ཞི་བདེ་ཉི་མར་ཡ་གླིང་གི་ཆེས་གདེངས་འཇོག་ཐོབ་པའི་འཁྲབ་སྟོན་པའི་གཟེངས་རྟགས་ཐོབ་པ།

ཞི་བདེ་ཉི་མའི་ཉེ་པར།
སྐབས་དགུ་བའི་ཨོ་སི་ཁྲིར་ཡའི་ཡ་གླིང་གློག་བརྙན་དུས་ཆེན་དེ། པུའུ་ལེ་སི་པན་གྲོང་ཁྱེར་ནས་བསྡུས། གློག་བརྙན《ཐར་ལོ》ཡི་གཙོ་འཁྲབ་པ་ཞི་བདེ་ཉི་མར་ཡ་གླིང་གློག་བརྙན་དུས་ཆེན་གྱི་སྐྱེས་པའི་ཕུལ་བྱུང་འཁྲབ་སྟོན་པའི་བདམས་ཐོན་གཟེངས་རྟགས་དང་། ཡ་གླིང་གློག་བརྙན་བྱ་དགའ་ཆེན་མོའི་མཐུན་ཚོགས་ཀྱི་ཚོགས་མི། 2015ལོའི་ཡ་གླིང་གི་ཆེས་དགའ་བསུ་ཐོབ་པའི་སྐྱེས་པའི་འཁྲབ་སྟོན་པའི་གཟེངས་རྟགས་སོགས་ཀྱི་མཚན་སྙན་གནང་པར་མ་ཟད། ཐེངས་འདིའི་གློག་བརྙན་དུས་ཆེན་སྟེང་དུ་ཆེས་གདེངས་འཇོག་ཐོབ་པའི་རྒྱལ་སྤྱིའི་འཁྲབ་སྟོན་སྒྱུ་རྩལ་པར་གྱུར་ཡོད།

ཞི་བདེ་ཉི་མས་མྱོང་ཚོར་གླེང་བ།
ཞི་བདེ་ཉི་མ་ནི་ཨ་མདོ་མཚོ་སྔོན་མང་རྫོང་ནས་ཡིན་ཞིང་། ཁོ་ནི་བོད་ནང་དུ་སྐད་གྲགས་ཆོད་པའི་འཁྲབ་སྟོན་སྒྱུ་རྩལ་པ་དང་། སྙན་ངག་པ། གློག་བརྙན་འཕྲིན་འཁྲབ་ཁྲིད་པ། གློག་བརྙན་སྐད་སྦྱོར་བ་བཅས་ཡིན་འདུག
ཁོ་ནི་བོད་སྐད་ཀྱི་བརྙན་འཕྲིན་ཟློས་གར་གྱི་སྲོལ་འབྱེད་པ་རུ་རྩིས་ཆོག་ལ། ཁོས་གསར་རྩོམ་གནང་བའི་བརྙན་འཕྲིན་ཟློས་གར《བྱུ་རུའི་སྐེ་རྒྱན》དང《མོ་སྟོན་ཕག་མགོ》གློག་བརྙན《སྒྲོལ་མའི་མགུལ་རྒྱན》《ཨ་རིག་བུ་མོ་འབྲི་བརྒྱ་མ》《སྐལ་བཟང་གི་གཟའ་མཇུག》སོགས་དང་། གར་ཆུང《རྒྱན་ཆ》《ཁྱིམ་རྒྱུད་ནོར་བུ》《གངས་དཀར་པོར་ཉི་མ་འཆར་དུས》《གངས་དཀར་པོར་ལབ་ཙེ་བསྟོད་དུས》 སྙན་རྩོམ《ངང་བ་སེར་པོ》དང་། 《གངས་ལྗོངས་སྨོན་ལམ་ཆེན་མོ》《ང་ཚོས་སྤྱང་ཀི་ལ་སློབ་སྦྱོང་བྱེད་དགོས》སོགས་མང་པོ་རྩོམ་གནང་མཛད་ཡོད་ལ། བརྩམས་ཆོས་གང་མང་ལ་རྒྱལ་ཁབ་ཕྱི་ནང་ནས་གཟེངས་རྟགས་བྱ་དགའ་མང་པོ་ཐོབ་འདུག
