logo

མཚོ་སྔོན་འབའ་རྫོང་ནག་བཟའ་ནོར་ལུང་ཁོག་གི་བྲག་བརྐོས་རི་མོ།

རྩོམ་པ་པོ།:རྨོག་རུ་མཁར་རྒྱལ་བྱམས། ནག་བཟའ་རིག་འཛིན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-04-09 ཀློག་གྲངས།:
གསར་དུ་རྙེད་པའི་མཚོ་སྔོན་འབའ་རྫོང་ནག་བཟའ་ནོར་ལུང་ཁོག་གི་བྲག་བརྐོས་རི་མོའི་ཐོག་མའི་རྟོག་ཞིབ།
རྨོག་རུ་མཁར་རྒྱལ་བྱམས། ནག་བཟའ་རིག་འཛིན་ཚེ་རིང་།

གནད་བསྡུས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་ནས་གསར་རྙེད་བྱུང་བའི་བྲག་བརྐོས་རི་མོ་ནི་མཚོ་དཔངས་རྨིད3430གིས་ཆོད་པའི་གནས་ཏེ། རྐ་འབའ་སུམ་མདོ་གྲོང་རྡལ་ནག་བཟའ་སྡེ་བ་རུ་ཁག་གཉིས་པའི་མངའ་ཁོངས་ཀྱི་ལུང་པ་ནོར་ལུང་ཁོག་ཅེས་པའི་ལྷོ་ལྟའི་གཡས་སམ་ཉིན་ངོས་དང་། དེའི་གྲོག་རོང་གི་རིམ་པ་གཉིས་པའི་འགྲམ་རྒྱུད་དང་། རང་བྱུང་གི་བྲག་ངོས3གྱི་ངོས་སུ། གཟུགས་རིས་གསལ་ཞིང་ཆ་ཚང་བ་དང་། ཞིག་པོར་གྱུར་བ་བསྡོམས་ན18ལྷག་ཤེས་རྟོགས་བྱུང་ཡོད། དེའི་ཁྲོད་གཟུགས་རིས་མང་ཤོས་ནི་འབྲོང་གཡག་སོགས་སྲོག་ཆགས་ཀྱི་རིགས་ཏེ། སྐྱ་མི་དང་། ལྷ་བ། རི་དྭགས་ཤྭ་བ་སོགས་ཡིན། ནག་བཟའི་ནོར་ལུང་བྲག་བརྐོས་རི་མོ་ནི་ད་ལྟའི་བར་ཕལ་ཆེར་ལོ2500-2000འགོར་ཞིང་། མདོ་དབུས་མཐོ་སྒང་གི“ཟངས་ཆས་དུས་རབས”ཀྱི་ཕྱུགས་ལས་རིག་གནས་ཀྱི་གནའ་ཤུལ་ཞིག་ཡིན་པར་སྙམ། ཡུལ་མིའི་ངག་ཏུ་ལུང་པ་དེར་ནོར་ལུང་ཁོག་ཅེས་འབོད་པས“འབའ་རྫོང་ནག་བཟའ་ནོར་ལུང་བྲག་བརྐོས་རི་མོ”ཞེས་པའི་མིང་བཏགས། རི་མོ་འདི་དག་རྙེད་པ་དེས་རྨ་ཆུའི་རྒྱུད་ཀྱི་འབའ་རྫོང་དུ་སྔར་བྲག་བརྐོས་རི་མོ་མེད་པའི་སྟོང་ཆ་ཞིག་གསབ་པ་དང་། མཚོ་སྔོན་གྱི་རྨ་ཆུའི་འགྲམ་དུ་གནའ་བོའི་བྲག་བརྐོས་རི་མོ་མང་པོ་ཡོད་པའི་བདེན་དཔང་ཡང་བྱུང་ཡོད། རི་མོ་འདི་དག་མཚོ་ནུབ་དང་། མཚོ་བྱང་། མཚོ་ལྷོ་སོགས་སུ་རྙེད་པའི་རི་མོའི་ས་ཁམས་ཁོར་ཡུག་དང་། མཚོ་དཔངས་སོགས་ཕལ་ཆེར་གཅིག་མཚུངས་སུ་ཡོད་པས། མདོ་དབུས་མཐོ་སྒང་ས་ཁུལ་ལས“མཚོ་སྔོན་པོའི་མཐའ་འཁོར་གྱི་བྲག་བརྐོས་རི་མོ”ལ་གཏོགས་ཤིང་། རི་མོའི་ནང་དོན་ལ་བརྟགས་ན། ་ཕྱུགས་རིགས་འཚོ་སྐྱོང་དང་རི་དྭགས་རྔོན་པ་སོགས་གདོད་མའི་འཚོ་ཚིས་སྒྲུབ་པའི་རྣམ་པ་ཇི་བཞིན་མཚོན་པ་དང་། རྫོང་རུའི་གནའ་ཤུལ་ནས་བུད་པའི་རྫས་ཆས་སོགས་དང་། ཁྲི་ཀ་རྫོང་མགོའི་བྲག་བརྐོས་རི་མོ་སོགས་དང་ཉེ་ཤོས་སུ་གྱུར་པའི་རྒྱུད་གཅིག་གི་བྲག་བརྐོས་རི་མོ་ཡིན་པར་འདོད་དོ། །
གནད་ཚིག འབའ་རྫོང་ནག་བཟའ། བྲག་བརྐོས་རི་མོ། རྟོག་དཔྱོད་དང་ཞིབ་འཇུག །

གླེང་གཞི།
       2019ལོ་ནས་བཟུང་སྟེ། སི་ཁྲོན་སློབ་གྲྭ་ཆེན་མོའི་གནའ་དཔྱད་ཞིབ་འཇུག་པ་ལི་ཡུང་ཞན(李永宪)དང་། ཧོ་པེ་དགེ་འོས་སློབ་གྲྭ་ཆེན་མོའི་ཐང་ཧུའེ་ཧྲེང(汤惠生)སོགས་ཀྱིས་སྣེ་ཁྲིད་པའི་མདོ་དབུས་མཐོ་སྒང་གི་བྲག་བརྐོས་རི་མོ་འཚོལ་ཞིབ་ཀྱི་མཐུན་རྐྱེན་ལ་བརྟེན་ཏེ། གསེར་ཆེན་རྫོང་འཁྱམས་རུ་རབ་འོག་མའི་བྲག་བརྐོས་རི་མོ་དང་། ཆོས་རྗེ་མཆོད་རྟེན་སྡེ་བ་སོགས་སུ་སྔར་མཐོང་ཆོས་སུ་མ་གྱུར་པའི་བྲག་བརྐོས་རི་མོ་མང་པོ་རྙེད་དེ་སྔ་ཕྱིར་ཐེངས་མང་པོར་བསྐྱར་ཞིབ་བྱས་ཤིང་། དེ་ཡང་ཡུལ་དེ་དག་ཏུ། དུས་རབས20པའི་ལོ་རབས80པ་སྟེ། 1982-1984ལོའི་བར་དུ་ཞིབ་འཇུག་པ་དག་གིས་དཔྱད་གཞིའི་ཡིག་རིགས་སུ་འཁོད་པ་ལྟར་མཚོ་ནུབ་དང་། མཚོ་བྱང་ཁུལ་ནས་བྲག་བརྐོས་རི་མོའི་ས་ཚིགས2[1]དང་། 1985-1988[2]ལོའི་བར་དུ་མཚོ་ལྷོ་དང་།མཚོ་ནུབ་ནས་བྲག་བརྐོས་རི་མོའི་ས་ཚིགས13[3]དང་། 2016ལོར། ཁྲི་ཀའི་རྫོང་མགོ[4]ནས་གསར་དུ་རྙེད་ནས་གནས་ཚུལ་བསྡུ་རུབ་བྱས་པ་ནི་དེར་མ་ཚུད་ཅིང་། དེ་དུས་ཤེས་རྟོགས་མ་བྱུང་བའི་གསེར་ཆེན་རྫོང་འཁྱམས་རུ་རབ་འོག་མའི་བྲག་བརྐོས་རི་མོའི་ས་ཚིགས4དང་། མང་རྫོང་འབུམ་ལུང་ནས་གསར་དུ་རྙེད་པའི་བྲག་བརྐོས་རི་མོ་དེ་དག་པར་དུ་ལེན་པ་དང་། ཐོ་ལ་འགོད་པ་སོགས་ཀྱི་ལས་ཁུར་དུ་བླངས་ཤིང་། ཞིབ་འཇུག་གི་དཔྱད་གཞིའི་རྒྱུ་ཆ་མང་པོ་ཞིག་གཅེས་ཉར་བྱུང་བའི་གྲོགས་པོ་ནག་བཟའ་རིག་འཛིན་ཚེ་རིང་གིས་ཐོས་ཏེ། ཁོའི་ཕ་ཡུལ་གྱི་ནོར་ལུང་ཁོག་ཅེས་པར་གནའ་བོའི་བྲག་བརྐོས་རི་མོ་ཞིག་ཡོད་ཅིང་། ད་ལྟའི་བར་ཀུན་གྱི་མཐོང་ཆོས་སུ་མ་གྱུར་པ་དང་ཞིབ་འཇུག་གི་དཔྱད་གཞིར་རི་བ་སོགས་ཀྱི་གཏམ་དང་རྒྱུས་ཞིབ་ཏུ་བརྗོད་པར་བརྟེན། 2021ལོའི་ཟླ8པར། ཁོ་བོ་ཅག་ནག་བཟའི་ཡུལ་ལུང་དེར་ཆས་ཤིང་། ཆས་ནས་ཀྱང་དེང་གི་རིག་གཞུང་གི་དཔེ་སྲོལ་བཞིན་གནས་དེའི་བྲག་བརྐོས་རི་མོར་བརྟག་དཔྱད་བྱས་པའི་ཡི་གེ་དང་། དེ་དོན་ལ་བསམ་གཞིགས་ཀྱི་བགྱི་བ་ལྷུར་བླངས་པ་འོག་ཏུ་བཤད་པར་བྱའོ། །
