logo

བརྙན་འཕྲིན་ཟློས་གར《འཚར་ལོངས་སྐྱ་བོ》ཕབ་སྐྲུན་ལེགས་འགྲུབ་བྱུང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-07-27 ཀློག་གྲངས།:


བརྙན་འཕྲིན་ཟློས་གར《འཚར་ལོངས་སྐྱ་བོ》ཕབ་སྐྲུན་ལེགས་འགྲུབ་བྱུང་།

བསོད་རྡོ
ཕབ་སྐྲུན་བྱེད་བཞིན་པ།


ཧུར་བརྩོན་གྱིས་ཕབ་སྐྲུན་བྱེད་བཞིན་པའི་རྣམ་པ།


ཕབ་སྐྲུན་ཡུལ་དངོས།


བརྙན་འཕྲིན་ཟློས་གར《འཚར་ལོངས་སྐྱ་བོ》ཕབ་སྐྲུན་ལེགས་འགྲུབ་བྱུང་།


ཕབ་སྐྲུན་ཡུལ་དངོས།


ཕབ་སྐྲུན་ཡུལ་དངོས་ཀྱི་རྣམ་པ།


བརྙན་འཕྲིན་ཟློས་གར《འཚར་ལོངས་སྐྱ་བོ》ཕབ་སྐྲུན་ལེགས་འགྲུབ་བྱུང་།

འཁྲབ་ཁྲིད་པ་བསོད་རྡོ།

     ཉེ་ཆར། ཁྲིམས་ལུགས་དང་སློབ་གསོ་བརྗོད་བྱ་གཙོ་བོར་བཟུང་ཞིང་། དེང་སྐབས་བོད་ཁུལ་གྱི་གཞི་རིམ་སློབ་གསོའི་གནས་བབ་ཐད་ཀྱི་སྣང་ཚུལ་སྐྱོ་བོ་གང་དེ་དག་དང་འབྲེལ་ནས་བོད་ཀྱི་སློབ་གསོའི་ས་བོན་ལ་ནད་དུག་འཕོག་གིན་པ་བརྩམ་གཞི་བྱས་ཡོད་པའི་བོད་སྐད་བརྙན་འཕྲིན་ཟློས་གར《འཚར་ལོངས་སྐྱ་བོ》ཞེས་པ་དུས་ཡིན་ཟླ་གཅིག་ཙམ་གྱི་རིང་ལ། ཕབ་སྐྲུན་མི་སྣ་ཡོངས་ཀྱིས་མཐུན་སྒྲིལ་འབད་འབུངས་དང་དཀའ་སྤྱད་སྡུག་རུས་བྱས་འོག མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྩྭ་ཐང་ནས་ཕབ་སྐྲུན་ལེགས་འགྲུབ་བྱུང་།
     བརྙན་འཕྲིན་ཟློས་གར་འདི་ནི་མཚོ་ནུབ་བརྙན་འཕྲིན་ཁང་གི་བོད་ཀྱི་ན་གཞོན་བརྙན་འཕྲིན་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ། བརྙན་ལེན་པ་དང་སྒྲིག་བཟོ་པ་བསོད་རྡོའི་བརྩམས་ཆོས་ཐོག་མ་སྟེ་དམངས་སྲོལ་བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》དང་། མ་བུ་བདེ་སྲུང་དང་ཨེ་ཛིའི་རིམས་ནད་སྔོན་འགོག་སྐོར་བརྗོད་གཞི་ཡིན་པའི་ལེའུ་ལྔ་ཅན་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར《སྐྱིད་སྡུག་གི་ལོ་ཟླ》གཉིས་གསར་རྩོམ་ཕབ་སྐྲུན་བྱས་རྗེས་ཀྱི་བརྩམས་ཆོས་ཆེ་གྲས་གསུམ་པ་ཡིན
     《འཚར་ལོངས་སྐྱ་བོ》ཞེས་པའི་བརྙན་འཕྲིན་ཟློས་གར་ནང་དུ་མི་ལོ30ལྷག་རིང་ལ་བོད་ཀྱི་གཞི་རིམ་སློབ་གསོའི་ལས་རྐང་ནས་སློབ་སྒྲུབ་དང་སློབ་གཙོའི་ལས་ཀའི་ཁྲོད་བོད་ཀྱི་ཆུང་འབྲིང་སློབ་མའི་སློབ་གསོ་མྱོང་བའི་གོ་རིམ་དང་བདེ་ཐང་འཚར་ལོངས་ཐད་ཀྱི་གནད་དོན་ལ་ཞིབ་འཇུག་དང་དཔྱད་སྡུར་གྱི་ཉམས་མྱོང་སྤྱི་སྡོམ་བྱེད་མཁན་རྡོ་རྗེ་སྒྲོལ་མར་འབོད་པ་ཁོ་མོས་རྒྱུ་ཆ་མཁོ་འདོན་ལ་བརྟེན་ནས་གསར་རྩོམ་བྱས་པ་ཞིག་ཡིན་ལ།འདིར་འཁྲབ་ཁྲིད་པས་གྲངས་ཉུང་མི་རིགས་ཀྱི་སློབ་གསོ་འཕེལ་རྒྱས་ནི་བྱིས་པའི་སློབ་གསོ་ལ་རག་ལས་ཤིང་། བྱིས་པའི་སློབ་གསོའི་འཕེལ་རྒྱས་ནི་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