ན་གཞོན་འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ལ་གཏམ་རྒྱུད་གློག་བརྙན་གྱི་བྱ་དགའ་ཆེན་མོ་ཐོབ།

ཧྤ་རན་སིའི་འཁྲབ་ཁྲིད་པ་གྲགས་ཅན་ཆོ་ཀྲི་བེར་ལུང་གིས་བདུད་རྩི་སྐྱིད་ལ་གཟེངས་རྟགས་བྱ་དགའ་གནང་བཞིན་པ།

གཏམ་རྒྱུད་གློག་བརྙན་གྱི་བྱ་དགའ་ཆེན་མོ།
སྐབས་བཞི་བའི་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གློག་བརྙན་ཐུང་བའི་བྱ་དགའ་སྟེར་བའི་མཛད་སྒོ་ཆེན་མོ་དེ་སྤྱི་ཟླ10བའི་ཚེས18ཉིན་པེ་ཅིན་རྒྱལ་སའི་དགེ་ཐོན་སློབ་ཆེན་དུ་གཟབ་རྒྱས་ངང་བསྡུས་ཤིང་། དེར་བོད་ཀྱི་སྐྱེས་མའི་འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ཀྱིས་འཁྲབ་གཞུང་བརྩམས་པ་དང་འཁྲབ་ཁྲིད་བྱས་པའི་གློག་བརྙན་བརྩམས་ཆོས《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས》ལ་འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནས་འགྲན་ཞུགས་བྱས་པའི་གློག་བརྙན2500ལྷག་གི་ཁྲོད་འགྲན་རྩོད་བྱས་པ་བརྒྱུད། མཇུག་མཐར་ཐེངས་འདིའི་འགྲན་སྡུར་ཁྲོད་ཆེས་མཐོ་བའི་བྱ་དགའ་སྟེ་གཏམ་རྒྱུད་གློག་བརྙན་གྱི་བྱ་དགའ་ཆེན་མོ་ཐོབ་པ་དང་། ཧྥ་རན་སིའི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཆོ་ཀྲི་བེར་ལུང་གིས་ཁོ་མོར་གཟེངས་རྟགས་བྱ་དགའ་གནང་།
ཕ་ཡུལ་མང་རྫོང་ནས་ཡིན་པའི་བདུད་རྩི་སྐྱིད་ནི་པེ་ཅིང་དུ་གློག་བརྙན་གྱི་འཁྲབ་ཁྲིད་དང་འཁྲབ་གཞུང་གི་ཆེད་ལས་ལ་བརྩོན་བཞིན་པའི་བོད་ཀྱི་སྐྱེས་མའི་འཁྲབ་འཁྲིད་པ་ཞིག་ཡིན། ཁོ་མོའི་གློག་བརྙན《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས》ཞེས་པར་སྔ་རྗེས་སུ་གློག་བརྙན་དུས་ཆེན་དག་ཏུ་བྱ་དགའ་མང་པོ་ཐོབ་མྱོང་སྟེ། སྐབས་གཉིས་པའི་ཀྲུང་གོའི་ཁྲུང་ཆེན་ན་གཞོན་གློག་བརྙན་སྒྱུ་རྩལ་དུས་ཆེན་སྟེང་དཔྱད་འདེམས་པའི་བྱ་དགའ་ཆེན་མོ་དང་། ཕུལ་བྱུང་གཏམ་རྒྱུད་གློག་བརྙན་དུ་ཚུལ་པའི་བྱ་དགའ་ཐོབ། སྐབས་གཉིས་པའི་ཨ་རིའི་ཅིག་ཅིན་ཧྲན་ཡ་གླིང་སློབ་ཆེན་གློག་བརྙན་དུས་ཆེན་དུ་ཕུལ་བྱུང་གཏམ་རྒྱུད་གློག་བརྙན་གྱི་འདེམ་ཐོན་བྱ་དགའ་ཐོབ། པེ་ཅིན་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གློག་བརྙན་དུས་ཆེན་སྟེང་གཏམ་རྒྱུད་ཐུང་བའི་བྱ་དགའ་ཐོབ། 2015ལོའི་རྒྱལ་ཡོངས《ལང་ཚོའི་སྟོབས》ཀྱི་གློག་བརྙན་ཐུང་བའི་འགྲན་བསྡུར་ཁྲོད་ཕུལ་བྱུང་གཏམ་རྒྱུད་གློག་བརྙན་གྱི་བྱ་དགའ་ཐོབ། 2014ལོར་རྒྱལ་ཡོངས་སློབ་ཆེན་མཉམ་འབྲེལ་ཚོགས་པས་ཕུལ་བྱུང་སློབ་ཆེན་སློབ་མའི་བརྩམས་ཆོས་ལ་བདམས་པའི་གཟེངས་རྟགས་བྱ་དགའ་གནང་། 2015ལོའི་སྐབས་བཞི་བའི་རྒྱལ་སྤྱིའི་སློབ་ཆེན་གློག་བརྙན་ཐུང་བའི་དུས་ཆེན་དུ་གཏམ་རྒྱུད་གློག་བརྙན་གྱི་བྱ་དགའ་ཆེན་མོ་ཐོབ།
《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས》ཅེས་པའི་གློག་བརྙན་བརྩམས་ཆོས་འདི་ནི། མིག་སྔར་བོད་ཀྱི་སློབ་ཆེན་སློབ་མའི་བརྩམས་ཆོས་ཁྲོད་ཕུལ་བྱུང་གཏམ་རྒྱུད་ཀྱི་བྱ་དགའ་མང་པོ་ཐོབ་པའི་རྒྱལ་ཡོངས་རང་བཞིན་གྱི་ཆེས་ཕུལ་དུ་བྱུང་བའི་བོད་སྐད་ཀྱི་གློག་བརྙན་ཞིག་རེད།
རྒྱལ་སྤྱིའི་གློག་བརྙན་ཐུང་བའི་དུས་ཆེན་ནི། འགྲན་ཞུགས་རྒྱལ་ཁབ་དང་འགྲན་ཞུགས་མི་སྣ་ཆེས་མང་ཞིང་། རྒྱལ་སྤྱིའི་རང་བཞིན་གྱི་ཆུ་ཚད་ཅུང་མཐོ་བའི་འཛམ་གླིང་སློབ་ཆེན་པའི་གློག་དུས་ཆེན་ཞིག་རེད། ཐེངས་འདིའི་བྱ་དགའ་ཐོབ་པའི་བརྩམས་ཆོས་སྐོར་ཞིག་མི་འགྱངས་པར་ཁ་ན་ཊ་དང་། སུའེ་ཙེར། ཁོ་རེ་ཡ་སོགས་རྒྱལ་ཁབ་ཏུ་འགྲེམ་སྟོན་བརྗེ་རེས་བྱ་རྒྱུ་རེད།
གློག་བརྙན་འཕྲིན་རོལ་རྩོད་ཚགས་པར་ལས་སྒྱུར་བསྒྲིགས་བྱས།