དང་པོ། བྲག་བརྐོས་རི་མོའི་གནས་ཡུལ།
       ད་རེས་གསར་རྙེད་བྱུང་བའི་བྲག་བརྐོས་རི་མོ་འདི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་ནག་བཟའ་སྡེ་བའི་ཤར་གྱི་གཞུང་ཐིག100°20’18”དང་། བྱང་གི་འཕྲེད་ཚད35°22’18དང་། མཚོ་དཔངས་རྨིད3430གི་མཚམས། དགུན་སའི་“ནོར་ལུང་ཁོག་”ཅེས་པའི་ལུང་པ་ལྷོ་ལྟ་དེའི་གཙང་གི་ཉིན་གྱི་བྲག་ངོས་དང་། གྲོག་རོང་གི་གཡས་འགྲམ་དུ་བརྐོས་ཤིང་། གྲོང་རོང་དེ་དབྱར་དང་སྟོན་ལ་ཆུ་བོ་རྒྱས་ཤིང་། དགུན་དང་དཔྱིད་ལ་སྐམ་པའི་དུས་ཚིགས་ཅན་གྱི་ངོ་བོར་ཡོད། ལྷོའི་གཞོང་ལ་དེང་གི་དུས་སུ་སྐད་གྲགས་ཆེ་བའི་རྨ་ཆུའི་འགྲམ་གྱི་རྫོང་རུས་གནའ་ཤུལ་དང་སྤྱི་ལེ15ཡས་མས་ཀྱིས་ཕན་ཚུན་འདབས་འབྲེལ་དུ་གནས་ཤིང་། ཡུལ་མིས་ངག་ཏུ་ལུང་པ་དེར་ནོར་ལུང་ཁོག་ཅེས་སུའང་འབོད། ཡུལ་དེ་ནི་ཕྱོགས་བཞི་རི་བོས་བསྐོར་ཅིང་། རྩི་ཤིང་སྨན་སྣས་ཁྱབ་པ། རི་ངོས་གཡང་གཟར་ཆེ་ལ། ལོ་ཟླ་རིང་མོའི་དུས་བཞིའི་ཁ་ཆར་ཉི་ཟེར་ལྷགས་རླུང་གིས་རི་མོ་ཇི་བཞིན་ངོས་འཛིན་དཀའ་ན་ཡང་། བྲག་ངོའི་ས་དྲེག་རྣམས་བསལ་ཞིང་འཁྲུད་བཤལ་སོགས་ཀྱི་རྩོལ་བ་ཁུར་དུ་བླངས་མཐར། རི་མོ་རྣམས་རང་རེའི་ལུགས་བཞིན་གཡས་ནས་གཡོན་དུ་རིམ་བཞིན་དུ། ལྡེབAདངBདངCབཅས་ཚན་པ(རི་མོ་དང་པོ། བྲག་བརྐོས་རི་མོའི་ཁྱབ་སྟངས།)གསུམ་དུ་ཕྱེས་ཤིང་། དེ་ལ“འབའ་རྫོང་ནག་བཟའ་ནོར་ལུང་བྲག་བརྐོས་རི་མོ”ཞེས་པའི་མིང་ཡང་ཐོག་མར་བཏགས་སོ། །
གཉིས་པ། རི་མོའི་ཁྱབ་སྟངས་དང་ནང་དོན།
       ནག་བཟའི་ནོར་ལུང་བྲག་བརྐོས་རི་མོ་ནི་ངོས་གཟར་བོའི་བྲག་ངོས་དང་། གྲོག་རོང་གི་སྐས་རིམ་གཉིས་པར་ཡོད། ད་ལྟ་མཐོང་ཆོས་སུ་ཡོད་པའི་གཟུགས་རིས་ཁག་རིག་གཞུང་སྙན་ཞུའི་དཔེ་སྲོལ་བཞིན་དུ། གོང་ནས་འོག་ཏུ་རིམ་བཞིནAདང་། Bདང་། Cབཅས་ཁག་གསུམ་དུ་བཀར་ཡོད།(རི་མོ་དང་པོ། བྲག་བརྐོས་རི་མོའི་ཁྱབ་སྟངས།)བྲག་ལྡེབསCཔའི་བྲག་ངོས་སྟེང་འོག་གཉིས་སུ་ཆད་དེ་ངོས་ཞིག་པོར་གྱུར་པ་ལས། གཟུགས་རིས་གཞན་རྣམས་ཞིབ་ཏུ་བལྟས་ཚེ་ཅུང་ཟད་ཅིག་མཐོང་ཐུབ། བྲག་ལྡེབསAདངBཡི་དབར་ལ་རྨིད2དང་། AདངCཡི་དབར་ལ་རྨིད200ལྷག་དང་། སྤྱིའི་རིང་ཚད་ལ་རྨིད300ཡིས་ཆོད་འདུག་ཅིང་། རི་མོ་རེ་རེའི་དབར་ལ་ལི་རྨིད5-6ཙམ་མཆིས། གཤམ་དུ་དེ་དག་གི་རྒྱུས་གསལ་པོར་བརྗོད་པ་ལ།
རི་མོ་དང་པོ། བྲག་བརྐོས་རི་མོའི་ཁྱབ་སྟངས།
       ལྡེབAནི། གཡང་གཟར་ལྡེབས་ངོས་རི་མོ(悬崖台面地表岩面)ཡི་གྲས་སུ་གཏོགས་པ་དང་། བྲག་ངོས་དེའི་གཡོན་ངོས་ཕྱེད་ཀ་སར་ནུབ་པ་དང་། མདུན་ངོས་ལ་ས་སྤུངས་པ་སོགས་ནི་བཟོ་བོས་རི་མོ་བརྐོ་དུས་ས་ངོས་ལས་མཐོ་ཡང་། རྟིང་ལ། རང་བྱུང་ཆར་ཆུས་ས་སྤུངས་ཤིང་། བྲག་ངོས་གས་ཆག་ཤོར་ནས་བྲག་སྲུབས་ཀྱིས་གཞོགས་གཉིས་སུ་ཆད་དེ་གཡས་དང་གཡོན་དུ་ཕྱེས། དེ་གཉིས་ཀྱི་དབར་ལ་ལི་རྨིད་0.5དང་། བྲག་ངོས་སྤྱིའི་མཐོ་ལ་ལི་རྨིད་65དང་། ཞེང་ལ་ལི་རྨིད་150ཡོད། གཡས་ཀྱི་བྲག་གི་མཐོ་ལ་ལི་རྨིད་54དང་། ཞེང་ལ་ལི་རྨིད་35ཅན་གྱི་ངོས་ཧྲིལ་པོར་ཤྭ་བ་རྭ་རིང་གཉིས་སྔ་གཞུག་ལྟར་བརྐོས་ཡོད།(རི་མོ་གཉིས་པ། ཤྭ་བ་1པོ་དང་2པ།)སྔ་མ་དེ་ལ་གཟུགས་རིས་1པོ་དང་། ཕྱི་མ་དེ་ལ་གཟུགས་རིས་2པ་ཞེས་པར་གསོལ་ལ། གཟུགས་རིས་1པོ་ནི། མཐོ་ལ་ལི་རྨིད་40དང་། ཞེང་ལ་ལི་རྨིད་32ཡོད། དེ་གཡོན་ནས་གཡས་སུ་རྒྱུག་པའི་རྣམ་པར་མཆིས་ཤིང་། དེའི་སུག་བཞི་དང་རྔ་མ་འབིག་ཅིང་། རྭ་ཅོ་སྒོར་ཞིང་ཟླུམ་པ་དང་རྭ་གཡོན་པར་རྭ་ལག