logo

ཟོན་ཐར་རྒྱལ་དང་ཁོའི་གློག་བརྙན《གཙང་པོ》།

རྩོམ་པ་པོ།:འཇིགས་བྱེད་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-05 ཀློག་གྲངས།:


གློག་བརྙན《གཙང་པོ》།

གློག་བརྙན《གཙང་པོ》།
    གློག་བརྙན《གཙང་པོ》ཡང་ཟོན་ཐར་རྒྱལ་གྱི་གློག་བརྙན་བརྩམས་ཆོས་ཐོག་མ་དང་འདྲ་བར། ཐོག་མཐའ་བར་གསུམ་དུ་ཁོ་རང་གི་ཕ་ཡུལ་མདོ་སྨད་ནས་ཕབ་སྐྲུན་བྱས་པ་ཞིག་རེད། ཟོན་ཐར་རྒྱལ་གྱིས་ནམ་ཡང་ཕ་ཡུལ་གྱི་ཡུལ་མི་དཀྱུས་མ་དེ་དག་གི་འཚོ་བ་དང་བརྩེ་ དུང་ཡིད་ལ་འཇོག་པར་བྱེད་ཅིང་། གློག་བརྙན་དུ་ལོ་ལྔ་ལས་སོན་མེད་པའི་བུ་མོ་ཆུང་ཆུང་དབྱངས་ཅན་ལྷ་མོའི་མིག་ནང་ གི་ཁྱིམ་མིའི་མངོན་ལྐོག་གི་འབྲེལ་བ་དེ་དངོས་ཤུགས་གང་རུང་དུ་བརྗོད་ཡོད་ལ།  དེ་བས་ཀྱང་མངོན་མེད་དྲག་ཏུ་རྒྱུ་བའི་ཤ་རུས་ཁྲག་རྒྱུན་གྱི་བར་ཐག་དེ་བཅོས་ མིན་དུ་བསྟན་ཡོད།
     འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱིས་ངོ་སྤྲོད་བྱས་པ་ལྟར་ན། གློག་བརྙན་འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཕབ་ སྐྲུན་བྱས་ཤིང་། ཐོག་མའི་གྲ་སྒྲིག་ནས་བརྙན་ཕབ་དང་སྒྲིག་སྦྱོར་ཡོངས་སུ་རྫོགས་པའི་བར་དུ་ལོ་ ངོ་གསུམ་གྱི་དུས་ཚོད་བཀོལ་ཡོད་པ་རེད། གློག་བརྙན་འདིར་ཨ་མ་རིན་སྒྲོལ་ལ་ཡང་བསྐྱར་མངལ་སྦྲུམ་ནས་བྱིས་པ་སྐྱེ་རག་བར་ གྱི་དུས་ཚིགས་ཀྱི་འགྱུར་བ་གཞིར་བྱས་ཏེ། བུ་མོ་ཆུང་ཆུང་དབྱངས་ཅན་ལྷ་མོའི་མིག་ནང་གི་ཨ་མྱེས་དང་ཨ་ཕ་གུ་རུ་གཉིས་ཀྱི་ མངོན་ལྐོག་གི་འབྲེལ་བ་དང་། དེ་བཞིན་མོ་དང་ཨ་ཕའི་བར་གྱི་ཐོགས་རེག་བྲལ་བའི་ནང་སེམས་ཀྱི་འགལ་འདུ་དང་བརྩེ་ བ་གཙོ་བོར་བྱས་པའི་ཕལ་བའི་ཁྱིམ་རྒྱུད་ཅིག་གི་སྐྱིད་སྡུག་བརྗོད་ཡོད་དོ།།

འཁྲབ་ཁྲིད་པ། ཟོན་ཐར་རྒྱལ།
     ཁོང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་ནས་སྐྱེས་ལ། སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་དགེ་འོས་སློབ་ཆེན་གྱི་མཛེས་རིས་སྡེ་ཚན་དང་། པེ་ཅིང་གློག་བརྙན་སློབ་གླིང་གི་པར་ལེན་སྡེ་ཚན་ནས་སློབ་སྦྱོང་བྱས་པ་རེད། ད་ལྟའི་ཆེད་ལས་ནི་གློག་བརྙན་པར་ལེན་པ་དང་མཛེས་རིས་པ། འཁྲབ་གཞུང་རྩོམ་པ་པོ་སོགས།

     1994ལོ་ནས་བཟུང་རི་མོ་འབྲི་བའི་མགོ་བརྩམས་ཤིང་། ད་ལྟའི་བར་དུ་རི་མོའི་བརྩམས་ཆོས་གཙོ་བོ《ཚེ་སྲོག་གི་སྐོར》དང《ཁ་མདོག་དམར་བའི་སྐོར》ལ་སོགས་པའི་རི་མོ50ལྷག་ཡོད་པ་རེད།
     1998ལོར་སྣུམ་ཚོན་རི་མོ《ཟླུམ་གོར》༼ཚེ་སྲོག་གི་སྐོར་གྱི་ཚན་པ་ལྔ་བ༽ཞེས་པ་རྩོམ་རིག་སྒྱུ་རྩལ་གྱི་ཡིག་རིས་རྐོ་འབྲི་འགྲན་བསྡུར་སྟེང་བྱ་དགའ་ཨང་དང་པོ་ཐོབ་པ་དང་། 1998ལོར་སྣུམ་ཚོན་རི་མོ《ཁ་སང་དང་དེ་རིང》༼ཁ་མདོག་དམར་པོའི་ལེའུ་གསུམ་པ༽ཞེས་པའི་རི་མོར་མཚོ་སྔོན་ཞིང་ཆེན་གྱི་མཛེས་རིས་དགེ་རྒན་འགྲན་བསྡུར་སྟེང་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།
     2002ལོ་ནས་བཟུང་གློག་བརྙན་པར་ལེན་གྱི་ལས་གཉེར་བྱས་ཞིང་། བརྩམས་ཆོས་གཙོ་བོ།
     2004ལོར། 35mmཡི་ཚོན་ལྡན་གཏམ་རྒྱུད་ཐུང་ངུ《རྩྭ་ཐང》ཞེས་པའི་མཛེས་རིས་དང་པར་ལེན་གྱི་འགན་ཁུར་བ་རེད།
     2005ལོར་ཟིན་ཕབས་གློག་བརྙན《ཆེས་མཐའ་མཇུག་གི་སེར་སྲུང་པ》ཞེས་པའི་པར་ལེན་གྱི་འགན་ཁུར་བ་དང་།
     2005ལོར35mmཡི་ཚོན་ལྡན་གཏམ་རྒྱུད་གློག་བརྙན《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ཞེས་པའི་མཛེས་རིས་གྱི་འགན་ཁུར།
     2006ལོར་བྱུང་རིམ་གློག་བརྙན་ཐུང་ངུ《ཁྱིམ་གཞི》ཞེས་པའི་འཁྲབ་ཁྲིད་པ་དང་པར་ལེན་གྱི་འགན་ཁུར། 2007ལོར《ཀ་ཐོག་སྨོན་ལམ་ཆེན་མོ》༼ཟིན་ཕབས་གློག་བརྙན༽དང་བྱུང་རིམ་གློག་བརྙན་རིང་གྲས《ཧྭ་རུང་ཏའོ》གཉིས་ཀྱི་པར་ལེན་བྱ་བའི་འགན་ཁུར།
     2008ལོར《བསམ་ཡས་དགོན》༼ཀྲུང་གོའི་དགོན་སྡེ་གྲགས་ཅན་དང་སྐྱེས་ཆེན་དམ་པ་ཞེས་པའི་མུ་འབྲེལ་ཟིན་ཕབས་གློག་བརྙན༽དང་གློག་བརྙན《འཚོལ》༼གཏམ་རྒྱུད་གློག་བརྙན༽། བྱུང་རིམ་གློག་བརྙན་རིང་གྲས《སྨུག་པ་ཆེན་པོ》། 《ཀྲུང་གོའི་དགོན་སྡེ་གྲགས་ཅན་གྱི་འཕགས་པའི་དགེ་འདུན་དག་གི་རི་བོ་རྩེ་ལྔའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཕུག》༼ཟིན་ཕབས་གློག་བརྙན༽བཅས་སོགས་ཀྱི་པར་ལེན་པ་ཡིན་པ་རེད།
     ཁོང་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་བརྩམས་ཆོས་དང་པོ་ནི《དབུས་ལམ་གྱི་ཉི་མ》ཞེས་པ་དེ་ཡིན། གློག་བརྙན་འདིར་རྒྱལ་ཁབ་ཕྱི་ནང་ཀུན་ནས་དགའ་རྟགས་མང་པོ་བླངས་མྱོང་།
གློག་བརྙན《གཙང་པོ》ཡི་གཙོ་འཁྲབ་པ། དབྱངས་ཅན་ལྷ་མོ།
     སྒྱུ་རྩལ་པ་གྲགས་ཅན་སྨན་བླ་སྐྱབས་ནས་བཤད་རྒྱུར། བུ་མོ་འདི་གློག་བརྙན་དེའི་ཆེད་དུ་སྐྱེས་པ་འདྲ་སྟེ། ཁོ་མོའི་ལུས་ངག་ཡིད་གསུམ《གཙང་པོ》གང་གི་ཁུགས་སོ་ན། གློག་བརྙན་སྐོར་གྱི་བསམ་ཚུལ་བགྲོ་གླེང་བྱེད་སྐབས་ཀྱང་འདུ་འཛི་ཤིན་ཏུ་ཆེ་ཞིང་། ལྷག་པར་དུ་འཁྲབ་སྟོན་མ་བུ་མོ་ཆུང་ཆུང་དབྱངས་ཅན་ལྷ་མོ་ཡི་གསོན་ཉམས་ལྡན་པའི་འཁྲབ་སྟོན་ལ་ཀུན་གྱིས་དགའ་མགུ་དང་གཟེངས་བསྟོད་བྱས་པ་མ་ཟད། ཡུལ་དངོས་ཀྱི་བྱིས་པ་མང་པོ་ཞིག་གིས་འཁྲབ་ཁྲིད་པར་བྱིས་བློའི་དག་གཙང་མ་ཡལ་བའི་དྲི་བ་མང་པོ་ཞིག་བཏོན་སོང་།

གློག་བརྙན《གཙང་པོ》


འབྲེལ་ཡོད་འོས་སྦྱོར།