གུང་ཧོ་འཁྱམས་རུ་རབ་འོག་མ་སྡེ་བའི་གནའ་བོའི་བྲག་བརྐོས་རི་མོ།
རྩོམ་པ་པོ།:རྨོག་རུ་མཁར་རྒྱལ་བྱམས། ནོར་བུ་
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-08-09
ཀློག་གྲངས།:
༄༅། །གསར་དུ་རྙེད་པའི་གུང་ཧོ་འཁྱམས་རུ་རབ་འོག་མ་སྡེ་བའི་གནའ་བོའི་བྲག་བརྐོས་རི་མོ་ལ་ཐོག་མར་དཔྱད་པ།
རྨོག་རུ་མཁར་རྒྱལ་བྱམས། ནོར་བུ་ལྷུན་གྲུབ།
ནང་དོན་གནད་བསྡུས། ད་རེས་གསར་དུ་རྙེད་པའི་རབ་འོག་མའི་བྲག་བརྐོས་རི་མོ་འདིའང་གུང་ཧོའི་བྲག་བརྐོས་རི་མོའི་ཡན་ལག་གལ་ཆེན་ཞིག་ཏུ་ངོས་འཛིན་བྱས་ཆོག་པ་དང་། རྩོམ་པ་པོས་ཐོག་མའི་རྟོག་དཔྱོད་ལས་ངོས་འཛིན་བྱས་པའི་ཤྭ་བ་དང་། འབྲོང་གཡག་དང་། རྟ་དང་། འཕར་སྤྱང་སོགས་ཀྱི་རི་མོ་ཁྱད་པར་བ་འདི་དག་གི་སྒྱུ་རྩལ་གྱི་རྣམ་པ། ནང་དོན་དང་ཁྱད་ཆོས། བྱུང་པའི་གནའ་དཔྱོད་ལོ་ཚིགས་སོགས་ལ་དཔྱད་པ་བཏང་སྟེ། རིག་དངོས་འདི་དག་ནི་མིའི་རིགས་ཀྱི་རིག་གནས་འཕོ་འགྱུར་ལ་ཞིབ་འཇུག་བྱེད་པར་གལ་ཆེའི་ཁུངས་སྣེ་ཞིག་ཡིན་པ་དང་། ལོ་རྒྱུས་རིག་པ་དང་མཛེས་དཔྱོད་རིག་པའི་རིན་ཐང་སོགས་ལྡན་པར་མ་ཟད། རིག་དངོས་སྲུང་སྐྱོབ་དང་ཞིབ་འཇུག་གི་རིན་ཐང་ཡང་ཆེར་ལྡན་པའི་སྐོར་དཔྱད་བརྗོད་བྱས་ཡོད།
བརྡ་ཆད་གཙོ་བོ། རབ་འོག་མ་སྡེ་བ། གསར་རྙེད། བྲག་བརྐོས། ཐོག་མར་དཔྱད་པ།
གླེང་གཞི།
དང་པོ། བྲག་བརྐོས་རྙེད་ཡུལ་གྱི་ཡུལ་སྡེ་ངོ་སྤྲོད།
གུང་ཧོ་རྫོང་གི་བྲག་བརྐོས་རི་མོ་ནི་གསེར་ཆེན་རི་བོའི་ལྷོ་ཕྱོགས་ཀྱི་གུང་ཧོ་གཞོང་ས་དང་། མཚོ་སྔོན་པོའི་འགྲམ་རྒྱུད་སོགས་ཀྱི་ཆུ་བོའི་བཞུར་རྒྱུད་དང་རི་ཁུག་སོགས་སུ་ཁྱབ་ཡོད། ཉེ་བའི་ལོ་འགའི་རིང་གནའ་དཔྱོད་རིག་པས་རྟོག་དཔྱོད་དང་བསྟུན་ཏེ། རང་རེའི་གུང་ཧོ་རྫོང་གི་མངའ་ཁོངས་སུ་བྲག་བརྐོས་རི་མོའི་ས་ཚིགས5ལྷག་ཤེས་རྟོགས་བྱུང་སྟེ་ཁྱབ་བསྒྲགས་བྱས་ཡོད། ད་རེས་གསར་དུ་རྙེད་པའི་བྲག་བརྐོས་རི་མོ་འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་འཁྱམས་རུ་རབ་འོག་མ་སྡེ་བར་གནས་པས། འཁྱམས་རུ་རབ་འོག་མ་སྡེ་བའི་བྲག་བརྐོས་རི་མོ་ཞེས་མིང་བཏགས་པ་ཡིན། རབ་འོག་མ་ནི་མཚོ་ལྷོ་ཁུལ་གྱི་ཤར་ཕྱོགས་དང་། མཚོ་སྔོན་པོའི་ལྷོ་ཕྱོགས་ཀྱི་ཆར་གཏོགས་པའི་འབྲོག་སྡེ་ཞིག་ཡིན། སྡེ་འདི་ཐོག་མར་གཅན་ཚའི་ཉིན་ཕྱོགས་ནས་རུ་འཁྱམས་ཏེ། མཚོ་སྔོན་པོའི་ལྷོ་ཕྱོགས་སུ་འོང་ནས་གཞིས་ཆགས་པས། ཉིན་ལུང་དང་ཡང་ན་འཁྱམས་རུ་ཚོ་བར་གྲགས། བྲག་བརྐོས་འདི་ནི་འཁྱམས་རུ་རབ་འོག་མ་སྡེ་བ་རུ་ཁག་གཉིས་པའི་ཤར་གྱི་གཞུང་ཐིག100°49'38'དང་། བྱང་གི་འཕྲེད་ཚད36°23'33°58'དང་། མཚོ་དཔངས་རྨིད3270ཡི་མཚམས་སུ་གནས་ཡོད། ཡུལ་དེ་གའི་རྒན་པོ་མགོ་དཀར་རྣམས་ཀྱི་ངག་སྒྲོས་ལྟར་ན། སྤྱི་ལོ1990ཡས་མས་ཤིག་ལ་ཕྱུགས་ར་གསར་སྐྲུན་གྱི་གྱང་གི་རྨང་རྡོར་རང་བྱུང་གི་བྲག་ལེབ་སྣ་ཚོགས་དབོར་འདྲེན་བྱས་ནས་རྩིག་པ་རྒྱག་དུས་ཐོག་མར་ཤེས་རྟོགས་བྱུང་བ་ཞིག་ཡིན། དེར་རི་མོ་མང་པོ་གཅིག་བསྡུས་སུ་བཀོད་པའི་བྲག་ལེབ་ཅིག་དང་། དེའི་རྒྱབ་ཕྱོགས་སུའང་ཁེར་ཚུགས་ཀྱི་བྲག་བརྐོས་རི་མོ་གཅིག་བཅས་ཡོད་པས། ཁོ་ཚོས་བྲག་ལེབ་ངོས་ཀྱི་རི་མོ་ནི་མིས་བཟོས་མིན་པར། རང་བྱོན་ཞིག་ཡིན་པར་རློམ་ནས་བྲག་ལེབ་དེ་ལ་གཏོར་བརླག་སོགས་ཅི་ཡང་མ་བྱས་ཤིང་། སོ་ནར་བཞག་སྟེ། ལོ་ཟླ་ཇི་སྙེད་ཅིག་གི་རིང་ལ། དུས་ཀྱི་ཆར་རླུང་སོགས་རང་བྱུང་གི་གནོད་འཚེ་མང་པོའི་རྐྱེན་གྱིས་ད་ལྟ་བྲག་ངོས་ཀྱི་རི་མོ་མི་གསལ་བར་གྱུར་ཡོད། འདི་གའི་ས་དབྱིབས་དང་བྲག་རྡོའི་ཆགས་སྟངས་སོགས་ལ་གཞིགས་ན། མ་འོངས་པར་གནའ་དཔྱོད་ཆེད་ལས་ཀྱི་རིག་པས་བསྐྱར་དུ་རྟོག་དཔྱོད་བྱས་ཏེ། འདིར་མ་ཚུད་པའི་རི་མོ་གཞན་འབྱུང་ངེས་སྙམ་པ་ཞིག་ཀྱང་བྱུང་ངོ་། །
