logo

གློག་བརྙན་ཆུ་ལྷམ་ཆུང་ཆུང་གི་ཕབ་སྐྲུན་མཛད་སྒོ་དེ་དཔའ་ལུང་རྫོང་ཐལ་རྒྱ་ཡུལ་ཚོར་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-08-03 ཀློག་གྲངས།:


གློག་བརྙན་ཆུ་ལྷམ་ཆུང་ཆུང་གི་ཕབ་སྐྲུན་མཛད་སྒོ་དེ་དཔའ་ལུང་རྫོང་ཐལ་རྒྱ་ཡུལ་ཚོར་སྤེལ།

     ཉེ་སྔོན། འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་གྱིས་འཁྲབ་གཞུང་བརྩམས་ཤིང་འཁྲབ་ཁྲིད་བྱས་པའི་གློག་བརྙན《ཆུ་ལྷམ་ཆུང་ཆུང》ཞེས་པའི་ཕབ་སྐྲུན་མགོ་རྩོམ་པའི་མཛད་སྒོ་དེ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་ཐལ་རྒྱ་ཡུལ་ཚོའི་ཐལ་རྒྱ་སྡེ་བ་ནས་གཟབ་རྒྱས་ངང་སྤེལ། འདི་ནི་བྱིས་པ་བརྗོད་དོན་དུ་བཟུང་བའི་གློག་བརྙན་ཞིག་ཡིན་ཞིང་། ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང《དབང་གྲགས་ཀྱི་ཆུ་ལྷམ》ཞེས་པ་སྒྲིག་བཅོས་བྱས་པ་དང་། དེར་པེ་ཅིང་གློག་བརྙན་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཧོའུ་ཀོང་མིང་དང་སློབ་གཙོ་གཞོན་པའམ་ན་གཞོན་གློག་བརྙན་སྒྲིག་བཟོ་ཁང་གི་འགོ་གཙོ་ཡུའུ་ཅན་ཧུང་གི་རྒྱབ་སྐྱོར་ཆེན་པོ་གནང་། པེ་ཅིང་གློག་བརྙན་སློབ་གླིང་གི་སྐབས་བདུན་པའི་ན་གཞོན་འཁྲབ་ཁྲིད་པའི་རོགས་སྐྱོར་འཆར་འགོད་དུ་ཚུད་ཅིང་། སྐབས་ཉེར་གསུམ་པའི་པེ་ཅིང་སློབ་ཆེན་པའི་གློག་བརྙན་དུས་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའི་ན་གཞོན་ཕུལ་བྱུང་འཁྲབ་གཞུང་གི་བྱ་དགའ་ཐོབ།

     གློག་བརྙན་འདི་ནི་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་དཔྱད་འདེམས་པའམ་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་གྱིས་ལྟ་སྐུལ་བྱེད་ཅིང་། ཐེངས་གཉིས་ལ་གསེར་རྟ་རྟགས་མའི་ཕུལ་བྱུང་བརྙན་ལེན་པར་འདེམ་བསྐོ་གནང་བའི་བརྙན་ལེན་པ་ལུས་སུང་ཡེ་ཡིས་བརྙན་བླངས། ན་གཞོན་གློག་བརྙན་སྒྲིག་བཟོ་ཁང་གི་འགོ་གཙོ་ཁྲེན་ཀྲུང་ཀུའོ་ཡིས་སྒྲིག་བཟོ་གནང་།

     གློག་བརྙན་འདིའི་འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་ནི་པེ་ཅིན་གློག་བརྙན་སློབ་གླིང་ནས་སློབ་མཐར་ཕྱིན་ཞིང་། སློབ་མའི་སྐབས་སུ་བརྙན་ཐུང་གང་མང་གསར་རྩོམ་བྱས་ཏེ་གདེང་འཇོག་ལེགས་པོ་ཐོབ། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན《ཐར་ལོ》སོགས་ཕུལ་བྱུང་གློག་བརྙན་མང་པོའི་སྒྲིག་བཟོ་བྱེད་པར་ཞུགས་མྱོང་པས་གསར་རྩོམ་ལག་ལེན་གྱི་ཉམས་མྱོང་ངེས་ཅན་ལྡན། གློག་བརྙན《ཆུ་ལྷམ་ཆུང་ཆུང》ནི་ཁོའི་གློག་བརྙན་རིང་གྲས་ཀྱི་ཐོག་མའི་བརྩམས་ཆོས་ཡིན་ལ། ལོ་གཉིས་ཀྱི་རིང་གྲ་སྒྲིག་བྱས་ཡོད། གསེར་རྟ་རྟགས་མའི་ཕུལ་བྱུང་འཁྲབ་སྟོན་པ་གསར་བར་འདེམ་བསྐོ་གནང་བའི་བོད་རིགས་ན་གཞོན་འཁྲབ་སྟོན་པ་སྦྱིན་པས་གློག་བརྙན་འདིའི་ནང་བྱིས་པའི་ཨ་ཕ་འཁྲབ་ཡོད་ལ། ན་གཞོན་འཁྲབ་སྟོན་པ་བྱམས་མ་སྐྱིད་ཀྱིས་ཨ་མ་འཁྲབ་ཡོད། བྱིས་པ་ཆུང་ཆུང་འབྲུག་ལྷ་རྡོ་རྗེས་བུ་ཆུང་དབང་གྲགས་དང་ཕག་མོ་གཡང་སྒྲོན་གྱིས་བུ་མོ་ཆུང་ཆུང་ལྷ་མོ་གཙོ་ཁྲབ་བྱས་ཡོད།

     གློག་བརྙན་འདི་ནི་ཧའེ་ཉིང་ཡོན་ཧྲི་རིག་གནས་སྨྱན་སྤེལ་མ་རྐང་ཚད་ཡོད་ཀུང་ཟིས་ཐོག་མའི་འགྲེམ་སྤེལ་གྱི་ཕྱོགས་དང་། ན་གཞོན་གློག་བརྙན་སྒྲིག་བཟོ་ཁང་དང་མཚོ་སྔོན་ཁ་བ་ཅན་གློག་བརྙན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི་བཅས་མཉམ་འབྲེལ་སྒོས་འགྲེམ་སྤེལ་བྱེད་པ་རེད།


འབྲེལ་ཡོད་འོས་སྦྱོར།