logo

མཚོ་ལྷོ་ཁུལ་གྱི་བོད་སྐད་ཨེ་ཙི་ནད་ཀྱི་དྲིལ་སྒྲོག་བརྙན་འཕྲིན་ཐོག་མ《ཚེ་སྲོག་གི་དབྱངས་རྟ》གཏོང་བཞིན་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-12-09 ཀློག་གྲངས།:


མཚོ་ལྷོ་ཁུལ་གྱི་བོད་སྐད་ཨེ་ཙི་ནད་ཀྱི་དྲིལ་སྒྲོག་བརྙན་འཕྲིན་ཐོག་མ《ཚེ་སྲོག་གི་དབྱངས་རྟ》།


《ཚེ་སྲོག་གི་དབྱངས་རྟ》ཞེས་པའི་དྲིལ་སྒྲོག་པར་རིས།

     སྤྱི་ཟླ12པའི་ཚེས1ཉིན་ཏེ་འཛམ་གླིང་ཨེ་ཙི་ནད་ཀྱི་ཉིན་མོའི་སྐབས་སུ། མཚོ་ལྷོ་ཁུལ་ས་གནས་ཀྱིས་སྒྲིག་བཟོ་བྱས་པའི་ཨེ་ཙི་ནད་ཀྱི་བོད་སྐད་དྲིལ་སྒྲོག་བརྙན་འཕྲིན་ཐོག་མ《ཚེ་སྲོག་གི་དབྱངས་རྟ》ཞེས་པ་དེ་ཁུལ་དང་རྫོང་བརྙན་འཕྲིན་ཁང་སོགས་སུ་དངོས་སུ་གཏོང་བཞིན་ཡོད་ཅིང་། འདིའི་ནང་དོན་དངོས་ཡོད་འཚོ་བ་དང་ཤིན་ཏུ་ཉེ་ལ། འདིར་བརྒྱུད་དེ་གཟིགས་མོ་བ་ཀུན་ལ་ཨེ་ཙི་ནད་ཇི་ལྟར་འགོས་པ་དང་དེའེི་གནོད་རྐྱེན་སོགས་བརྗོད་པ་དང་། ཡིད་སེམས་འགུག་པའི་གཏམ་རྒྱུད་ལས་གཟིགས་མོ་བ་རྣམས་སེམས་འགུག་ཐེབས་ཏེ་དགའ་བསུ་ཆེན་མོ་བྱེད་པས། དྲིག་སྒྲོག་སློབ་གསོའི་ཕན་འབྲས་ལེགས་པོ་ཐོན།
     《ཚེ་སྲོག་གི་དབྱངས་རྟ》ཞེས་པ་འདི་ནི་ཅང་སུའུ་ཞིང་ཆེན་རིམས་ནད་སྔོན་འགོག་ལྟེ་གནས་ཀྱིས་མ་དངུལ་སྒོར་ཁྲི11བཏང་ཞིང་། མཚོ་ལྷོ་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཚོགས། ཁུལ་རིམས་ནད་སྔོན་འགོག་ལྟེ་གནས་བཅས་མཉམ་འབྲེལ་སྒོས་ལྟ་ཞིབ་སྒྲིག་བཟོ་དང་། མཚོ་སྔོན་མཆོད་རྟེན་དཀར་པོའི་གློག་བརྙན་སྒྲིག་བཟོ་ཚད་ཡོད་ཀུང་ཟིས་ཕབ་སྐྲུན་བྱས་པའི་དོན་བརྗོད་རང་བཞིན་གྱི་བརྙན་འཕྲིན་ཐུང་ངུ་ཞིག་ཡིན། ནང་དོན་གཙོ་བོ་ནི་རིན་ཆེན་འབུམ་ཟེར་བའི་ན་གཞོན་ཞིག་ལ་ཨེ་ཙིའི་ནད་འགོས་ཏེ་བཟའ་མི་སྡིག་ལ་སྦྱར་བ་དང་ནད་བཅོས་བྱེད་པའི་ཀྱག་ཀྱོག་གི་བརྒྱུད་རིམ་བསྟན་ཡོད།
     ཉེ་དུས། མཚོ་ལྷོ་ཁུལ་རིམས་ནད་སྔོན་འགོག་ལྟེ་གནས་ཀྱི་ཨེ་ཙི་ནད་ཀྱི་ཆེད་ལས་མི་སྣས་ཁུལ་ཡོངས་ཀྱི་སློབ་འབྲིང་སོ་སོ་དང་སྡོད་ཁུལ། གྲོང་སྡེ་སོགས་སུ་བརྙན་འཕྲིན་འདི་གཏོང་བཞིན་ཡོད་པ་མ་ཟད། འདིར་བརྒྱུད་དེ་ཕུན་སུམ་ཚོགས་པའི་གླེང་མོལ་དང་བགྲོ་གླེང་། གཏམ་བཤད། དེ་མིན་ཨེ་ཙི་ནད་ཀྱི་ཤེས་བྱ་འགྲན་བསྡུར་སོགས་བྱ་འགུལ་སྤེལ་བ་ཡིན།


འབྲེལ་ཡོད་འོས་སྦྱོར།