གུང་ཧོ་འཁྱམས་རུ་རབ་འོག་མ་སྡེ་བའི་བྲག་བརྐོས་རི་མོའི་ཡུལ་ལྗོངས།
གཉིས་པ། བྲག་བརྐོས་རི་མོའི་གནས་ཚུལ་དང་ཁྱད་ཆོས།
ཡོངས་གྲགས་སུ་བྲག་བརྐོས་རི་མོ་ཞེས་འབོད་པའི་སྔ་རབས་ཀྱི་སྒྱུ་རྩལ་འདིའི་རིགས་ས་ཁུལ་མི་འདྲ་བའི་བྲག་རྡོའི་ཁྱད་ཆོས་དང་། བྲག་བརྐོས་གནས་སའི་ཡུལ་ལུང་མི་འདྲ་བ་སོགས་ཀྱི་དབང་གིས་བྲག་བརྐོས་རི་མོ་ཞིབ་འཇུག་པ་ཀྲང་ཡ་ཧྲ(张亚莎)ལགས་ཀྱིས་བརྩམས་པའི«བོད་ལྗོངས་ཀྱི་བྲག་བརྐོས་རི་མོ» «西藏的岩画»ཞེས་པའི་དེབ་དེར། བོད་ལྗོངངས་ཀྱི་བྲག་བརྐོས་རི་མོ་ཁག “ལྡེབས་བརྐོས་རི་མོ(磨壁岩画)དང་། བྲག་སྐྱིབས་རི་མོ(崖阴岩画)དང་། ཕུག་པའི་རི་མོ(洞穴岩画)དང་། ས་ངོས་ཀྱི་བྲག་ལེབ་རི་མོ(地表大石岩画)”[4]བཅས་བྱུང་ཡུལ་གྱི་ཁྱད་ཆོས་རིགས་གསུམ་དུ་དགར་ཡོད་པ་གཞིར་བྱས། གུང་ཧོ་འཁྱམས་རུ་རབ་འོག་མའི་བྲག་བརྐོས་འདི་ཡང་ས་ངོས་ཀྱི་བྲག་ལེབ་རི་མོའི་ཁོངས་སུ་བསྡུས་ཆོག་པར་འདོད། བྲག་བརྐོས་འདི་ནི་ཕར་བལྟས་ཚོད་ཀྱིས་ས་འགུལ་སོགས་ཀྱིས་བྲག་ངོས་ཞིག་རལ་དང་། བྲག་ལྡེབས་སར་ཉིལ་བ། མར་ལྡིབ་པ་ལྟ་བུའི་རང་བྱུང་གི་ཆག་འཇིག་མང་དུ་བརྒྱུད་མཐར། ད་ལྟ་དཔངས་ལ་རྨིད1.53དང་། ཞེང་ལ་རྨིད2.43ལྷག་ཡོད་པའི་ས་ངོས་ཀྱི་བྲག་ལེབ་ངོས་སྙོམས་པ་ཞིག་གི་ངོས་སུ་བརྐོས་ཡོད། བྲག་ལེབ་ཀྱི་གཡོན་ངོས་ཞིག་རལ་དུ་གྱུར་ནས་དུམ་བུར་ཆད་ཅིང་། བྲག་སྨད་སར་ནུབ་པ་སོགས་ནི་ཧ་ཅང་ཕངས་པའི་གནས་སོ། །ད་ལྟར་མཐོང་ཐུབ་པ་ནི་བྲག་ལེབ་གཉིས་ཀྱི་ངོས་སུ་མཆོང་རྒྱུགས་བྱེད་པའི་ཤྭ་བ26དང་། འབྲོང་ངམ་གཡག1དང་། རྟ1དང་། མདའ་གཞི་ཐོགས་པའི་སྐྱ་མི1དང་། འཕར་སྤྱང1བཅས་ཡོད། གཞན་ད་དུང་བྲག་ལེབ་འདིའི་རྒྱབ་ཕྱོགས་ནས་ལི་རྨིད3.10མཚམས་ཀྱི་བྲག་ངོས་གཞན་ཞིག་ཏུ་ཁེར་ཚུགས་སུ་བརྐོས་པའི་འཁྱིལ་རིས་སམ་ཆུ་འཁོར(涡纹)གྱི་རི་མོ་ལྟ་བུ་བཅས་རྣམ་པ་གཉིས་སུ་དབྱེ་ཆོག །གཤམ་དུ་བྲག་བརྐོས་རི་མོ་ཁག་དཔེ་རིས་ཀྱི་ལམ་ནས་མཚོན་པར་བྱས་ན་འདི་ལྟ་སྟེ། ལས་རེ་གཉིས་ཤིག་བཀོད་པར་ཞུ།
LYH1ཤྭ་བའི་ཁྱུ་ཚོགས།(རི་མོ། LYH1)
LYH2 རྔོན་པའམ་སྐྱ་མི།(རི་མོ། LYH2)
LYH3 འཁྱིལ་རིས།(རི་མོ། LYH3)
གསུམ་པ། རི་མོའི་སྒྱུ་རྩལ་གྱི་མཚོན་ཐབས་དང་དེའི་ནང་དོན་གསེད་དཀྲོལ།
བྲག་བརྐོས་རི་མོའི་མཚོན་ཐབས་ལ་ད་ལྟའི་ཞིབ་འཇུག་གི་སྡེ་རུ་བཞེད་པ་རིགས་གཉིས་ཡོད་དེ། གཅིག་ནི་གནའ་དཔྱོད་ཆེད་མཁས་པ་ལི་ཡུང་ཞུན(李永宪)ལགས་ཀྱི«བོད་ཀྱི་གདོད་མའི་སྒྱུ་རྩལ།» «西藏原始艺术»ཞེས་པའི་ཆེད་དེབ་དེར“གཟོང་བརྐོས་ཀྱི་བྲག་བརྐོས(凿刻岩画)དང་། བྱུགས་བྲིས་ཀྱི་བྲག་བརྐོས(涂绘岩画)ཞེས་རིགས་ཆེན་པོ་གཉིས་སུ་དབྱེ་ཞིང་། གཟོང་བརྐོས་ཀྱི་ཐབས་དེ་ལ་རྡུང་དཀྲོལ(敲琢法)དང་། ཐིག་རིས(线刻法)དང་། རྡར་བརྐོས(磨刻法)དང་། རྡར་དཀྲོལ(磨砺法)གྱི་མཚོན་ཐབས་བཅས་རིགས་གཉིས་དང་། བྱུགས་བྲིས་ཀྱི་མཚོན་ཐབས་དེ་ལ་ནང་གསེས་ཀྱི་སྙོམས་བྱུགས་རི་མོ(平涂绘画)དང་། ཐིག་རིས་ཀྱི(线绘法)མཚོན་ཐབས་བཅས་སུ་དབྱེ་ཡོད།”[5] ཅིག་ཤོས་ནི་བྲག་བརྐོས་རི་མོ་ཞིབ་འཇུག་པ་ཀྲང་ཡ་ཧྲ(张亚莎)ལགས་ཀྱིས་བརྩམས་པའི«བོད་ལྗོངས་ཀྱི་བྲག་བརྐོས་རི་མོ» «西藏的岩画»ཞེས་པའི་དེབ་དེར“རྡུང་དཀྲོལ(敲琢法)དང་། ཐིག་བརྐོས(线刻法)དང་། བྱུགས་བྲིས(涂绘法)”[6]ཀྱི་མཚོན་ཐབས་བཅས་རིགས་གསུམ་དུ་དབྱེ་བ་ཕྱེས། གཟོང་བརྐོས་ཀྱི་མཚོན་ཐབས་དེ་ནི་མདོ་དབུས་མཐོ་སྒང་གི་བྲག་བརྐོས་རི་མོའི་སྒྱུ་རྩལ་གྱི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། ཁྱབ་ཡུལ་ཡང་ཧ་ཅང་རྒྱ་ཆེ་བ་ཞིག་རེད། བྱུགས་བྲིས་ཀྱི་མཚོན་ཐབས་དེ་དུས་ཀྱི་ཐད་ནས་སྔ་རབས་ཀྱི་མིས་བྲིས་པ་དང་། ཕྱིས་སུ་ཁ་སྣོན་བྱས་པ་སོགས་གཉིས་ཀ་ཡོད། དེ་བོད་ལྗོངས་ཀྱི་