག་ཕུག་ལྷ་ཁང་གཙོ་བོ་ནི་ཤར་རྒྱུད་ཀྱི་རྨ་ཙོང་གཞོང་ས་ན་ཡོད་ཅིང་། བྲག་བརྐོས་སྐུ་བརྙན་ནི་གཙོ་བོ་ཡུས་ཧྲུའུ་དང་མཚོ་ནུབ། མགོ་ལོག་བཅས་སུ་ཡོད་ལ། བཞེངས་ལོ་ནི་ལྷོ་བྱང་རྒྱལ་རབས་དུས་ནས་མིང་དང་ཆིང་རྒྱལ་རབས་ཙམ་གྱི་བར་དུ་ཡོད།
པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
བྲག་ཕུག་ལྷ་ཁང་ནང་དུ་རྐོ་བཟོ་དང་ཐིག་རིས། འབག་སྐུ། ཚོན་སྐུ་སོགས་ཡོད་ལ། དེའི་ནང་དུ་རྒྱ་བོད་ནང་བསྟན་གྱི་སྒྱུ་རྩལ་འདུས་ཤིང་། བྲག་བརྐོས་སྐུ་བརྙན་ཁ་ཤས་ཀྱིས་སྔ་དུས་ཀྱི་རུའུ་ལུགས་དང་ཏའོ་ལུགས། སངས་རྒྱས་ཆོས་ལུགས་བཅས་མཉམ་འདྲེས་བྱུང་བ་མངོན་ཡོད།
འབྲེལ་ཡོད་འོས་སྦྱོར།