གློག་བརྙན《གཙང་པོ》ལ་དབྱི་ཐ་ལའི་ལེ་སིན་ནེའི་གློག་བརྙན་དུས་ཆེན་གྱི་བྱ་དགའ་ཆེ་ཤོས་ཐོབ་པ།

གློག་བརྙན《གཙང་པོ》།

གློག་བརྙན་དུས་ཆེན་དེའི་བྱ་དགའ་ཆེ་ཤོས་ཏེ་གསེར་གྱི་ལེ་སིན་ནེའི་བྱ་དགའ།
ས་གནས་དེ་གའི་སྤྱི་ཟླ8པའི་ཚེས29ཉིན་དབྱི་ཐ་ལིའི་ལེ་སིན་ནེའི་གློག་བརྙན་དུས་ཆེན་(Film Festival della Lessinia)སྐབས་ཉེར་གཅིག་པའི་སྟེང་། བོད་ཀྱི་གློག་བརྙན《གཙང་པོ》དེ་ཉིད་རྒྱལ་སྤྱིའི་བདམས་ཐོན་གློག་བརྙན་ཉི་ཤུ་ལྷག་གི་འགྲན་རྩོད་ཁྲོད་ལས་རྣམ་པར་རྒྱལ་ཏེ། གློག་བརྙན་དུས་ཆེན་དེའི་བྱ་དགའ་ཆེ་ཤོས་གསེར་གྱི་ལེ་སིན་ནེའི་བྱ་དགའ་ཞེས་པ་ཐོབ་པ་མ་ཟད། འཁྲབ་སྟོན་པ་དབྱངས་ཅན་ལྷ་མོར་ཡང་དཔྱད་འདེམས་པའི་དམིགས་བསལ་བསྟོད་བསྔགས་བྱ་དགའ་ཐོབ་འདུག
བོད་ཀྱི་གཞོན་སྐྱེས་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱིས་འཁྲབ་ཁྲིད་གནང་བའི་གློག་བརྙན《གཙང་བོ་》ནི་ཁོང་རང་གི་ཕ་ཡུལ་མཚོ་སྔོན་ནས་ཕབ་སྐྲུན་བྱས་ཤིང་། གློག་བརྙན་དུ་ཕ་ཡུལ་གྱི་མི་དཀྱུས་མ་རྣམས་ཀྱི་འཚོ་བ་དང་བརྩེ་དུང་བརྗོད་ཅིང་། ཚེ་སྲོག་གི་རྩིས་ཐང་དང་མི་ཆོས་ཀྱི་ལྟ་བ་ནི་ནམ་ཡང་བོད་མི་རེ་རེའི་ནང་སེམས་ཀྱི་ཟབ་སར་སིམ་ཡོད་པ་མཚོན་ཡོད། ཟོན་ཐར་རྒྱལ་གྱི་གློག་བརྙན་བརྩམས་ཆོས་ཐོག་མ《དབུས་ལམ་གྱི་ཉི་མའི》ནང་གི་མི་སྣ་གཙོ་བོའི་དབུས་བཞུད་རིང་མོ་དེ་ཡང་ནང་སེམས་ཀྱི་ཐར་བ་འཚོལ་ཞིང་རྣམ་ཤེས་ལ་གཙང་སེལ་བྱེད་པའི་འགྲུལ་བཞུད་ཐེངས་ཤིག་ཡིན་ལ། དེ་བཞིན་ཐེངས་འདིའི་གློག་བརྙན《གཙང་བོ》རུ་ཡང་མི་རབས་གསུམ་གྱི་བར་ཐག་དང་ཤ་ཞེན་དེ་ནང་སེམས་ཀྱི་འགལ་འདུ་ལས་མངོན་པར་མཚོན་ཡོད།