བྱང་ཐང་དང་། འདམ་གཞུང་སོགས་སུ་གྲངས་འབོར་མང་དུ་ཟིན། སྒྱུ་རྩལ་མཚོན་ཐབས་འདི་གཉིས་ནི་བཟོ་བོའི་ལག་ཆ་དང་། མཚོན་ཐབས་ཀྱི་རྣམ་པ་མི་འདྲ་བ་མ་གཏོགས། རི་མོ་བརྐོ་བའི་དམིགས་ཡུལ་དང་རི་མོའི་ནང་དོན་སོགས་ངོ་བོའི་སྟེང་ནས་གཅིག་མཚུངས་སུ་གྲུབ། རང་རེའི་མཚོ་སྔོན་གྱི་བྲག་བརྐོས་མང་ཆེ་ཤོས་ནི་གཟོང་བརྐོས་དང་། རྡུང་དཀྲོལ་ཀྱི་རིགས་སུ་གཏོགས་ལ། དེ་ནི་སྔ་རབས་ཀྱི་མེས་པོ་རྣམས་ཀྱིས་སྲ་མཁྲེགས་ཅན་གྱི་ཟངས་ཆས་སམ་གཟོང་ཆས་ལག་ཆར་སྤྱད་ནས་བྲག་ལྡེབས་དང་ས་ངོས་ཀྱི་བྲག་ལེབ་སྣ་ཚོགས་ཀྱི་ངོས་སུ་རྡུང་བརྐོ་དང་ཐིག་རིས་ཀྱི་མཚོན་ཐབས་སྤྱད་ནས་རི་དྭགས་སོགས་ཀྱི་གཟུགས་གཞི་དང་། ཡན་ལག་རྣམས་གསོན་ཉམས་ལྡན་པ། ཞིབ་ཕྲའི་སྒོ་ནས་བྲིས་པ་ཞིག་མིན་པར། སྦོམ་ཕྲ་མེད་པར་རྩིངས་ཉམས་དོད་ནས། ཐིག་རིས་ཀྱིས་ཅུང་མཚོན་པར་བྱས་ཡོད་པས། མཚོན་ཐབས་འདི་ནི་དུས་ཚོད་ཀྱི་ཆ་ནས་སྔ་བ་དང་གཉུག་མའི་རྣམ་པ་དེ་མཚོན་ཐུབ། འདིའི་རིགས་གཙོ་བོ་བོད་ལྗོངས་ཀྱི་ནུབ་རྒྱུད་དང་། བྱང་ཐང་སོགས་སུ་ཁྱབ་ཡོད། ད་རེས་ཀྱི་བྲག་བརྐོས་རི་མོ་འདི་དག་ཀྱང་གོང་དུ་ཞུས་པའི་གཟོང་བརྐོས་དང་ཐིག་རིས་ཀྱི་མཚོན་ཐབས་སྤྱད་ཡོད་པས། ས་ཁུལ་འདིའི་སྔ་རབས་ཀྱི་མི་སྡེ་དང་། ལག་ཤེས་བཟོ་ལས། དཔལ་ཡོན་གྱི་ཆུ་ཚད། འཚོ་ཚིས་སྒྲུབ་སྟངས། རང་བྱུང་ཁོར་ཡུག་སོགས་ལ་ཞིབ་འཇུག་དང་། རྒྱུས་ལོན་བྱེད་པའི་ལྡེ་མིག་ལྟ་བུར་གྱུར་གཤིས། ཧ་ཅང་གཅེས་པར་འོས་སོ། །ད་ལྟ་ལྷག་ལུས་བྱུང་པའི་རི་མོ་ཁག་ལས་ངོས་འཛིན་བྱེད་ཐུབ་ཅིང་། གྲངས་ཀ་མང་ཤོས་ཟིན་པ་ནི་རི་དྭགས་ཤྭ་བའི་རིགས་ཡིན་ཏེ། བྲག་ལེབ་གཅིག་གི་ངོས་ལ་ཤྭ་བ26བྱུང་བ་ནི་སྔར་མཐོང་ཆོས་སུ་མ་གྱུར་པའི་མཐོང་སྣང་གསར་བ་ཞིག་དང་། ཁྱད་ཆོས་དམིགས་བསལ་བ་ཞིག་ཡིན་པར་སྙམ། རི་མོ་སྣ་ཚོགས་བརྐོས་པའི་བྲག་ལེབ་དེའི་མཐོ་ཚད་ལ་ལི་རྨིད20དང་། ཞེང་ལ་ལི་རྨིད20ཙམ་གྱིས་གྲུབ། བྲག་ངོས་དེའི་ཤྭ་བ་ནི་མདུན་ལ་མཆོང་རྒྱུགས་བྱེད་པ། དལ་ཅག་གེར་སྡོད་པའི་གཟུགས་རིས་གཉིས་ཀྱི་སྒོ་ནས་བྲིས་ཡོད་ལ། ཤྭ་བའི་རྭ་ཅོ་རིང་ཞིང་། རྭ་ལག་མང་པ། གཟུགས་གཞི་སྦོམ་པ། རྐང་སུག་ཕྲ་བ་སོགས་ཀྱི་རྣམ་པ་མངོན་གསལ་ཡིན་པས། རྗེས་སུ་སྙེག་པའི་སྐྱ་མི་མདའ་གཞི་ཐོགས་པའི་རྔོན་པ་དེའི་འཚོ་ཚིས་ཀྱི་རེ་འདོད་སྐོང་པའི་དམིགས་བྱ་དྲག་པོ་དེ་མངོན་པར་མཚོན་ཐུབ། ཤྭ་བ་ལ་ཤས་ཤིག་གི་གཟུགས་གཞིའི་ཁྱད་ཆོས་དེ་འདྲའི་ཞིབ་ཕྲ་དང་། དང་དོད་ཆེར་བྱས་མེད་པར། རྩིངས་ཉམས་ཀྱིས་སྟབས་བདེ་ངང་བྲིས་ཡོད་པས། བཟོ་བོ་མི་གཅིག་པ་དང་། བྱུང་པའི་དུས་རབས་མི་གཅིག་པ། ཡང་ན་འཚོ་བའི་དགོས་མཁོ་སྐོང་པའི་སྙེག་བྱ་འབའ་ཞིག་མིན་པར། སྤྱིར་བཏང་གི་ཤྭ་བ་ཞིག་གི་སྣང་བརྙན་ལ་འཕོ་འགྱུར་བྱས་པའི་སྒྱུ་རྩལ་གྱི་མངོན་སྟངས་ཤིག་ཀྱང་ཨེ་ཡིན་སྙམ།
ད་ལྟ་བྲག་ངོས་ཞིག་རལ་སོགས་ཀྱི་དབང་གིས་རི་མོའི་རྣམ་པ་གསལ་བོ་ཞིག་མཐོང་མི་ཐུབ་ཀྱང་། ཞིབ་ལྟ་བྱས་ཚེ་ཟི་ཅི་ཐེ་སྒྱུ་རྩལ་མཚོན་ཐབས(斯基泰艺术风格)ཀྱི་ཤྭ་བ་རེ་གཉིས་ཀྱང་ཡོད། ཐབས་ལམ་དེ་ལས་འཁྲུངས་པའི་ཤྭ་བ་ལ་ཟི་ཅི་ཐེའི་ཤྭ་བ(斯基泰鹿)ཅེས་སུའང་འབོད། མཚོན་ཐབས་འདིའི་ཤྭ་བ་གནམ་དུ་འཕུར་བ་ལྟ་བའི་ཉམས་དོད་པ་དང་། ལུས་བོངས་ཆུང་ལ། མཆུ་ནི་བྱ་མཆུ་ལྟར་གྱེན་ལ་ཕྱོགས་པ། སུག་བཞི་བསྐུམས་པ། མགོ་བོ་ཕྱིར་འཁོར་ནས་འཕོང་ལ་ལྟ་བ། མིག་རིས་ཚེག་ཐིག་ཅིག་གིས་མཚོན་པ་དང་། རྭ་ཅོ་རིང་བ། སྒལ་གཞུང་དང་ལྟོ་ངོས་སུ་འཁྱིལ་རིས་ཡོད་པ། ཁ་གདངས་ཤིང་། རྨིག་པ་ཕྲ་མོ་ཡིན་པ་སོགས་སྒྱུ་རྩལ་འདིའི་རིགས་ནི་ཀྲུང་གོའི་བྱང་རྒྱུད་རྩྭ་ཐང་ནས་ཕྱོགས་སུ་མཆེད་པའི་སྒྱུ་རྩལ་མཚོན་ཐབས་ཁྱད་པར་བ་ཞིག་ཏུ་ངོས་འཛིན་བྱེད་པ་དང་། དུས་ཚོད་ཀྱི་ཆ་ནས་ལོ2500-2300བར་དུ་བྱུང་བར་ཞིབ་འཇུག་པ་ཀུན་དགོངས་པ་གཅིག་ཏུ་བཞེད་དོ། །
