གློག་བརྙན《རྒྱང་རིང་གི་དར་ལྕོག》ལ་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་མིང་འདོན་བྱུང་ཡོད།
གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཟླ5པའི་ཚེས16ཉིན་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གཞུང་ཕྱོགས་འཕྲིན་ལམ་ནས་བསྒྲགས་པ་ལྟར་ན། བོད་ཀྱི་ན་གཞོན་གློག་བརྙན་འཁྲབ་ཁྲིད་པ་བསྟན་འཛིན་ཉི་མས་གསར་རྩོམ་བྱས་པའི་གློག་བརྙན་འཁྲབ་གཞུང《རྒྱང་རིང་གི་དར་ལྕོག》ཅེས་པ་དེ2017ལོའི་སྐབས20པའི་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གློག་བརྙན་ལས་གཞི་ཚན་པར་མིང་འདོན་བྱུང་ཡོད།
གློག་བརྙན་འཁྲབ་གཞུང་འདི་ནི་ན་གཞོན་འཁྲབ་ཁྲིད་པ་བསྟན་འཛིན་ཉི་མས2010ལོ་ནས་གསར་བཟུང་རྩོམ་བྱེད་མགོ་བརྩམས་ཤིང་སྔ་ཕྱིར་ལོ་དྲུག་འགོར་ཡོད་པ་དང་། དཀའ་བ་མང་པོ་ཁྱད་དུ་བསལ་ཏེ་གསར་རྩོམ་བྱས་པའི་གློག་བརྙན་རིང་གྲས་དེའང་ཡིན། 2012ལོར་ཡུལ་དངོས་སུ་ཕབ་སྐྲུན་བྱེད་སྐབས་འཁྲབ་གཞུང་གིས་ཡིད་མ་འཚིམ་སྟེ་ཕབ་སྐྲུན་བྱེད་མཚམས་བཞག དེའི་རྗེས་སུ་ཡང་བསྐྱར་འཁྲབ་གཞུང་བཅོས་སྒྲིག་དང་ཞུ་དག་གི་ལས་ལ་འཇུས་ཤིང་། 2018ལོའི་སྔ་གཞུག་ཏུ་ཕབ་སྐྲུན་དང་སྒྲིག་བཟོ་ལེགས་འགྲུབ་བྱ་རྒྱུའི་འཆར་གཞི་འདུག གློག་བརྙན་འདི་ལ་བོད་ཀྱི་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་ཀྱི་མཛུབ་སྟོན་དང་ལྟ་སྐུལ་བརྙན་སྐྲུན་པའི་འགན་གཅིག་ལྕོགས་སུ་བཞེས་ཐུབ་པ་བྱུང་ཡོད་ལ། བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་སྟག་ལྷ་ཚེ་བརྟན་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སྐུལ་ལྕག་གནང་སྟེ་གློག་བརྙན་འདིར་རྒྱབ་སྐྱོར་མང་པོ་ཐོབ་ཡོད་པ་རེད།
བསྟན་འཛིན་ཉི་མ། མཚོ་སྔོན་མཚོ་ལྷོ་ནས་ཡིན་ཞིང་ནུབ་བྱང་མི་རིགས་སློབ་ཆེན་གྱི་མཛེས་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན། གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་གཞུང་གསར་རྩོམ། གློག་བརྙན་མཛེས་རྩལ། འགུལ་རིས་གསར་རྩོམ་ཇུས་འགོད་སོགས་ལས་ཀ་སྣ་མང་ལ་འཇུས་མྱོང་། 2010ལོ་ནས་བཟུང་གློག་བརྙན་ཕབ་སྐྲུན་བྱེད་མགོ་བརྩམས་ཏེ། ཁོས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཐུང་གྲས《ལམ》ལ་རྒྱལ་ཡོངས་སློབ་ཆེན་སློབ་མའིDVགློག་བརྙན་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་དང་ཁི་ཞུན་རྟགས་མའི་ན་གཞོན་གློག་བརྙན་འགྲན་སྡུར་ཁྲོད་འཁྲབ་ཁྲིད་པ་རྩེ་གྲས་ཀྱི་བྱ་དགའ་ཐོབ། ནུབ་བྱང་མི་རིགས་སློབ་ཆེན་གྱི་ལང་ཚོའི་གཟེངས་བསྟོདDVགློག་བརྙན་འགྲན་སྡུར་ཁྲོད་འཁྲབ་ཁྲིད་པ་རྩེ་གྲས་ཀྱི་བྱ་དགའ་ཐོབ། དེ་མིན་ཁོས་འཁྲབ་གཞུང་དང་འཁྲབ་ཁྲིད་ཀྱི་འགན་བླངས་ཏེ་ཕབ་སྐྲུན་བྱས་པའི་གློག་བརྙན་ཐུང་གྲས《ཉི་མ་ལ་ཁར་བཞུད་དུས》ཞེས་པར་ཀན་སུའུ་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་གློག་བརྙན་འཕྲིན་བརྩམས་ཆོས་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ། གཞན་ཡང་གློག་བརྙན《ཐར་ལོ》ཡི་མཛེས་རྩལ་པ་གཞོན་པ་དང་གློག་བརྙན《གཙང་ཆབ་ནང་གི་མཚོན་གྲི》ཞེས་པའི་མཛེས་རྩལ་གཞོན་པ། གློག་བརྙན《གཞུང་ལམ318》ཀྱི་རྒྱན་གོས་ཇུས་འགོད་པ། ཚོད་ལྟའི་འགུལ་རིས་གློག་བརྙན《མི་རོ་རྩེ་སྒྲུང》གི་འགུལ་རིས་ཇུས་འགོད་པ། བོད་ཀྱི་བྱིས་གླུ《གངས་ཅན་བྱིས་གླུའི》འགུལ་རིས་ཇུས་འགོད་སོགས་ཀྱི་ལས་ཀ་སྣ་མང་ལ་འཇུས་མྱོང་།