་8བརྐོས་པ་ལས་མགོ་རྣ་སོགས་དབང་པོ་གཞན་རྣམས་གསལ་པོར་མ་ངེས། གཟུགས་རིས་2པ་ནི། མཐོ་ལ་ལི་རྨིད་58དང་། ཞེང་ལ་ལི་རྨིད་32ཅན་དེ། མགོ་བོ་དགྱེ་ནས་རྭ་རིང་པོ་གནམ་ལ་རྩེང་ཞིང་། རྭ་ལག་ཆ་8གཡས་ལ་ཕྱོགས་པ། ལག་པ་གཉིས་སས་མནན་པ་དང་། རྐང་པ་གཉིས་གཤིབ་ཅིང་། རྨིག་པ་སོགས་ཞིག་པོར་གྱུར། རྔ་མ་རང་བཞིན་གྱིས་ཐུར་ལ་འཕྱང་བ་དེ་ཚེག་ཐིག(浮点法)གིས་མཚོན་པར་བྱས། རྗེས་ཀྱི་ཤྭ་བ་2པ་དེ། རྭ་ལག་4ཡི་རྭ་ཅོ་གྱེན་ལ་བསླངས་ཤིང་། རྔ་སྣེ་ཅུང་འབིག་ཅིང་། རྐང་པ་གཉིས་རྐོ་འཕྲོར་ལུས་ཡོད། གཟུགས་རིས་འདི་གཟོང་གིས་ཡང་དང་བསྐྱར་དུ་བརྡུང་པའི་ཤུལ་སོགས་ལ་བརྟགས་ན། དུས་ཐོག་གཅིག་ལ་བརྐོས་པ་མིན་པར། དུས་རིམ་སྔ་ཕྱིར་བྱས་ཏེ་གང་ཟག་དུ་མ་ཞིག་གིས་རིམ་པར་བརྐོས་པར་སྙམ། གཟུགས་རིས་3པ་ནི། གཞོགས་གཉིས་སུ་གས་པའི་ངོས་གཡོན་པར་ཤྭ་བ་གཉིས་ཀྱི་ཕྱི་ལ་འབྲང་པའི་(རི་མོ་གསུམ་པ། ཡུ་མོའི་གཟུགས་རིས།)བྲག་ལེབ་མཐོ་ལ་ལི་རྨིད་178དང་། ཞེང་ལ་ལི་རྨིད་89ཅན་ཞིག་གི་ངོས་སུ། གཟུགས་རིས་མཐོ་ལ་ལི་རྨིད་30དང་། ཞེང་ལ་ལི་རྨིད་46ཡོད་པའི་ཡུ་མོ་ལྟ་བུའི་གཟུགས་རིས་དེའི་རྣ་བ་དང་། མཆུ་དང་། སུག་བཞི་སོགས་གཟུགས་གཞི་ཧྲིལ་པོ་རགས་བྲིས(剪影式)ཀྱིས་མཚོན་པར་བྱས། གོང་གི་ཤྭ་བ་2དང་། ཡུ་མོའི་གཟུགས་རིས་1བཅས་ནི་ནག་བཟའི་ནོར་ལུང་བྲག་བརྐོས་རི་མོ་ལས་ལྷོ་ལ་ཕྱོགས་ཏེ་བགྲོད་པའི་ཆས་སུ་སོང་པར་མ་ཟད། གཟུགས་རིས་སྤྱིའི་ཁ་ཕྱོགས་དང་ལྡོག་ཅིང་། ལུས་ཀྱི་སྟབས་ཀྱང་མཆོང་རྒྱུག་ལྟ་བུའི་ངོ་བོར་ཡོད་པས། རྗེས་ནས་རྔོན་པས་བདས་པ་དང་། རང་བཞིན་གྱིས་ཡིན་མིན་སོགས་བརྟག་པའི་གཞིར་ཆེ།
རི་མོ་གཉིས་པ། ཤྭ་བ་1པོ་དང་2པ།
རི་མོ་གསུམ་པ། ཡུ་མོའི་གཟུགས་རིས།
       རི་མོ་Bཔ་ནི། རི་མོ་Aཡི་གཡོན་གྱི་གཤམ་བྲག་ངོས་ཆེ་ཞིང་མཐོ་ལ་གཟར་བའི་ཆད་ངོས་རི་མོར་(断崖岩面图像)གཏོགས་ཤིང་། གཟུགས་རིས་ཀྱི་འོག་ནས་ས་ངོས་བར་ལ་རྨིད་5ཡས་མས་ཤིག་མཆིས། བྲག་ངོས་ཧྲིལ་པོའི་མཐོ་ལ་ལི་རྨིད་100དང་། ཞེང་ལ་ལི་རྨིད་110ཅན་གྱི་ངོས་སྙོམས་ཤིང་འཇམ་ལ། འོད་ཅུང་ཟད་ཅིག་འཕྲོ་བའི་ངོས་སུ། འབྲོང་གཡག་ཆེ་ཆུང་2དང་། དེའི་ཕྱི་ལ་ཤྭ་བ་1(ཤྭ་བ་འདི་ལ་གཤམ་དུ་གཟུགས་རིས་2པ་ཞེས་གདགས།)དང་། དེའི་འོག་ལ་ཁྱི་1དང་།གཡོན་གྱི་མཐའ་ལ་ཁྱི་1དང་། ཤྭ་བ་1བཅས་གཟུགས་རིས་6བསྟར་མར་བརྐོས་ཏེ། གཡས་ནས་གཡོན་ནམ་ལུང་པའི་ཕུ་ལ་འགྲོ་བའི་ཁ་ཕྱོགས་གཅིག་ཏུ་ངེས་པའི་རྣམ་པར་མངོན་པས། གཟུགས་རིས་ཧྲིལ་པོར་འཐུས་ཤོར་མེད་པར་ལེ་ལག་ཚང་བ་ལྟ་བུའི་ཉམས་ཤིག་ཀྱང་འདུག །(རི་མོ་བཞི་པ། རི་མོ་Bཡི་གཟུགས་རིས།)གོང་གི་འབྲོང་གཡག་ཆེ་ཆུང་2ལ་གཟུགས་རིས་(1)དང་(2)ཞེས་སུ་བཏགས་པར་བྱ་ལ། གཟུགས་རིས་(1)དེ། བྲག་ངོས་ཀྱི་སྟེང་ལ་ཡོད་ཅིང་། དེའི་མཐོ་ལ་ལི་རྨིད་30དང་། ཞེང་ལ་ལི་རྨིད་46མཆིས། གཟུགས་གཞིར་ཤ་ཤེད་ཅུང་རྒྱས་ལ་རྭ་གཉིས་སྒོར་པ། སུག་གཞི་ཐུང་ཞིང་རྔ་མ་གྱེན་ལ་བསླངས་ཏེ། མདུན་ལ་བགྲོད་པའི་ཆས་སུ་ཞུགས། གཟུགས་རིས་(2)ཡི་མཐོ་ལ་ལི་རྨིད་40དང་། ཞེང་ལ་ལི་རྨིད་48ཅན་གྱི་འབྲོང་དེའི་གཟུགས་གཞི་ཆེ་ཞིང་། རྭ་ཅོ་སྒོར། རྔ་མ་དང་འཕོང་སོགས་ཞིག་པར་གྱུར་པ། མདུན་ལ་རྒྱུག་པའི་རྣམ་པ་ཅན་དེ་གཟོང་བརྐོས(敲凿法)ཀྱིས་མཚོན་ལ། གཟོང་རིས་ཅུང་སྲབ་པ་ལྟ་བུར་མཆིས། གཟུགས་རིས་2པ་དེ། འབྲོང་གི་ཕྱི་བཞིན་འབྲང་པའི་ཤྭ་བ་1པོ་དེའི་མཐོ་ལ་ལི་རྨིད་23དང་། ཞེང་ལ་ལི་རྨིད་9ཅན་གྱི་གཟུགས་གཞི་ཅུང་རྒྱས་ཤིང་། རྭ་ཅོ་གྱེན་ལ་བསླངས་ཙམ། རྭ་ལག་གཉིས་ཤིན་ཏུ་རིང་པོར་མདུན་གྱི་འབྲོང་ལ་ཅེར། དེའི་མཚོན་ཐབས་ཀྱང་གཟོང་བརྐོས་སུ་བྱས། གཟུགས་རིས་3པ་དེ། གཟུགས་རིས་2པའི་ཤྭ་བའི་སྐེ་འོག་ཏུ་མཐོ་ལ་ལི་རྨིད་5དང་། ཞེང་ལ་ལི་རྨིད་14ཅན་གྱི་ཁྱིའི་གཟུགས་གཞིའི་ཐིག་རིས་ལ་སྦོམ་ཕྲ་མེད་པར། རྔ་མ་གྱེན་ལ་བསླངས་ཏེ་སྒལ་ངོས་སྒོར་དབྱིབས་སུ་བྱས། སུག་བཞི་འགུལ་བ་མེད་པར་མདུན་གྱི་འབྲོང་ལ་ཅེར་བ་དེའོ། །གཟུགས་རིས་4པ་ནི། གཟུགས་རིས་3པའི་འོག་གི་ངོས་ཀྱི་མཐའ་ལ་ཁྱི་1བརྐོས་པ་དེའི་མཐོ་ལ་ལི་རྨིད་10དང་། ཞེང་ལ་ལི་རྨིད་13ཅན་དེ། གཟུགས་གཞི་ཅུང་ཆེ་ཞིང་། རྔ་མ་ཕྲ་ལ་རྔ་སྣེ་འབིག་པ་དང་། རྣ་ཅོག་གྱེན་ལ་བསླངས་ནས་སྡོད། གཟུགས་རིས་5པ་ནི། གཟུགས་རིས་4པའི་མདུན་དུ་ཤྭ་བ་1གཙགས་བརྐོས་ཀྱིས་མཐོ་ལ་ལི་རྨིད་16དང་། ཞེང་ལ་ལི་རྨིད་14ཅན། ཕྲ་ལ་འབིག་པའི་རྔ་མ་དང་རྭ་ཅོའང་གྱེན་ལ་བསླངས་པའི་ཚུལ། མགོའི་རྭ་ཅོ་གཉིས་ལ་རྭ་ལག་5-6ལྷག་མཆིས་ཤིང་། ཁྱི་དང་། ཤྭ་བ་འདི་གཉིས་སྔ་གཞུག་བྱས་ཏེ་སྡོད་དོ། །གོང་དུ་འབྲོང་གཡག་ཆེ་ཆུང་2དང་། ཁྱི་2དང་། ཤྭ་བ་ར་རིང་2བཅས་ཡོད། འབྲོང་གཡག་གཉིས་གོང་འོག་གི་ཕྲེང་བར་བརྒྱུས་ཏེ། གཡས་ནས་ཕྱོགས་སུ་བགྲོད་པའི་ཚུལ་དུ་སྣང་། དེའི་གཟུགས་གཞི་ཆེ་ལ། རྭ་ཅོ་སྒོར་ཞིང་། རྐང་སུག་དང་གཟུགས་རིས་ཀྱི་ཐིག་སྐུད་དོ་མཉམ་པ་ཞིག་མཆིས། ཤྭ་བ་ནི་རྭ་ཅོ་སྒོར་ཞིང་རྭ་ལག་མང་པ། རྔ་མ་གྱེན་དུ་འཕྱང་པའི་བཟོ་ལུགས་འདི་ཟི་ཅི་ཐེ་སྒྱུ་རྩལ་མཚོན་ཐབས(斯基泰艺术风格)ཤིག་ཀྱང་ཡིན་ལ། ཤྭ་བའི་ཕྱི་ལ་འབྲང་པའི་ཁྱི་དེས་རྔ་མ་གྱེན་ལ་འཕྱར་ཞིང་། མདུན་ལ་ཅེར་པའི་ངང་ཚུལ་དེ་ཤྭ་བར་འཇབ་རྒོལ་བྱེད་པའི་བཟོ་ལྟར་འདུག་ཅིང་། བྲག་ལྡེབས་ངོས་ལ་ཆག་གྲུམ་སོགས་ཀྱི་གནོད་པ་མེད་ལ། གཟུགས་རིས་ཧྲིལ་པོར་སྒོ་ཕྱུགས་འཚོ་སྐྱོང་གི་ལས་ཁོ་ནར་བྱས་པའི་འབྲོག་ལས་ཀྱི་རྣམ་པ་ཞིག་ཀྱང་ཤུགས་སུ་ཡོད་པར་སྙམ་མོ། །
རི་མོ་བཞི་པ། རི་མོ་Bཡི་གཟུགས་རིས།
       ལྡེབ་Cཔ་ནི། ལྡེབ་Bལས་རྨིད་50ཡི་ཆོད་པའི་འོག་གི་ཆུ་བོ་བཞུར་ཤུལ་གྱི་གྲོག་རོང་ལས་མཐོ་ལ་རྨིད་1གི་སྐས་རིམ་གཉིས་པའི་གཡས་འགྲམ་དུ་ཡོད།(རི་མོ་ལྔ་པ། ལྡེབ་Cཡི་གཟུགས་རིས།)བྲག་ངོས་ཀྱི་རྡོ་ཤུན་གོག་ནས་གོང་འོག་གཉིས་སུ་གྱེས་ཏེ་སྟེང་འབིག་ལ། འོག་ཞེང་ཆེ་བའི་སྐས་དབྱིབས་སུ་འདུག་ཅིང་། གཟུགས་རིས་འདི་ཆད་ངོས་རི་མོ(断崖岩面图像)ཡི་གྲས་སུ་གཏོགས། ངོས་གོང་མའི་མཐོ་ལ་རྨིད་1.8དང་། ཞེང་ལ་རྨིད་1.15དང་། ཞབས་ཀྱི་མཐོ་ལ་ལི་རྨིད་80དང་། ཞེང་ལ་ལི་རྨིད་60ཡོད་པའི་གཟུགས་རིས་ལ། འབྲོང་གཡག་4དང་། ཤྭ་བ་1དང་། མདའ་གཞི་ཐོགས་པའི་སྐྱ་མི་2དང་། ལྷ་བའམ་ཙོག་པུར(巫师、蹲踞式人像)བཞུགས་པའི་མི་1བཅས་བརྐོས་ཡོད། གཟུགས་རིས་ཧྲིལ་གྱིས་གཡས་ནས་གཡོན་དུ་བྱས་ཤིང་། གོང་འོག་དོ་མཉམ་པ་ཞིག་ཏུའང་སྣང་།(རི་མོ་དྲུག་པ། ལྡེབ་Cཡི་གཟུགས་རིས།)གོང་གི་གཟུགས་རིས་དེ་དག་གཡས་ནས་གཡོན་ལ་རིམ་བཞིན་དུ། སྐྱ་མི་1པོ་དེ། བྲག་ངོས་གཡས་མཐའ་མཐོ་ལ་ལི་རྨིད་10དང་། ཞེང་ལ་ལི་རྨིད་8ཅན་དེས་ལག་གཡས་པར་མདའ་གཞུ་ཐོགས་ཏེ། མདུན་གྱི་རི་དྭགས་རྔོན་པའི་ཆས་སུ་སོང་ལ། དེའི་གོང་གི་ངོས་ཞིག་པོར་གྱུར་ཏེ། གཟུགས་རིས་རབ་རིབ་ཅིག་མངོན་པ་ཕྱིས་སུ་བརྟག་པའི་ཡུལ་ལོ། །གཟུགས་རིས་2པ་ནི། དེའི་མདུན་ནམ་གཡོན་ངོས་སུ་མཐོ་ཚད་ལ་ལི་རྨིད་20དང་། ཞེང་ལ་ལི་རྨིད་16ཅན། རྭ་ཅོ་གྱེན་ལ་འཕྱར་པ་ལས་རྭ་ལག་ཞིག་པོར་གྱུར། དེའི་སུག་བཞི་སྤོ་འགུལ་མེད་པར་སྡོད་པའི་རྣམ་པར་བརྐོས་པ་དེ་མདས་རྨས་པ་ཞིག་དང་མཚུངས་ཤིང་། གཟུགས་རིས་ལ་སྤྲོས་པ་ཆེར་མེད་པར་གཙགས་བརྐོས་སུ་བྱས། གཟུགས་རིས་3པ་ནི། གོང་གི་སྐྱ་མིའི་འོག་ཏུ་མཐོ་ལི་རྨིད་10དང་། ཞེང་ལ་ལི་རྨིད་17ཅན། གཟུགས་གཞི་ཅུང་ཆུང་ལ། སུག་བཞི་ཞིག་པོར་གྱུར་པའམ་ཡང་ན་བརྐོས་འཕྲོར་ལུས་པ། རྭ་ཅོ་སྒོར་ཞིང་རྭ་སྣེ་གྱེན་ལ་འཕྱར་པ་ཞིག་གཙགས་བརྐོས་སུ་བྱས་པའི་འབྲོང་གཡག་གི་ཆས་སུ་བྱས། གཟུགས་རིས་4པ་ནི། བྲག་ངོས་འདིའི་དབུས་སུ་ཡོད་དེ། མཐོ་ལ་ལི་རྨིད་20དང་། ཞེང་ལ་ལི་རྨིད་10ཅན་གྱི་བཞེངས་པའི་སྟབས་ལ། རྐང་པའམ་རྐུབ་ཅུང་སྒུར་ནས་ཙོག་འདུག་ལྟ་བུའི་ཆས་སུ་བྱས་ཤིང་། ལག་པ་གཉིས་གཡས་གཡོན་དྲང་ཐད་དུ་བརྐྱངས་ནས་སྟངས་སྟབས་བསྒྱུར་པ། མགོ་བོ་བྱ་ཡི་གཟུགས་སུ་བྱས་པ་ཞིག་ཚེག་ཐིག(凿点)གིས་མཚོན་པར་བྱས།(རི་མོ་བདུན་པ། ལྷ་བའི་གཟུགས་རིས།)གཟུགས་རིས་4པ་ནི། བྲག་ངོས་འདིའི་གཡོན་གྱི་གཤམ་དུ་མཐོ་ལ་ལི་རྨིད་10དང་། ཞེང་ལ་ལི་རྨིད་20ཅན་གྱི་གཟུགས་གཞི་ཆེ་ལ་ཤ་ཤེད་གང་བ། སུག་བཞི་ཐུང་ཞིང་ཞུམ་པའི་འབྲོང་གཡག་2ཀྱིས་ཐུང་ལ་སྦོམ་པའི་རྔ་མ་གྱེན་ལ་འཕྱར་པ། རྭ་ཅོ་གཉིས་སྒོར་ཞིང་། རྭ་སྣེ་ནང་ལ་འཁོར་པའི་རྣམ་པར་ཕན་ཚུན་རྭ་རྩེད་བྱེད་པའི་གཟུགས་རིས་གཉིས་གཙགས་བརྐོས་ཀྱིས་མཚོན། གཟུགས་རིས་5པ་ནི། འདིའི་གཡོན་གྱི་མཐའི་རི་མོ་གོང་མ་མཐོ་ལ་ལི་རྨིད་5དང་། ཞེང་ལ་ལི་རྨིད་10ཅན་གྱི་སྐྱ་མི་མདུན་དུ་ཆས་པ་དེའི་ལག་གཡས་པར་མ་ངེས་པའི་ཕྱག་མཚན་བསྣམས་པ་ཞིག་བརྐོས་པ་དེ་ཡིན།གཟུགས་རིས་6པ་ནི། གཟུགས་རིས་6པའི་འོག་ཏུ་མཐོ་ལ་ལི་རྨིད་10དང་། ཞེང་ལ་ལི་རྨིད་17ཅན་གྱི་གཡག་ཆེན་ཤ་ཤེད་གང་བ། སུག་བཞི་ཐུང་ཞིང་། རྔ་མ་ཕྲ་ལ་རྔ་སྣེ་སྦོམ་པོ་གྱེན་ལ་འཕྱར་པ། རྭ་གཉིས་སྒོར་ཞིང་རྭ་སྣེ་འབིག་པ་དེ། འགྱིང་བའི་ཆས་སུ་ཞུགས་ཏེ་བརྐོས་ཡོད། བྲག་ངོས་འོག་མ་ཞིག་ནས་གཟུགས་རིས་སོགས་བརྟག་པའི་གནས་སུ་མེད་མོད། ཞིབ་ཏུ་བལྟས་ཚེ། གཟུགས་རིས་7པ་སྟེ། མཐོ་ལ་ལི་རྨིད་15དང་། ཞེང་ལ་ལི་རྨིད་17ཅན། རྭ་ཅོ་གྱེན་ལ་བསླངས་པ་ལས་རྭ་ལག་ཞིག་པོར་གྱུར་ཏེ། མདུན་ལ་ཅེར་ནས་སྡོད་པའི་ཤྭ་བ་ཞིག་ཀྱང་བརྐོས་ཡོད།
རི་མོ་ལྔ་པ། རི་མོCཡི་གཟུགས་རིས།
རི་མོ་དྲུག་པ། ལྷ་བའི་གཟུགས་རིས།
གསུམ་པ། ཤེས་རྟོགས་དང་བསམ་གཞིགས།
       བྲག་བརྐོས་རི་མོ་ནི་གདོད་མའི་མི་རྣམས་ཀྱིས་རང་བྱུང་གི་བྲག་རྡོ་དང་། རྡོ་ལེབ་དག་གི་ངོས་སུ་བརྐོས་པའམ་བྲིས་པའི་གཟུགས་རིས་ལ་བྱ་ཞིང་། དེ་ཉིད་དབོར་མི་རུང་བའི་བདག་ཉིད་དུ་ཡོད་པས། གནའ་བོའི་ཡིག་ཚང་དང་རིག་དངོས་གཞན་ནང་བཞིན་གང་སར་འཁྱེར་ཐུབ་པ་ཞིག་མིན་པས། བྲག་བརྐོས་རི་མོའི་གནས་ཡུལ་དང་། དེའི་རི་ར་བ་སོགས་ཀྱི་ཡུལ་ནི་གདོད་མའི་མི་རྣམས་ཀྱི་གཟུགས་རིས་དེ་དག་བརྐོ་བཞེངས་ཀྱི་སྦྱོར་བ་ལྷུར་ལེན་སའང་ཡིན་ལ། ཁོ་ཚོའི་ནམ་རྒྱུན་གྱི་འཚོ་ཚིས་གཉེར་པ་དང་། འགྲོ་འདུག་ཉལ་འཆག་གི་གནས་ཁྱད་པར་བ་ཞིག་ཡིན་པ་སོགས་ཀྱང་རྟོགས་སོ། །
       ཉེ་བར་འབྲེལ་བའི་རིག་གཞུང་དཔྱད་རྩོམ་དང་། རྟོག་དཔྱོད་སྙན་ཞུ་སོགས་སུ། མཚོ་སྔོན་གྱི་བྲག་བརྐོས་རི་མོ་ནི་མདོ་ལ་རི་བོའི་ལྷོ་རྒྱུད་དང་། བ་ཡན་ཧ་རིའི་རྒྱུད་ཀྱི་ཆུ་བོའི་བཞུར་རྒྱུད་སོགས་སུ་ཡོད་པར་གསུངས་ཤིང་། དེ་ལས་མཚོ་བྱང་དང་མཚོ་ལྷོ(མཚོ་སྔོན་པོའི་འགྲམ་རྒྱུད་དང་། གསེར་ཆེན་རྫོང་གི་གཞོང་ས། ཁྲི་ཀའི་རྫོང་མགོ་དང་ཆུ་ནག་སྡེ་བ་)དང་། མཚོ་ནུབ་བཅས་སུ་བྲག་བརྐོས་རི་མོའི་ས་ཚིགས་20ལྷག་ཤེས་རྟོགས་བྱུང་ཡོད་པ་ཤིན་ཏུ་གཅེས་པར་འོས། ད་རེས་གསར་རྙེད་བྱུང་བའི་འབའ་རྫོང་ནག་བཟའི་ནོར་ལུང་ཁོག་གི་བྲག་བརྐོས་རི་མོ་ནི་ཡུལ་ཁོངས་འདིར་ཐོག་མར་རྙེད་པའི་རི་མོའི་ས་ཚིགས་ཤིག་ཡིན་ཕྱིར། རྨ་ཆུའི་སྟོད་རྒྱུད་ཀྱི་འབའ་རྫོང་མངའ་ཁོངས་སུ་བྲག་བརྐོས་རི་མོ་རྙེད་པ་ཐོག་མའང་ཡིན། ཁོ་བོས་དང་པོའི་རྟོག་དཔྱོད་ལས་ལུང་པ་འདིར་རི་མོ་18ལྷག་ཤེས་རྟོགས་བྱུང་མོད། འོན་ཀྱང་རང་བྱུང་གི་ཆར་རླུང་སོགས་ཀྱིས་བྲག་ངོས་ཞིག་པོར་གྱུར་པ་དང་། ལྷག་པར་ལྡེབ་Cཔའི་ངོས་འོག་མ་ཞིག་པོར་ཕྱིན་པ་ནི་ཧ་ཅང་ཕངས་པའི་གནས་སུ་ཆེའོ། །
       མདོ་དབུས་མཐོ་སྒང་གི་རྨ་ཆུའི་བཞུར་རྒྱུད་ནི་གདོད་མའི་མི་རྣམས་ཀྱི་བསྟི་གནས་གལ་ཆེན་ཞིག་ཡིན་ཚུལ་གནའ་དཔྱད་སྔོག་འདོན་དང་། དཔྱད་རྩོམ་གཞན་དུ་གསུངས་པ་དེ་ནང་བཞིན་ཡིན་ལ། ས་ཁུལ་འདིའང་རྫོང་རུ་རིག་གནས་ཞེས་པའི་གདོད་མའི་རིགས་རྒྱུད་དེའི་འཚོ་གཞེས་དང་། རིག་གནས་དེའི་འབྱུང་ཡུལ་གྱི་ལྟེ་བར་འདོད་པ་ལ། གནའ་དཔྱད་ཞིབ་འཇུག་པས་ཀྱང་རྫོང་རུ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་རྡོ་ཆས་གསར་མའི་དུས་སྐབས་ཀྱི་གནའ་དཔྱད་རིག་པའི་རིག་གནས་གསར་པ་ཞིག་ཡིན་པ་དང་། དེ་ལ་ལོ་ངོ་5000-4000ཡི་ལོ་རྒྱུས་ཡོད་པར་གསུངས་པ་དང་། ནག་བཟའི་ནོར་ལུང་ཁོག་གི་བྲག་བརྐོས་རི་མོ་ནི་འབྲེལ་བས་ཕྱོགས་བཞི་རི་བོས་བསྐོར་ཅིང་། ལྷོའི་གཞོང་ས་རྨ་ཆུ་དང་འབྲེལ་བས་སྣོད་ཀྱི་བཀོད་པ་ལེགས་པ་སོགས་ཀྱིས་གདོད་མའི་མི་རྣམས་ཀྱི་ཞིང་ཕྱུགས་གཉེར་སྐྱོང་གི་འཚོ་བའི་བསྟི་གནས་གལ་ཆེན་ཞིག་ཏུ་གྲུབ་ཡོད། ས་ཆ་འདིར་གནའ་བོའི་དུར་ས་དང་། ས་རྫ་རྙེད་པ་དེས། ས་ཁུལ་ཞིག་གི་ངོ་བོར་གྲུབ་པའི་གནའ་བོའི་རིག་གནས་དེ་ལ་རྫོང་རུའི་རིག་གནས་ཞེས་ཐོགས་ཤིང་། ད་རེས་གསར་དུ་རྙེད་པའི་བྲག་བརྐོས་རི་མོ་འདིའང་རྫོང་རུའི་རིག་གནས་ཀྱི་ལེ་ལག་ཕྱི་མ་ཞིག་གམ་བྱེད་པོའི་མི་རྒྱུད་གཅིག་གིས་ཕྱག་བཟོ་ཡིན་ནམ་སྙམ། ད་ལྟའི་ས་ཁམས་ཞིབ་འཇུག་པ་ཚོས་མཚོ་སྔོན་ཞིང་ཆེན་དེ་མཁའ་དབུགས་ཀྱི་དབྱེ་བ་ལྟར། ས་ཁུལ་རིམ་པ་གསུམ་དུ་ཕྱེ་པའི་མདོ་དབུས་མཐོ་སྒང་གི་ལྷོ་རྒྱུད་དུ་འབོད་པའི་ཡུལ་ཤུལ་དང་། མགོ་ལོག །རྨ་ལྷོ། མཚོ་ལྷོའི་ལྷོ་རྒྱུད། མཚོ་ནུབ། ཤར་ཕྱོགས་ཀྱི་མཚོ་སྔོན་པོའི་ཉེ་འཁོར་དང་མདོ་ལ་རི་རྒྱུད། མཚོ་སྔོན་པོའི་ཤར་ཕྱོགས་ཀྱི་རྨ་ལྷོ་དང་ཟི་ལིང་གི་ས་ཁུལ་བཅས་སུ་དབྱེ། བྲག་བརྐོས་ཞིབ་འཇུག་པ་ལི་ཡུང་ཞན་(李永宪)ལགས་ཀྱིས་མདོ་དབུས་མཐོ་སྒང་གི་ལྷོ་རྒྱུད་ཡུལ་ཀྱི་བྱེ་བྲག་པ་འབྲི་ཆུའི་བཞུར་རྒྱུད་དང་། ཡུལ་ཤུལ་དང་། ཆུ་དམར་ལེབ། འབྲི་སྟོད་ཀྱི་བྲག་བརྐོས་རི་མོ་རྣམས་ནི་མཚོ་དཔངས་རྨིད་4000ཡན་གྱི་མདོ་དབུས་མཐོ་སྒང་གི་ས་ཁུལ་དུ་ཡོད་ཅིང་། དེ་དག་འབྲོག་ལས་ཁོ་ནར་བྱས་པའི་རིག་གནས་མཚོན་ཞིང་། བྱང་ཐང་དང་། མངའ་རིས་སོགས་ཀྱི་རི་མོ་དང་ཉེ་བར་གསུངས། མཚོ་དཔངས་རྨིད་4000ཡན་གྱི་འབྲི་ཆུའི་བཞུར་རྒྱུད་ཀྱི་ལྷོ་ངོས་ཆུ་ལག་ཏིང་ངུ་ཆུ་ཡི་གྲོག་རོང་དུ་ལོ་ངོ་8000-6500ཡི་མིའི་རིགས་འཚོ་གནས་ངེས་ཅན་ཞིག་ཡོད་པར་གསུངས་པ་དང་། མཚོ་སྔོན་པོའི་མཐའ་འཁོར་གྱི་བྲག་བརྐོས་རི་མོ་རྣམས་ནི་མཚོ་ནུབ་དང་། མཚོ་བྱང་། མཚོ་ལྷོའི་ལྷོ་རྒྱུད་ཀྱི་ཆུ་བོའི་འགྲམ་རྒྱུད་དང་། རི་ཁུལ་གྱི་ཉིན་ངོས་སུ་མཆིས་ཤིང་། དེའི་རི་མོ་རྣམས་ནི་མངའ་རིས་དང་། བྱང་ཐང་སོགས་ཀྱི་རི་མོ་དང་མཚུངས་ཆོས་ཡོད་སྲིད་ཀྱང་། ཆུ་བོའི་འགྲམ་རྒྱུད་དང་། རི་ཁུག་གི་ཉིན་ངོས་སོགས་མཚོ་དཔངས་རྨིད་3000-3900མན་དུ་ཡོད་པས། སྐྱེ་ཁམས་ཁོར་ཡུག་དང་འཚོ་ཚིས་སྒྲུབ་པའི་རྣམ་པ་ཡང་གཅིག་མཚུངས་མིན་ལ། ད་རེས་ཀྱི་ནག་བཟའི་ནོར་ལུང་ཁོག་གི་བྲག་བརྐོས་རི་མོ་འདིར་མཚོན་ན། རྨ་ཆུའི་འགྲམ་རྒྱུད་དུ་མཆིས་ཤིང་། ས་གཞི་བརླན་གཤེར་ཆེ་ལ། ཉི་འོད་ལེགས་པ། དྲོ་གྲངས་སྙོམས་པ་སོགས་ཀྱིས་ཞིང་ཕྱུགས་གཉིས་ཀ་གཉེར་པའི་གདོད་མའི་རིག་གནས་ཀྱི་ཤུལ་བཞག་ཅིག་ཀྱང་ཡིན།
       ལྡེབ་Aཔའི་རི་མོ་ཡང་གཞན་དག་དང་འདྲ་བར་དྲས་ཤོག་(剪影式)གི་རྣམ་པར་ཡང་དང་བསྐྱར་དུ་རིམ་པར་གྲུབ་པས། དུས་རིམ་ཡང་ཅུང་འཕྱི་བར་ངེས་ཤིང་། འདི་ལྟ་བུའི་རི་མོ་མདོ་དབུས་མཐོ་སྒང་གི་ཤར་རྒྱུད་རྫ་ཆུའི་བཞུར་རྒྱུད་ཀྱི་བྲག་བརྐོས་རི་མོ་སྟེ། སི་ཁྲོན་སེར་ཤུལ་རྫོང་འབུམ་གསར་བྲག་ཤྭ་བའི་བྲག་བརྐོས་ངོས་4[5]པའི་ཤྭ་བ་དང་ཤིན་ཏུ་མཚུངས་པས། གདོད་མའི་རིགས་རྒྱུད་གཅིག་གི་སྒྱུ་རྩལ་ཞིག་ཡིན་པར་མ་ཟད། མཐོ་དབུས་མཐོ་སྒང་གི་ལྷོ་རྒྱུད་དང་། མངའ་རིས་དང་བྱང་ཐང་། མཚོ་སྔོན་པོའི་འགྲམ་རྒྱུད་སོགས་ཀྱི་གདོད་མའི་རི་རྣམས་ཀྱི་འགྲོ་འོང་དང་། རིག་གནས་ཀྱི་རྒྱུ་འགྲུལ་བྱུང་བའི་གནའ་བོའི་ཟམ་ཆེན་ཞིག་ཀྱང་མཚོན་ལ། ནག་བཟའི་ནོར་ལུང་འབྲོང་གཡག་གི་རི་མོ་འདི་མཚོ་ནུབ་འབྲོང་ལུང་གི་འབྲོང་གཡག་གི་གཟུགས་གཞི་དང་ཆ་འདྲ་བར་སྣང་མོད། དེ་དང་བསྡུར་ཚེ། མཚོན་ཐབས་ཕུན་སུམ་ཚོགས་ལ། སྒྱུ་རྩལ་མངོན་སྟངས་ལེ་ལག་ཚང་བ་དང་། ཅུང་ཞིབ་པར་གྱུར་པ་སོགས་ལ་བརྟགས་ཚེ། མཚོ་ནུབ་འབྲོང་ལུང་གི་བྲག་བརྐོས་རི་མོ་ནི་ལོ་3200འགོར་པར་གསུངས་པས། ནག་བཟའི་བྲག་བརྐོས་ཀྱི་འབྲོང་གཡག་གི་རི་མོ་འདི་ནི་མཚོ་ནུབ་ཀྱི་བྲག་བརྐོས་རི་མོ་ལས་ཅུང་འཕྱི་བར་ངེས།