འཁྱིལ་རིས་སམ་ཆུ་འཁོར(涡纹)གྱི་རི་མོའི་འགྲེལ་བཤད་ལ་བྲག་བརྐོས་ཞིབ་འཇུག་གི་ཁྱབ་ཁོངས་སུ་གཅིག་གྱུར་བཞེད་པ་ཞིག་བྱུང་མེད་པར། རྩོད་གཞིར་གྱུར་པའི་རི་མོ་ཁྱད་པར་བ་ཞིག་ཡིན། རི་མོ་འདིའི་རིགས་རང་རེའི་མདོ་དབུས་མཐོ་སྒང་གི་བྲག་བརྐོས་རི་མོའི་ཁྲོད་དུ་གྲངས་འབོར་མང་དུ་ཟིན་ཡོད་པ་ཞིག་ཀྱང་མིན་ཏེ། རི་མོ་འདིའི་རིགས་འབྲི་ཆུའི་རྒྱུད་དུ་རེ་གཉིས་བྱུང་ཡོད། དཔེར་ན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ཁོངས་ཀྱི་ཀུན་འགྲོ་བྲག་བརྐོས་རི་མོའི(更卓岩画)[7]ཁྲོད་དུ་འཁྱིལ་རིས་གཅིག་ཡོད། དེ་ནི་ཚངས་ཐིག་ནས་མགོ་བརྩམས་ཏེ། གཡོན་ཕྱོགས་སུ་འཁྱིལ་རིས་ཀྱི་རིམ་པ་འཁོར་པ་དང་། དེའི་གཡོན་ཕྱོགས་སུ་གོང་འོག་སྦྲེལ་བའི་ཐིག་སྐུད་འཁྱིལ་མ་བཅུ་ལྷག་མཆིས། གཟུགས་རིས་དེ་གཉིས་ཀྱི་བར་མཚམས་སུ་གྱེན་དུ་ནུར་བ་ལྟ་བུའི་སྦལ་བའི་གཟུགས་རིས་ཤིག་ཡོད་པ་དེ་དག་གོ །འཁྱམས་རུ་རབ་འོག་མའི་བྲག་བརྐོས་རི་མོའི་ཁྲོད་དུའང་གཟོང་བརྐོས་ཀྱི་མཚོན་ཐབས་ཀྱིས་དཀྱིལ་སྙིང་ནས་མགོ་བརྩམས་ཏེ། གཡོན་ཕྱོགས་སུ་འཁྱིལ་རིས་རིམ་པ་ལྔ་ལྷག་ཡོད་པའི་འཁྱིལ་རིས་ཆ་ལྟ་བུ་ཞིག་ཡོད། བྲག་ངོས་ཀྱི་ཡས་ཆ་ཞིག་རལ་དུ་ཕྱིན་པས། རི་མོ་གཞན་ཡོད་མེད་ཀྱི་གནས་ཚུལ་ནི་ཇི་སྲིད་བར་དུ་རྟོགས་དཀའ་བར་གྱུར་པས། འཁྱིལ་རིས་འདིའི་བསྟན་དོན་སོགས་ལ་རྒྱུས་ལོན་བྱེད་རྒྱུའང་དཀལ་ངལ་ཆེ་མོད། འོན་ཀྱང་བྲག་བརྐོས་རི་མོ་ཞིབ་འཇུག་གི་ཁྱབ་ཁོངས་སུ་ལྟ་ཚུལ་དང་། བཞེད་པ་སྣ་ཚོགས་ཤིག་ཡོད་པ་ལས། ཡུལ་ཤུལ་གྱི་བྲག་བརྐོས་ཞིབ་འཇུག་པ་རྒན་ལྷ་རིས་འཇམ་དབྱངས་ཉི་མ་ལགས་ཀྱིས་གཟུགས་རིས་འདི་ནི་ཆུ་བོ་དྲག་ཏུ་འབབ་སྐབས། འགག་ཕྲེང་དོག་མོ་དང་། ས་གཤིས་ཀྱི་དབང་གིས་ཆུ་འཁྱིལ་གྱི་རླབས་རིས་བྱུང་པས། ཆུ་ཡི་མཚོན་དོན་དུ་དགོངས་པར་མ་ཟད། སྔ་རབས་ཀྱི་རི་ཆུའི་དད་མོས་དང་། ཆུ་ལ་འཁྱིལ་རིས་འདི་དག་ཡོད་ས་ནི་ལྷ་ཀླུ་སོགས་ཀྱི་བཞུགས་གནས་ཁྱད་པར་བ་ཞིག་ཏུ་འདོད། གཡོན་འཁོར་གྱི་འཁྱིལ་རིས་དེ་བོན་ཆོས་ཀྱི་བསམ་བློ་དང་དམུ་སྐས་སོགས་སུ་དགོངས[8]པ་བཞིན། ཁོ་བོས་འདི་ལྟར་འདོད་དེ། དེང་གི་མཚོ་སྔོན་པོའི་ས་ཁུལ་དུའང་རྨ་ཆུའི་ཁུག་པ་སོགས་ཆུ་བོ་དྲག་ཏུ་བཞུར་པའི་འགག་ཕྲེང་དུ་བྱུང་པའི་འཁྱིལ་རིས་ཡོད་ས་དེ་དམིགས་བསལ་བ་ཞིག་ཏུ་ངོས་འཛིན་བྱས་ཏེ། འདས་པོའི་རུས་ཐལ་དེ་གར་འདེབས་པའི་སྲོལ་མཆིས་པས། བྲག་བརྐོས་འདི་གའི་འཁྱིལ་རིས་དེའང་སྔ་རབས་མིའི་དད་མོས་མངོན་སྟངས་ཤིག་ཡིན་པར་འདོད་དོ། །
རྟ་ནི་སྔ་རབས་ཀྱི་མི་རིགས་གང་ཞིག་ལ་མཚོན་ནའང་མིའི་འཚོ་བ་དང་དད་མོས་སོགས་ལ་ཉེ་བར་འབྲེལ་བའི་སྲོག་ཆགས་ཤིག་ཡིན་ཏེ། མཚོ་སྔོན་ནས་བུད་པའི་དུར་སར་རྟ་ཡི་རུས་པ་ནི་སྔ་རབས་ཀྱི་དུས་སུ་རྟའི་མཆོད་སྦྱིན་དང་། དུར་རྫས་སུ་སྦས་པའི་རྫས་ཁྱད་པར་བ་ཞིག་ཡིན་པ་དང་། གནའ་དུས་སུ་རྟའི་མཆོད་སྦྱིན་ལ་བརྟེན་ནས་གནམ་ལ་བགྲོད་པའི་ཆོ་ག་ཞིག་ཡོད་པར་ངེས། ཏུན་ཧོང་ཡིག་རྙིང་ཁྲོད་དུ་རྟ་དང་གཡག་གཉིས་འཐབ་ཞིང་། མཐར་རྟ་ཡིས་མི་ལ་སྐྱབས་བཅོལ་ནས་གཡག་ལ་ཕར་རྒོལ་བྱས་ཏེ། མིའི་རིགས་ཀྱི་གྲོགས་པོར་གྱུར་ཚུལ་གྱི་གཏམ་རྒྱུད་ཡོད་པ་སོགས་ལ་གཞིགས་ན། སྲོག་ཆགས་དེ་གཉིས་ནི་སྔ་རབས་ཀྱི་མིའི་ཚོ་ཁག་གསུམ་གྱི་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་། ཕན་ཚུན་འཁྲུག་རྩོད་ཀྱི་རྣམ་པ་དེ་མཚོན་པར་སྙམ། རྟ་ནི་བྲག་བརྐོས་རི་མོའི་ཁྲོད་དུ་རྐྱང་གཟུགས་སུ་གནས་པ་ཞིག་མིན་པར། ནམ་རྒྱུན་ཏུ་མིའི་ཆིབས་པར་གནས་ཡོད་པས། འབྲོང་དང་ཤྭ་བ་སོགས་དང་འདྲ་བར་ཁེར་ཚུགས་ཀྱི་ཁྱད་ཆོས་དམིགས་བསལ་བ་ཞིག་མེད་པ་འདྲ། རྔོན་པ་རྟ་ལ་ཞོན་པའི་གཟུགས་རིས་ནི་མཚོ་སྔོན་གྱི་བྲག་བརྐོས་ཁག་ཏུ་བྱུང་པའི་བརྗོད་བྱ་གཙོ་བོ་ཞིག་ཡིན་ལ་གྲངས་འབོར་ཀྱང་མང་དུ་ཟིན་ཡོད། བྲག་བརྐོས་འདིར་རྔོན་པ་རྟ་ལ་ཆིབས་པའི་མིའི་གཟུགས་རིས་ནི་ཐིག་སྐུད་ཀྱི་རྣམ་པས་རྒྱ་གྲམ་གྱི་སྒྲོམ་གཞིས་མཚོན་པར་བྱས་ཡོད། མཚོན་ཐབས་འདིའི་རིགས་ནི་བྱང་ཐང་དང་། འབྲོང་ལུང་བྲག་བརྐོས་རི་མོ་ཁག་ཏུ་བྱུང་ཡོད་པས། བོད་སྔ་རབས་ཀྱི་སྒྱུ་རྩལ་མཚོན་ཐབས་ཤིག་ཀྱང་ཡིན་པར་ངེས། ལག་ཏུ་མདའ་གཞི་ཐོགས་ནས་ཤྭ་བ་རྔོན་པའི་སྣང་བརྙན་དེ་ཕར་བལྟས་ཚོད་ཀྱིས་དེང་གི་ལྡེབས་རིས་ཁག་གི་ཨ་མྱེས་རྨ་ཆེན་དང་། གཉན་ཆེན་ཐང་ལྷ་སོགས་གཞི་བདག་ཆེ་གེ་མོ་དག་གི་སྣང་བརྙན་ལྟ་བུ་ཞིག་ཏུའང་འཁྲུལ་ཉེན་ཆེ། བོད་ཀྱི་གདོད་མའི་བསམ་བློར་གཉན་རིགས་དང་། གཞི་བདག་གི་རིགས་ནི་རྟག་ཏུ་ས་གཉན་ཆུ་བཙན་གྱི་རི་བྲག་སོགས་སུ་གནས་པ་དང་། ཤྭ་བ་དང་ཡུ་མོ་སོགས་རི་དྭགས་སྣ་ཚོགས་ཤིག་གཞི་བདག་དེ་དག་གི་སྒོ་ཟོག་ཏུ་ངོས་འཛིན་དང་གཅེས་པར་བྱེད། གནའ་བོའི་དུས་སུ་རི་དྭགས་རྔོན་པ་དེ་ཆོས་ལུགས་ཀྱི་ཆོ་ག་ཞིག་དང་། དམག་དོན་སྦྱོང་བརྡར་ཀྱི་བྱེད་ཐབས་ཤིག་ལ་ངོས་འཛིན་བྱེད་མཁན་ཡང་ཡོད། ཕྱིས་སུ་བོད་དུ་ནང་བསྟན་རིག་གནས་རྒྱ་ཆེར་སིམ་འཛུལ་བྱས་པ་དང་བསྟུན། བརྡོལ་བོན་གྱི་ཆོ་ག་མང་པོ་ཞིག་ཀྱང་རིམ་གྱིས་ཕན་ཚུན་འདྲེས་འགྱུར་བྱུང་བར་མངོན། ནང་ཆོས་བོད་དུ་སྤེལ་སྐབས་བོན་གྱི་གནའ་བོའི་ལྷ་རབས་མང་པོ་ཞིག་སློབ་དཔོན་པད་འབྱུང་གིས་བན་གྱི་ཡི་དམ་དང་། ཆོས་སྐྱོང་དུ་བཀུར་ནས་བསྟན་པ་སྲུང་དུ་བཅུག་པ་དང་། དེ་དག་གི་ཡན་ལག་དང་། དབང་པོ་སོགས་སེམས་ཅན་གྱི་གཟུགས་གཞིར་བྱས་པ་སོགས་ནི་བོད་ཀྱི་གདོད་མའི་ལྷ་ཀླུ་གཉན་གསུམ་ལ་བཀུར་བའི་རིག་གནས་ཤིག་གི་རྒྱུན་ལས་བསྐྱེད་པར་སྙམ། བྲག་བརྐོས་ཁག་གི་ཤྭ་བ་ནི་མི་རྣམས་ཀྱིས་ཤྭ་རང་བྱོན་ཞེས་ཀུན་ལ་ཆ་རྒྱུས་དང་། གྲངས་འབོར་མང་དུ་ཟིན་པའི་རི་མོའི་གྲས་གཙོ་བོ་ཞིག་ཡིན་ལ། བོད་ཀྱི་སྔ་རབས་ཀྱི་ཆོས་ལུགས་ཆོ་གའི་ཁྲོད་འབྲོང་གཡག་ཇི་བཞིན་གྱི་གོ་གནས་ཆེན་པོ་ཟིན་ཡོད། ཤྭ་བ་ནི་བོན་གྱི་བསྟན་མ་བཅུ་གཉིས་སོགས་སྔ་རབས་ལྷ་ཚོགས་མང་པོ་ཞིག་གི་ཆིབས་པ་ཡིན་ལ། ཤྭ་བར་ཆིབས་ཏེ་གནམ་དུ་གཤེགས་པར་ངོས་འཛིན་བྱེད། བྲག་བརྐོས་རི་མོ་ཁག་ཏུ་བྱུང་པའི་ཤྭ་བ་འདི་དག་ཀྱང་སྔ་རབས་རིག་གནས་སམ་ཆོས་ལུགས་ཆོ་གར་ངོས་འཛིན་བྱས་ནའང་འགལ་བ་ཆེར་མེད་པར་སྣང་ངོ་། །
འབྲོང་ངམ་གཡག་ནི་བོད་ཀྱི་རིག་གནས་ལ་འབྲེལ་བ་ཆེར་ལྡན་པའི་སྲོག་ཆགས་ཁྱད་པར་བ་ཞིག་ཡིན་ཏེ། བྲག་བརྐོས་རི་མོ་དང་ལྡེབས་རིས་ཁག་ཏུའང་གྲངས་འབོར་མང་ཤོས་ཟིན་ཡོད། «འཛམ་གླིང་གངས་རྒྱལ་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག»[9]ཏུ་བཀོད་པ་ལྟར་ན། ལྷ་ཀུ་བྱི་མང་རྐེ་སྲིད་པའི་དབལ་ཆེན་གེ་ཁོད་ཀྱི་སྤྲུལ་བ་ཡིན་པ་དང་། འོད་གསལ་ལྷའི་ཡུལ་ནས་སྲིད་པའི་དབལ་གཡག་དཀར་པོར་སྤྲུལ་ནས་རྣམ་པ་དགུ་ལྡན་གྱིས་འོད་ཟེར་དང་འགྲོགས་ཏེ་གངས་རིན་པོ་ཆེའི་རྩེར་བབས། དེར་དབལ་ཆེན་ལྷ་བབས་ཀྱི་རི་ཞེས་པའི་ཐེམ་པ་ཞིག་ཡོད་པར་སྨྲ། དེ་ནས་བཟུང་མི་རྣམས་ཀྱིས་སྲིད་པའི་དབལ་གཡག་དཀར་པོ་ནི་སྲིད་པའི་འབྲོང་སྔ་མར་ངོས་བཟུང་ཞིང་། བོད་ཡུལ་དུ་འབྲོང་དཀར་པོ་དང་འབྲེལ་བའི་ངག་རྒྱུན་དང་། གཏམ་རྒྱུད་སོགས་རྒྱ་ཆེར་དར་ནས་བོད་ཀྱི་རིག་གནས་ཁྲོད་དུ་གོ་བབ་གལ་ཆེན་ཞིག་ཟིན་པར་གྱུར། དེང་གི་དུས་སུའང་མ་ཎི་རྡོ་བརྩིགས་ཀྱི་སྟེང་དང་། ཁྱིམ་ཚང་གི་གྱང་ངོས་སོགས་སུའང་འབྲོང་རྭ་དང་། འབྲོང་མགོ་འགེལ་བ་སོགས་ས་ཁྱབ་རྡོ་ཁྱབ་དུ་ཕྱིན་ཡོད། གཞན་ད་དུང་གྲི་གུམ་བཙན་པོའི་བཙུན་མོ་ལོ་ངམ་གྱིས་རྟ་རྫིར་བཅོལ་ཞིང་། དེར་ཡུམ་བཙུན་མོ་དེས་རྟ་འཚོལ་ཕྱིན་ནས། གཉིད་ལོག་པའི་རྨི་ལམ་ན། ཡར་ལྷ་ཤམ་པོའི་སྤྲུལ་པ་མི་དཀར་པོ་ཅིག་དང་འབྲེལ་བ་རྨིས། གཉིད་སད་ཙ་ན། སྔས་མགོ་ནས་གཡག་དཀར་པོ་ཅིག་ལངས་ནས་སོང་བ་མཐོང་།[10]ཞེས་པ་ལྟར། བོད་བཙན་པོའི་དུས་སུའང་གཡག་དཀར་པོ་དང་འབྲེལ་བའི་བོད་ཀ་གཡག་དྲུག་དང་། རུ་ལས་སྐྱེས་ཀྱི་མི་རྒྱུད་གཡག་ལས་གྲོལ་བའི་ངག་རྒྱུན་དང་ཡུལ་སྲོལ་སོགས་མང་དུ་མཆིས། དེ་མིན་གེ་ཁོད། སྲིད་པའི་རྒྱལ་མོ། ཡར་ལྷ་ཤམ་པོ། ཨ་མྱེས་རྨ་ཆེན་སོགས་ཀྱང་འབྲོང་ངམ་གཡག་ལ་ཆིབས་པ་ནི་བོད་སྔ་རབས་ཀྱི་སྲིད་པའི་དབལ་གཡག་དང་འབྲེལ་བའི་མི་ཡི་སྤྱོད་ལམ་ལྷ་ལ་འཕོས་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་གོ །ཕྱི་རྒྱལ་གྱི་ཞིབ་འཇུག་པ་བིན་ཟིན་ཐི་པེ་ལི་སའ(温森特 ·贝莱萨)ལགས་ཀྱི་བྲག་བརྐོས་རི་མོའི་ཁྲོད་མིའི་གཟུགས་རིས་མེད་པར། འབྲོང་གཡག་གཅིག་པུའི་རི་མོའི་མཚོན་དོན་ནི་རྔོན་ལས་དང་ཕྱུགས་རིགས་འཚོ་སྐྱོང་གི་རྣམ་པ་དང་ནང་དོན་མཚོན་མེད་པར། སྔ་རབས་ཀྱི་མིའི་དད་འདུན་གྱི་མཆོད་སྦྱིན་བྱེད་པའི་ཆོ་གའི་རིག་གནས་ཤིག་གི་བརྡ་ཐབས་སུ་བཞེད་དོ། །
ཁྱི་དང་འབྲེལ་ཡོད་ཀྱི་གཏམ་རྒྱུད་དང་། ངག་རྒྱུན་ཐན་ཐུན་ལས་ཆོ་ག་དང་ཡུལ་སྲོལ་སོགས་སྔ་རབས་ཀྱི་ཡིག་ཆ་ཁག་ཏུ་བྱུང་པ་ཅུང་ཉུང་ལ། བྲག་བརྐོས་རི་མོ་ཁག་ལས་ནམ་རྒྱུན་མིས་རི་དྭགས་རྔོན་པའི་རོགས་འདེགས་དང་འཚོ་ཚིས་སྒྲུབ་པའི་གྲོགས་སུ་གྱུར་ཡོད་པས། གཟུགས་རིས་འདི་འཕར་སྤྱང་དང་འཁྲུལ་ཉེན་གྱི་འགལ་བ་དེ་ཟློག་ཐུབ། བཙན་པོའི་རྒྱལ་རབས་ཀྱི་དུས་སུ་ལོ་ངམ་གྱིས་ཁྱི་མོ་ཉན་གྱི་རྣ་གསང་མ་བྱ་བ་གྲི་གུམ་གྱི་སར་བཏང་ནས་གནས་ཚུལ་རྒྱུས་ལོན་བྱས་པ་དང་།[11] རྷྱ་མོ་རྷལ་བཞི་ཁུགས་དང་། སྣ་ནམ་བཙན་བཞོང་རྒྱལ་གཉིས་ཀྱིས་སྲྀད་ཀྱི་ཁྱི་བོ་ཆེ་འོན་ཟུགས་ཡར་གྲགས་དང་། འཇང་གྀ་ཟུ་ལེ་མ་འཇང་འོན་རྐུ་གཉིས་ཀྱི་སྤུ་ལ་དུག་བསྐུསྟེ་ལོ་ངམ་བགྲོངས[12]ནས་རྒྱལ་སྲིད་སླར་བཞེས་པ་སོགས་ཁྱི་ནི་མི་ལ་བློ་དཀར་བ་དང་། དགྲ་འདུལ་གཉེན་སྐྱོང་སོགས་ཀྱི་ནུས་པ་ཁྱད་པར་བ་མངའ་བའི་གྲོགས་པོ་ཞིག་ཡིན། དེར་མ་ཟད་བོན་གྱི་ལྷ་ཚོགས་ཁྲོད་དུ་ཁྱིའི་དབུ་རིས་ཅན་གྱི་བཙན་ལྷ་དང་། དུར་ས་དང་ཆོ་གའི་རྫས་སུ་ཁྱི་མགོ་རྫོངས་པ་སོགས་ནི་ཆོ་གའི་རྫས་ཀྱི་དགོས་མཁོ་འམ་རིག་གནས་རྣམ་པ་ལས་དད་མོས་ཀྱི་འདུ་ཤེས་ཆེན་པོ་མེད་པ་འདྲ། སྟག་ཚང་དཔལ་འབྱོར་བཟང་པོའི«རྒྱ་བོད་ཡིག་ཚང་ཆེན་མོ»རུ“ཕྱི་སྒོའི་གདོང་ན་རྡོ་རིངས་བཞི། དེའི་སྟེང་ན། ཟངས་ཀྱི་ཁྱི་མོ་རེ་རེ་དང་བཅས་པ་རྣམས།”[13]ཞེས་པ་དང་། ཡང་དེ་རུ“རྡོ་རིངས་བཞི་པོའི་སྟེང་གི་ཟངས་ཀྱི་ཁྱི་མོ་རྣམས་ཕྱོགས་བཞིར་འཕྱོངས་ཏེ། སྐད་ཐེངས་གསུམ་སྟོན་ནས། སླར་ཡང་རྡོ་ཁར་ལོག་པ།”[14]སོགས་ལ་གཞིགས་ན། བསམ་ཡས་རྡོ་རིང་གི་ཏོག་ལྟ་བུར་ཡང་ཟངས་ཀྱི་ཁྱི་གཟུགས་བཞེངས་ཤིང་། སྐད་སྒྲོག་པའི་ནུས་མཐུ་ཁྱད་པར་ཅན་མངའ་པ་སོགས། ཁྱི་ནི་མི་སྐྱིད་སྡུག་ལེགས་ཉེས་གང་ལ་ཐུག་ཀྱང་། གྲོགས་མཛད་པའི་གཅན་གཟན་ཁྱད་པར་ཞིག་ཏུ་ངོས་འཛིན་བྱེད་དོ། །
བཞི་པ། གནའ་དཔྱོད་ལོ་དུས་ངོས་འཛིན་དང་རི་མོའི་རིན་ཐང་།