་རྒྱུར་རག་ལས་ཕྱིར། བྱིས་པར་བདེ་ཐང་ངང་སློབ་གསོ་མྱོང་དུ་འཇོག་རྒྱུ་དེ་ཁྱིམ་གྱི་སློབ་གསོ་སྟེ་ཨ་མའི་སློབ་གསོར་བརྟེན་དགོས་ལ། བྱིས་པའི་ཕ་མ་གཉིས་ཀྱིས་འཆམ་མཐུན་ངང་བདེ་སྐྱིད་ཀྱི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ་ནི་སློབ་གསོའི་གོ་རིམ་ཡོད་ཚད་ཀྱི་རྨང་གཞིའམ་ཡང་ན་སྲོག་ཤིང་ཡིན་པ་བརྗོད་དེ། དེང་སྐབས་གྲངས་ཉུང་རིགས་ས་ཁུལ་དང་ལྷག་པར་དུ་རོང་འབྲོག་བོད་ཡུལ་དུ་ཕ་མ་བཟའ་ཐོར་བྱུང་བ་ལས་བྱིས་པའི་བདེ་ཐང་འཚར་ལོངས་དང་བྱིས་པར་ལོ་དགུའི་འགན་བབ་སློབ་གསོ་མྱོང་བའི་ཐད་ལ་ཤན་ཤུགས་ངན་པ་ཐེབས་པ་ལས་ལོ་ཆུང་བྱིས་པར་ཀུན་སྤྱོད་ངན་པའི་གནད་དོན་ཚབས་ཆེན་འབྱུང་བཞིན་པ་གཙང་སེལ་བྱེད་པར་ཡར་སྐུལ་བྱེད་ཡོད།
     གནད་དོན་འདི་དག《འཚར་ལོངས་སྐྱ་བོ》ཞེས་པའི་གཏམ་རྒྱུད་ལ་དྲངས་ནས་འབྲོག་ཁྱིམ་དཀྱིས་མ་ཞིག་གི་ཕ་མ་བུ་ཕྲུག་གཏམ་རྒྱུད་ཀྱི་འགོ་རྩོམ་ས་བྱས་ཏེ། གཙོ་བོ་རྩྭ་ཐང་དང་། མཁར་གྲོང་། སློབ་གྲྭ་གསུམ་གྱི་འཁྲབ་ཡུལ་ལས་བོད་ཀྱི་སློབ་གསོ་གོ་རིམ་ཁྲོད་ཀྱི་ཆགས་འཇིག་གཙོ་བོ་གང་དུ་འབྱུང་གིན་ཡོད་པ་གསལ་འབྱེད་དང་། དེང་ཕྱིན་སློབ་གསོའི་ཆགས་འཇིག་གི་གོ་རིམ་ལ་དོ་སྣང་བྱས་ཏེ། ཁྱིམ་ཚང་སློབ་གསོ་དང་། སློབ་གྲྭའི་སློབ་གསོ། སྤྱི་ཚོགས་གསོ་གསུམ་ནི་ནམ་ཡང་དྲང་ཐིག་གཅིག་ཏུ་ཡོད་དགོས་ལ། གལ་ཏེ་དེ་ལས་དྲང་ཐིག་གཅིག་འཁྱོགས་ཚེ། བྱིས་པའི་སློབ་གསོ་མྱོང་བའི་གོ་རིམ་ལ་ཆགས་འཇིག་ཤོར་བའི་ཉེན་ཁ་ཡོད་པས། རིན་ཐང་ཆེ་བའི་སློབ་གསོའི་གོ་རིམ་གསུམ་པོ་འདི་ནམ་ཡང་མཐུན་སྦྱོར་བྱེད་རྒྱུའི་གནད་བཤད་ཡོད།
     སློབ་གསོའི་གོ་རིམ་གསུམ་པོ་འདི་རྒྱུན་འཁྱོངས་བྱེད་དགོས་ན་ཁྲིམས་ལ་བརྟེན་དགོས་ཤིང་། ཁྲིམས་ལ་བརྟེན་ནས་སློབ་གསོ་བསྐྱང་ན། སློབ་གསོའི་གོ་རིམ་ཡོད་ཚད་ལ་ཆགས་འཇིག་མི་ཤོར་བའི་ཉེན་ཁར་ཁག་ཐེག་བྱེད་ཐུབ་པའི་གནས་ལུགས་བསྟན་ཞིང་།ལྷག་ཏུ་ཁྱིམ་ཚང་སློབ་གསོ་རྨ་མེད་པ་ཞིག་ཡིན་ན་སློབ་གསོ་སྤྱི་ལ་རྨང་རྡོ་བསྐྲུན་ཐུབ་པ་འཛེམས་མེད་དུ་བརྗོད་ཆོག་པ་ཤུགས་ཀྱིས་ཀྱང་བསྟན་ཡོད། བརྙན་འཕྲིན་ཟློས་གར་འདི་ནི་མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས། མཚོ་སྔོན་རི་དཀར་པོ་གློག་བརྙན་འཕྲིན་རིག་གནས་སྨྱན་བྱེད་ཚད་ཡོད་ཀུང་ཟི། མཚོ་སྔོན་མེ་ལོང་བོད་སྐད་རིག་གནས་སྨྱན་བྱེད་ཚད་ཡོད་ཀུང་ཟི། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་བཅས་ཀྱིས་མཉམ་འབྲེལ་ཕབ་བསྐྲུན་བྱས་ཤིང་མི་འགྱང་བར་སྒྲིག་སྦྱོར་བྱེད་རྒྱུ་ཡིན་པ་དང་། བརྩམས་ཆོས་ཀྱི་རིང་ཐུང་ལ་ཕལ་ཆེར་ལེའུ་བཅུའི་ནང་དུ་ཚུད་པ་ཡོད།


འབྲེལ་ཡོད་འོས་སྦྱོར།