       ལྡེབ་Cཔའི་ངོས་གོང་མའི་རི་མོས་ཕྱུགས་རིགས་འཚོ་སྐྱོང་དང་རི་དྭགས་རྔོན་པ་སོགས་གདོད་མའི་འཚོ་ཚིས་སྒྲུབ་པའི་རྣམ་པ་ཞིག་མཚོན་ཏེ། སྐྱ་མི་མདའ་གཞུ་ཐོགས་པ་དེའི་རིགས་མཚོ་སྔོན་གྱི་བྲག་བརྐོས་རི་མོའི་ཁྲོད་གྲངས་འབོར་མང་པོ་ཞིག་ཟིན་ལ། རི་དྭགས་ཤྭ་བ་བླ་རུ་བཀུར་པའི་གདོད་མའི་ལྡོང་རིགས་ཀྱི་དད་མོས་ཤིག་མཚོན་པ་དང་། ད་ལྟའི་ཐང་ཀར་བྲིས་པའི་གཞི་བདག་གི་ཆ་བྱད་དང་ཅུང་ཉེ་བར་སྣང་ངོ་། །གཟུགས་བོངས་ཀྱི་ཆེ་ཆུང་དང་། མཚོན་ཐབས་མི་འདྲ་བའི་འབྲོང་གཡག་དེ་དག་ནི་བྲག་བརྐོས་རི་མོའི་ཁྲོད་རྒྱུན་པར་མཐོང་པའི་འོ་འཐུང་སྲོག་ཆགས་ཀྱི་རིགས་ཤིག་ཡིན་ཏེ། དེ་ནི་ས་ཁོངས་ཀྱི་རིག་གནས་མངོན་པར་མཚོན་ཐུབ་པའི་རྟགས་གལ་ཆེན་ཞིག་ཏུ་ངེས། འདིར་བྱུང་བའི་གཡག་གི་རི་མོ་དེ་རྣམས་ནི་སྒོ་ཁྱི་དང་མཉམ་དུ་ཡོད་པས་སྒོ་ཕྱུགས་འཚོ་སྐྱོང་གི་རྣམ་པར་ངེས་པ་ལས། རྒོད་ནས་གཡུང་ལ་ཕབ་པའི་མཚོན་དོན་མེད་པར་སྙམ། དབུར་བྱ་སྒྲོ་བཙུགས་པ་ལྟ་བུའི་ལྷ་བའི་རི་མོ་དེ་མཚོ་སྔོན་གྱི་བྲག་བརྐོས་རི་མོའི་ཁྲོད་ཅུང་མཐོང་དཀོན་པ་ཞིག་ཡིན།(མཚོ་ནུབ་འབྲོང་ལུང་བྲག་བརྐོས་རི་མོར་མི་ལུས་བྱའི་མགོ་ཅན་ལ་རྔ་མ་དང་། ཡང་ན་མཚན་མ་མངོན་པ་ཞིག་འདུག)ད་རེས་གསར་རྙེད་བྱུང་བའི་ལྷ་བའི་རི་མོ་འདིས་སྔ་རབས་ཀྱི་དད་མོས་དང་ལྷ་བའི་སྣང་བརྙན་མཚོན་པའི་སྟོང་ཆ་ཞིག་གསབ་པར་བྱས་ཤིང་། ཡུལ་ལུང་འདིའི་དད་མོས་དང་རིག་གནས་སོགས་ཀྱི་ཆད་ཁུངས་འཚོལ་བར་དཔྱད་གཞི་ཆེ་སྙམ། རི་མོའི་མཚོན་ཐབས་ཀྱང་མདོ་དབུས་མཐོ་སྒང་གི་བྲག་བརྐོས་རི་མོའི་མཚོན་ཐབས་ཀྱི་དྲས་ཤོག(剪影式)ཡང་ན་གཙགས་བརྐོས(通体凿刻)སམ། ལྕགས་རིགས་ཀྱི་མཚོན་སྤྱད་ཡོད། ཁྱད་པར་དུ་ལྡེབ་Cཔ་དེ། རྫ་ཆུའི་བཞུར་རྒྱུད་ཀྱི་སེར་ཤུལ་རྫོང་འབུམ་གསར་བྲག་ཤྭ་བའི་རི་མོ་དང་ཉེ་བས། གནའ་དཔྱད་ཞིབ་འཇུག་པ་ལི་ཡུང་ཞན་ལགས་ཀྱིས་“སེར་ཤུལ་གྱི་བྲག་བརྐོས་རི་མོར་ལོ་ངོ་2500-2000འགོར་ཡོད་”[6]པར་གསུངས་པ་དང་། ཁཱ་ལོ་ཨར་ཧྥུའུ་ལི་ཚི(卡罗尔•弗里兹)ཡིས་ “བོད་ལྗོངས་ཀྱི་བྲག་བརྐོས་རི་མོ་ནི་རྡོ་ཆས་གསར་མའི་དུས་མཇུག་ནས་ཟངས་ཆས་སྤྱོད་པའི་དུས་རིམ་སྔ་མའི་བར་གྱི་ལོ་3000ཡས་མས་སུ་བྱུང་”[7]ཞེས་པར་བརྟགས་ཚེ། འབའ་རྫོང་ནག་བཟའི་བྲག་བརྐོས་རི་མོ་འདི་དག་ཀྱང་ཟངས་ལྕགས་བྱུང་བའི་རྗེས་ཀྱི་ལོ་2500-2000གི་བར་གྱི་ཕྱུགས་རིགས་གཡུང་ལ་ཕབ་པའི་དུས་ཤིག་ལ་བྱུང་བར་འདོད་ལ། ལྷག་པར་རྨ་ཆུའི་བཞུར་རྒྱུད་ཀྱི་རྫོང་རུས་རིག་གནས་དང་། རྫ་ཆུའི་བཞུར་རྒྱུད་ཀྱི་ཁ་རུབ་རིག་གནས་ཀྱིས་བསྐྱེད་པའི་མངའ་རིས་དང་། བྱང་ཐང་གི་རི་མོ་སོགས་སྒྱུ་རྩལ་དེའི་ལག་ཤེས་དང་། བཟོ་ཐབས་ཀྱང་ཕན་ཚུན་འགྲོ་འོང་བྱུང་ས་ཞིག་ཀྱང་ཅི་ལ་མིན། བྲག་བརྐོས་ཁག་3ནི་རང་བྱུང་གི་བྲག་ངོས་དང་། ནོར་ལུང་ཁོག་གི་དུས་ཚིགས་རང་བཞིན་ཅན་གྱི་ཆུ་བོའི་གཡས་འགྲམ་གྱི་ཉི་འོད་ལེགས་པའི་ཉིན་ངོས་སུ་བརྐོས་པས། བཟོ་བོས་དང་པོར་ཉི་འོད་དང་། རི་མོའི་འབྲེལ་བར་བསམ་བློ་ཞིབ་པར་བཏང་སྟེ། ཁ་ཕྱོགས་མ་ནོར་པ་སོགས་ཀྱི་བཟོའི་ཤེས་བྱ་དག་ནི་གདོད་མའི་མི་རྣམས་ཀྱི་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པའི་རྟགས་སུ་ངེས། དེའི་གནས་ཡུལ་དང་། ཆེ་ཆུང་། ཁ་ཕྱོགས་སོགས་ཀྱང་། བཟོ་བོས་ཞིབ་པར་བདམས་པའི་ངོ་བོར་གྲུབ་པས། གང་འདོད་དབོར་འདྲེན་ཐུབ་པ་ཞིག་ཀྱང་མིན། ལྡེབA-Cཡི་ཡོད་ཚད་གཡས་ངོས་ནས་ལུང་པའི་ཕུ་ལ་ཡར་འགྲོ་བའི་ཆས་སུ་ཡོད་པ་ནི། གདོད་མའི་མི་རྣམས་ཀྱི་ཐུན་མོང་གི་སེམས་གཤིས་ཤིག་མཚོན་པར་མ་ཟད། དད་མོས་དང་ཆོ་ག་ཞིག་གི་རང་བཞིན་ཡང་མཚོན་པར་སྙམ་མོ། །
       མདོར་ན། གནའ་དཔྱད་ཞིབ་འཇུག་པ་སོགས་ཀྱིས་མདོ་དབུས་མཐོ་སྒང་དུ་རི་དྭགས་རྔོན་པའི་དུས་ནི་རྡོ་ཆས་གསར་མའི་དུས་ནས་ཚད་ངེས་ཅན་ཞིག་ལ་སླེབས་པར་གསུངས་ཤིང་། ནག་བཟའི་བྲག་བརྐོས་རི་མོའི་ཁྲོད་རྔོན་རྒྱག་པ་དང་། ཕྱུགས་རིགས་འཚོ་སྐྱོང་ལྟ་བུའི་གཟུགས་རིས་མངོན་ཡོད་པ་གནའ་སྔ་མོའི་དུས་ཤིག་ནས་མིའི་རིགས་འཚོ་སྡོད་ཀྱི་གནས་གལ་ཆེན་ངེས་པ་རྙེད་པར་གྱུར་པའི་རྟིང་གནོན་ལ་“ཁ་སྒང་གི་ཉེ་འདབས་རྫོང་རུས་ཐང་དུ་ལོ་5600-4000ཡར་སྔོན་གྱི་དུར་ས་རྙེད་”[8]ཅེས་པ་དང་། ཡང་དེར། “སྔོན་གྱི་ལྡོང་རིགས་ཀྱི་རུས་པ་སྦས་སའམ་དུར་ས་ཡིན་པ་ནས་རྫོང་རུས་ཐང་དང་། ཨ་མདོའི་སྐད་དུ་ཟླ་བ་ལ་རྫ་བ་ཟེར་བ་ལྟར། རང་རེ་སྔོན་གྱི་རྫོང་ནི་རུས་ཆེན་ལྡོང་གི་སྒྲ་འདིར་ཡང་རྫོང་ཟེར་ཚུལ་ཞིག་ཡོད་པ་མིན་ནམ་སྙམ་”[9]ཞེས། དེང་གི་དུས་སུ། འབའ་རྫོང་གི་རྫོང་རུས་ཐང་ནས་བུད་པའི་གནའ་རྫས་མཚོན་དོན་དང་། དེའི་བདག་པོར་གྱུར་པའི་མི་རྣམས་རིགས་རྒྱུད་གང་ཡིན་པ་སོགས་ལ་རྩོད་གཞི་ཆེ་མོད། འོན་ཀྱང་བྲག་བརྐོས་རི་མོ་འདི་རྫོང་རུས་རིག་གནས་ཀྱི་ཡན་ལག་ལྟ་བུ་དང་། གནའ་བོའི་ལྡོང་རིགས་ཀྱི་མི་རྒྱུད་སྔ་མ་གནས་འདིར་འཚོ་གཞེས་གནང་ཞིང་། ཁོ་ཚོས་ཕྱག་བཟོ་ལས་བྱུང་བའི་བདེན་དཔང་ཞིག་ཀྱང་ཡིན། གནའ་དཔྱད་ཞིབ་འཇུག་པ་དག་གིས་“རྫོང་རུས་ནི་སྣ་མང་པའི་འཚོ་བའི་རྣམ་པ་ཞིག་ཏུ་བཞེད་དེ། རྫོང་རུས་མི་རྣམས་ཀྱིས་ཞིང་ལས་གཉེར་པ་དང་རི་དྭགས་རྔོན་པའི་ཐོན་སྐྱེད་ཀྱི་སྦྱོར་པ་ལྷུར་བླངས་ཏེ། ཅུང་གཏན་འདུག་གི་འཚོ་བ་རོལ་བར་སེམས་”[10]ཞེས་པའི་གཏམ་གྱིས་གནས་འདིར་གནའ་སྔ་མོའི་དུས་ཤིག་ནས་ཞིང་ཕྱུགས་མཉམ་གཉེར་གྱི་འཚོ་བའི་ཐབས་ཤེས་ཤིག་བྱུང་བའི་ཡིད་རྟོན་འཕེར་བའི་དཔང་པོར་ངེས་སོ། །ཡང་ཏུན་ཧོང་ཡིག་རྙིང་དུ་“སྦྲང་རྒྱལ་ལེག་ཟིགས་ཀྱིས་སྟོད། ཕྱོགས་སུ་དྲསྟེ། མུ་ཡུངསུ་གཡུལ་བཟློག་ནས། ལུང་གྀ་རྒྱལ་པོ་ནུང་ཀོག་མན་ཆད་འབངས་སུ་བསྡུས་”[11]ཞེས་པ་དང་། ཡང་དེར། “དབྱརད་བཙན་པོ་རྨ་གྲོམ་གྱྀ་ཡོ་ཏྀ་ཅི་བཟངས་ན་བཞུགས་ཤྀང་།”[12]ཞེས་ཡོ་ཏྀ་གོང་འོག་བར་གསུམ་དུ་འབོད་པའི་གནས་དེ་ཡང་འདི་ལ་ཁེལ་བ་སོགས་རྟགས་མང་པོ་ཞིག་ལ་བརྟགས་ཚེ། ཡུལ་ལུང་འདི་ནི་གདོད་མའི་ལྡོང་རིགས་ནས་སྤུ་རྒྱལ་བཙན་པོའི་རིམ་བྱོན་གྱི་བར་དུ་འཚོ་གཞེས་གནང་སའི་ཡུལ་ལུང་ཁྱད་པར་བ་ཞིག་ཀྱང་ཡིན་ལ། ནང་པའི་རིག་གནས་མ་དར་བའི་ཡར་སྔོན་དུ་ལྡོང་རིགས་སམ་གདོད་མའི་མི་རྣམས་ཀྱིས་རིག་བྱེད་ཀྱི་གཞུང་ལྟར། ལྷ་ཚངས་པ་དང་། དབང་ཕྱུག་སོགས་ལ་མཆོད་པ་ཕུལ་ནས་ལྷའི་ཞལ་མཐོང་བ་དང་དངོས་གྲུབ་ཐོབ་པ་སོགས་ཀྱི་རིག་གནས་གཞན་ཞིག་ཀྱང་དར་པའི་བསྟན་བྱ་ཡོད་མེད་སོགས་ད་དུང་བརྟག་པར་བྱའོ། །

མཆན།
汤惠生.《史前考古学文化的演变与嬗变》,齐鲁学刊,2024,(3). དུས་དེབ་འདི་ལས་བྱུང་བའི་དོན་གཞིར་བཞག་གིས་སྨྲས་པའོ། །
② 2024ལོའི་ཟླ6པའི་ཚེས6ཉིན་སི་ཁྲོན་སློབ་གྲྭ་ཆེན་མོའི་དགེ་རྒན་ལི་ཡུང་ཞོན་ལགས་ལ་ཁ་པར་བརྒྱུད་ནས་འདྲི་རྩད་ཞུས་ནས་བཀོད་པའོ། །

ལུང་ཁུངས།
[1] 利君(王利君).《“哈龙”古代岩画简介》,《青海社会科学》,1982,(5)113—115.
[2] 许新国、格桑本.《青海海西州哈龙沟、巴哈毛力沟的岩画》,《文物》.1984,(2)80—83.
[3] 汤惠生、张文华 .《青海岩画—史前艺术中二元对立思维及其观念的研究》.北京:科学出版社,2001:14—15.
[4] 公保才让 .《宗果岩画中的图像解读》,《岩画研究》宁夏:宁夏人民出版社 ,2020:111-117.
[5][6] 李永宪 .《石渠岩画》[M].成都:四川民族出版社,2023:22;91.
[7]〔法〕卡罗尔•弗里兹主编.颜宓译.《史前艺术》. 武汉:华中科技大学出版社,2020:113.
[8][9]
ཁ་སྒང་བཀྲ་ཤིས་ཚེ་རིང་། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི“རྨ་གྲོམ”དང“མཁར་ཇིད་པར”སོགས་སྔོན་ས་ཆ་ཁག་ཅིག་མདོ་སྨད་ཁ་སྒང་གི་ཡུལ་ནས་རྙེད་པའི་དཔྱད་པ། [J] ཀྲུང་གོའི་བོད་རིག་པ། 2011,(3):10;10.
[10] 青海省文物考古研究所主编.青海文物考古研究,李冀源、乔虹.《宗日遗址反映的生业模式探讨青海文物考古研究》[G].北京:北京科学出版社,2022:73-82.
[11][12]
དབང་རྒྱལ་དང་བསོད་ནམས་སྐྱིད། «ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ» [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1992:56;20.

རྩོམ་པ་པོ་ངོ་སྤྲོད།
       རྨོག་རུ་མཁར་རྒྱལ་བྱམས།(1991—) ཕོ། བོད་རིགས། མཚོ་སྔོན་གུང་ཧོའི་མི། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཀྲུང་གོའི་སྐད་ཡིག་རྩོམ་རིག་སློབ་སྡེའི་ཡིག་ཚང་རིག་པའི་འབུམ་རམས་ཞིབ་འཇུག་སློབ་མ། ཞིབ་འཇུག་གི་ཁ་ཕྱོགས་ནི། གནའ་དཔེ་ཡིག་ཚང་རིག་པ་དང་བྲག་བརྐོས་ཡིག་ཆའི་སྐོར་ཡིན།
       ནག་བཟའ་རིག་འཛིན་ཚེ་རིང་།(1993—) ཕོ། བོད་རིགས། མཚོ་སྔོན་འབའ་རྫོང་གི་མི། བོད་ལྗོངས་སློབ་གྲྭ་ཆེན་མོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཞིབ་འཇུག་གླིང་གི་མི་རིགས་རིག་པའི་འབུམ་རམས་ཞིབ་འཇུག་སློབ་མ། ཞིབ་འཇུག་གི་ཁ་ཕྱོགས་ནི། བོད་ཀྱི་དམངས་སྲོལ་རིག་གནས་ཡིན།
འབྲེལ་ཡོད་འོས་སྦྱོར།