བྲག་བརྐོས་རི་མོའི་གནའ་དཔྱོད་དུས་རབས་ཀྱི་དབྱེ་མཚམས་འབྱེད་རྒྱུ་ནི་འཛམ་གླིང་ཧྲིལ་བོའི་བྲག་བརྐོས་ཞིབ་འཇུག་གི་ཁྱབ་ཁོངས་སུ་ཐག་གཅོད་བྱེད་མ་ཐུབ་པར་ལུས་པའི་དཀའ་ཁག་ཆེ་ཤོས་ཀྱི་དཔྱད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། བྲག་བརྐོས་རི་མོ་ནི་སྔོན་གྱི་གནའ་ཤུལ་དང་། གཏེར་བཏོན་རིག་དངོས་སོགས་དང་མི་འདྲ་བར14Cཡི་ཚན་རིག་གི་བྱེད་ཐབས་སྤྱད་ནས་ལོ་ཁམས་ཐག་གཅོད་བྱེད་པ་ཞིག་མིན་པས། ཉེ་བའི་ལོ་འགའི་རིང་གི་ཞིབ་འཇུག་སོགས་བརྒྱུད་དེ། བྲག་བརྐོས་རི་མོའི་དུས་རབས་དབྱེ་འབྱེད་ལ་བྱེད་ཐབས་རིགས་གཉིས་ཡོད་དེ། གཅིག་ནི་སི་ཁྲོན་སློབ་ཆེན་གྱི་གནའ་དཔྱོད་སོའོ་ཡི་ཕྱོགས་བསྡུས་དུས་འབྱེད(综合断代法)དང་། ཅིག་ཤོས་ནི་མཚོ་སྔོན་གནའ་དཔྱོད་ཞིབ་འཇུག་སོའོ་ཡི་རུལ་བསླད་ཕྲ་མོའི་ཐབས(微腐蚀法)[15]སོགས་ལས། བྲག་བརྐོས་རི་མོའི་རླུང་གི་ཟད་གྲུབ་ཀྱི་སྟེང་ནས་བྱུང་དུས་ཀྱི་ལོ་ཁམས་དབྱེ་ཞིབ་དང་གཏན་ཁེལ་བྱེད་པ་ཡིན། སྤྱི་ལོ1997ལོར་མཚོ་སྔོན་གནའ་དཔྱོད་ཞིབ་འཇུག་སོའོ་ཡིས་རུལ་བསླད་ཕྲ་མོའི་ཐབས(微腐蚀法)སྤྱད་དེ་མཚོ་སྔོན་གྱི་ས་ཚིགས་གསུམ་གྱི་བྲག་བརྐོས་རི་མོའི་བྱུང་དུས་ལ་ཞིབ་དཔྱད་བྱས་པ་ལྟར་ན། ཀླུ་གསེང་བྲག་བརྐོས་རི་མོ(卢森岩画)ནི་ད་ལྟའི་བར་དུ་ལོ2000དང་། ཀླུ་མང་བྲག་བརྐོས་རི་མོ(鲁茫沟岩画)ལ་ལོ2300དང་། འབྲོང་ལུང་བྲག་བརྐོས་རི་མོ(野牛沟岩画)ལ་ལོ3200ཡོད་པར་ངོས་འཛིན་བྱས།[16] གཞན་ད་དུང་ཞིབ་འཇུག་པ་ཐང་ཧུའེ་ཧྲང(汤惠生)ལགས་ཀྱིས་མདོ་དབུས་མཐོ་སྒང་གི་བྲག་བརྐོས་རི་མོ་ཁག་སྤྱི་ལོ་སྔོན་གྱི་ལོ1000ནས་སྤྱི་ལོ་སྔོན་གྱི་ལོ500ཡི་བར་དུ་བྱུང་བར་བཞེད[17]པ་སོགས་ལ་གཞིགས་ན། མདོ་དབུས་མཐོ་སྒང་གི་བྲག་བརྐོས་རི་མོ་ཁག་ཕལ་ཆེར་སྤྱི་ལོ་སྔོན་གྱི་ལོ1000ལྷག་གི་སྔ་རྗེས་སུ་བྱུང་པའི་སྔ་རབས་ཀྱི་ཟངས་ཆས་སྤྱོད་པའི་དུས་སྐབས་ཀྱི་རིག་དངོས་པ་དང་། ཟི་ཅི་ཐེ་ཡི་སྒྱུ་རྩལ་མཚོན་ཐབས་ཀྱི་ཤྭ་བའི་གཟུགས་རིས་རེ་གཉིས་ཡོད་པ་སོགས་གཞིར་བྱས་ན། གུང་ཧོ་འཁྱམས་རུ་རབ་འོག་མའི་བྲག་བརྐོས་འདིའང་མདོ་དབུས་མཐོ་སྒང་གི་བྲག་བརྐོས་རི་མོ་ཁྱབ་ཡུལ་གསུམ་གྱི་ཁྱབ་ཁོངས་སུ་གཏོགས་ཤིང་། མཚོན་ཐབས་ཀྱི་ཆ་ནས་ཀྱང་གཟོང་བརྐོས་ཀྱི་ཐབས་ལམ་ཤུགས་ཆེ་བ་དང་། རྔོན་པའི་མདའ་གཞུ་སོགས་ཀྱང་ལྕགས་ཆས་ཀྱི་རིགས་སུ་གཏོགས་པས། ས་ཁུལ་འདི་དག་ཏུ་ཟངས་ཆས་དང་། ལྕགས་ཆས་སོགས་བྱུང་ནས་ལག་ཤེས་ཀྱི་ཆུ་ཚད་ངེས་ཅན་ཞིག་ལ་ཐོན་པ་མཚོན་ནུས་པ་དང་། ཕལ་ཆེར་གོང་གསལ་གྱི་འབྲོང་ལུང་བྲག་བརྐོས་རི་མོ་དང་ཀླུ་མང་བྲག་བརྐོས་རི་མོ་སོགས་དང་དུས་མཉམ་པའི་སྤྱི་ལོ2000ནས3000ཡས་མས་ཤིག་ཏུ། རིམ་བྱུང་གི་མི་རྣམས་ཀྱིས་སྔ་ཕྱི་བྱས་ནས་བྲག་ལ་བརྐོས་པར་འདོད། ལྷག་པར་འབྲོང་གི་རྭ་ཅོ་སྒོར་པ། རྐེ་ཐུང་པ། གཟུགས་གཞི་ཆེ་བ། སུག་བཞི་ཕྲ་བ། རྔ་མ་གྱེན་དུ་ཞོགས་པ་སོགས་ནི་རི་མོའི་མཚོན་ཐབས་སྔ་ཤོས་ཀྱི་གྲས་སུ་བགྲངས་པར་ཞིབ་འཇུག་པ་ཀུན་གྱི་དགོངས་པ་གཅིག་ཏུ་བཞེད་པས། བྲག་བརྐོས་འདིའང་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ཞིབ་འཇུག་གི་དགོས་པ་ཆེར་ལྡན་པའི་སྔ་རབས་ཀྱི་རིག་དངོས་ཤིག་ཡིན་པ་བསྙོན་དུ་མེད། མཚོ་སྔོན་པོའི་འགྲམ་རྒྱུད་དུའང་གནའ་སྔ་མོའི་དུས་ཤིག་ནས་འགྲོ་བ་མི་ཡི་སྤྱི་ཚོགས་བྱུང་ཡོད་པ་དང་། ཕྱིས་ཀྱི་དུས་རབས་མང་པོ་ཞིག་བརྒྱུད་མཐར་གཞི་ནས་རིགས་རུས་དང་བླ་ཟོག་གི་རིག་གནས་ཀྱང་རིམ་བཞིན་བྱུང་ཡོད་པར་མངོན་ཏེ། བོད་ཀྱི་རུས་ཆེན་ཨ་སྤོ་ལྡོང་གི་མི་རྒྱུད་ལས་འཁྲུངས་པའི་སྐྱེས་བུ་རྣམས་ནི་དབུས་གཙང་དང་བར་ཁམས། ཨ་མདོ་སོགས་སུ་ལྡོང་རིགས་མང་པོ་ཡོད་ཚུལ་དེ«བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ»སོགས་སུ་གསལ་བ་ལྟར་ཡིན་ལ། ཡང་དེར“སྒ་ནི་ཤིང་ཁམས་གཡག་ལ་བླ། །སྒོ་ནི་མེ་ཁམས་ར་ལ་བླ། །ལྡོང་ནི་ས་ཁམས་ཤྭ་བར་བླ། །སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ། །འབྲི་ནི་ཆུ་ཁམས་གཡག་ལ་བླ། །”[18]ཞེས་རུས་ཚན་དག་གི་འབྱུང་པའི་ཁམས་དང་བླ་སོགས་གསལ་བོར་ངེས་ཤིང་། ལྷག་པར་རུས་ལྡོང་ནི་འབྱུང་བ་སའི་ཁམས་དང་། རུས་བླ་ནི་ཤྭ་བ་ཡིན་པ་དང་། འབྲི་ནི་འབྱུང་བ་ཆུ་དང་། རུས་བླ་གཡག་ཡིན་པ་སོགས་ཞིབ་པར་གསལ་བས། མདོ་སྨད་མཚོ་སྔོན་པོའི་ཕྱོགས་ཀྱི་བྲག་བརྐོས་ཁག་ཏུའང་ཤྭ་བ་དང་འབྲོང་ངམ་གཡག་སོགས་ཀྱི་རི་མོ་མང་དུ་བྱུང་ཡོད་པར་གཞིགས་ན། དེ་དག་ནི་གང་འདོད་དུ་བྲག་ངོས་སུ་ཕབ་པའི་སྒྱུ་རྩལ་གྱི་རྣམ་པ་ཆིག་རྐྱང་བ་ཞིག་མིན་ཏེ། ལྡོང་དང་འབྲི་ཡི་རྒྱུད་ལས་གྲོལ་བའི་མི་སྡེའམ་ཚོགས་ཁག་ཞིག་གི་གནས་ངེས་པ་ཞིག་ཏུ། དད་མོས་ཀྱི་འདུ་ཤེས་ཤིག་གིས་བསྐྱེད་པའི་སྔ་རབས་ཀྱི་ཆོས་ལུགས་ཀྱི་ཆོ་ག་ཞིག་ཏུ་ངོས་འཛིན་བྱས་ན་འགལ་བ་མེད་པར་སྣང་། གནས་འདིའི་མེས་པོ་གོང་མ་རྣམས་ནི་ཤྭ་བ་དང་གཡག་སོགས་རུས་བླར་བཀུར་བའི་ལྡོང་དང་། འབྲི་ཡི་མི་རྒྱུད་ཀྱིས་དུས་སྐབས་རིང་པོ་ཞིག་གི་རིང་ལ། རྩྭ་ཆུ་མོད་པའི་མཚོ་མོ་འདི་གའི་འགྲམ་རྒྱུད་དུ་འཚོ་བ་རོལ་ཏེ། འཚོ་ཚིས་ཀྱི་ལས་ལ་འབད་ཅིང་། རིགས་རྒྱུད་ཀྱི་མྱུ་གུ་མང་དུ་འཕེལ་བ། ཆོས་ལུགས་དད་མོས་སོགས་བསམ་པའི་དཔལ་ཡོན་གྱི་རིག་པ་ཁྱད་པར་བ་ཞིག་བསྐྲུན་ཡོད། མདོར་ན་བྲག་བརྐོས་རི་མོ་ཁག་ཏུ་བྱུང་པའི་འབྲོང་གཡག་དང་ཤྭ་བ། རྐྱང་སོགས་ནི་དུས་རབས་ཤིག་གི་སྔ་རབས་ཀྱི་མི་སྡེས་ཐུན་མོང་གི་བླ་ཟོག་དང་། ཆོས་ལུགས་དད་མོས། མཛེས་འཛིན་གྱི་བསམ་བློ། ཡུལ་སྲོལ་རིག་གནས་སོགས་ཀྱིས་མཚོན་པའི་སྒྱུ་རྩལ་གྱི་མཚོན་ཐབས་ཁྱད་པར་བ་ཞིག་ཡིན་པར་འདོད། མཚོ་སྔོན་པོའི་ཕྱོགས་ཀྱི་བྲག་བརྐོས་ཁག་གི་བྱེད་པོ་ལྡོང་དང་། འབྲི་ཡི་མི་རྒྱུད་ལས་བྱུང་པར་འདོད་པའི་ལོག་རྟོགས་དང་ནོར་འཆུག་གི་ཆ་ལ་མུ་མཐུད་ནས་དཔྱད་པ་གཏང་རྒྱུ་དང་། རི་མོ་འདི་དག་གིས་སྔ་རབས་ཀྱི་མིའི་སྒྱུ་རྩལ་མཚོན་ཐབས་དང་། ཆོས་ལུགས་དད་མོས། སྤྱི་ཚོགས་འཕོ་འགྱུར། རིག་གནས་འབྲེལ་འདྲིས་སོགས་ཕྱོགས་མང་པོ་ཞིག་ལ་བསམ་གཞིག་བགྱི་པའི་སྒོ་མོར་ངེས་པས། དཔྱོད་མཁས་ཞིབ་འཇུག་པ་དག་གི་སྤྱན་སྔར་ཕུལ་བ་དང་། སྒོས་སུ་ས་གནས་སྲིད་གཞུང་གིས་གནའ་བོའི་རིག་དངོས་འདི་ལ་སྲུང་སྐྱོབ་དང་། མུ་མཐུད་ནས་མི་སྣ་རྩ་འཛུགས་བྱས་ནས། བྲག་བརྐོས་རི་མོ་འཚོལ་ཞིབ་བྱེད་པར་སྐུལ་མ་བཏང་པ་ལགས་སོ། །དཔྱད་གཞིའི་ཡིག་ཆ།
[1] 王利军,哈龙沟发现的古代岩画[J].青海社会科学.1982:3
[2] 徐新国,格桑本.青海海西州哈龙沟、巴哈默力沟岩画调查简报[R].文物.1984:2
[3] 汤惠生, 张文华.青海岩画[M].科学出版社.2001
[4][6][15][16][17] 张亚莎,西藏的岩画[M].青海人民出版社.2006:50-51.53.54.56
[5] 李永宪,西藏原始艺术 [M]. 河北教育出版社.2000:151.46
[7][8] 拉日·甲央尼玛,玉树岩画考察 [M] .四川民族出版社.2018:34.34
[9] ཁྲི་བསོད་བརྟན། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ། [G] ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། 2018:28
[10] ས་སྐྱ་བསོད་ནམས་རྒྱལ་མཚན། རྒྱལ་རབས་གསལ་བའི་མེ་ལོང་། [M] མི་རིགས་དཔེ་སྐྲུན་ཁང་། 2013:70
[11] ཁྱི་མོ་ཉན་གྱི་རྣ་གསང་མ་བྱ་བ་རྒྱལ་རབས་གསལ་བའི་མེ་ལོང་གཞིར་བྱས་པ་ཡིན། གཏམ་རྒྱུད་ཀྱི་ཞིབ་ཕྲའི་གནས་ཚུལ་རྒྱལ་རབས་དེ་གར་གསལ་ལོ། །
[12] ཞིབ་ཕྲའི་གནས་ཚུལ་ཏུན་ཧོང་ཡིག་རྙིང་ན་གསལ།
[13][14] སྟག་ཚང་དཔལ་འབྱོར་བཟང་པོ། རྒྱ་བོད་ཡིག་ཚང་ཆེན་མོ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985:182.184
[18] གྱི་ཐང་བཀྲ་ཤིས་རྒྱ་མཚོ་དང་ཐུགས་མཆོག་རྡོ་རྗེ། བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་ཞེས་བྱ་བ་བཞུགས་སོ།། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992:6
རྩོམ་པ་པོ།
རྨོག་རུ་མཁར་རྒྱལ་བྱམས། ཕོ། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས།
ནོར་བུ་ལྷུན་གྲུབ། ཕོ། གུང་ཧོ་རྫོང་ནོར་སྲིད་ཅུའུ།
ཡོང་ཁུངས། ༢༠༢༠ལོའི་རྩེར་སྙེག་དེབ་བཞི་པ།
འབྲེལ་ཡོད་འོས་སྦྱོར།