《མེ་ཏོག་ཐང་གི་སྐྱོ་གར》ཞེས་པའི་གློག་བརྙན་ལ་སྦྱར་བའི་གཏམ་སིལ་བུ་མ།
ཆ་འཕྲིན་གྱི་རྡུལ་རླབས་དྲག་པོ་ཞིག་གིས་འཇིག་རྟེན་འདིའི་མཁའ་དབྱིངས་ཡོངས་སུ་སྒྲིབ་པར་བྱེད་པའི་དུས་སྐབས་འདིར་ཁོ་བོས་ཀྱང་རང་གི་དགའ་ཕྱོགས་དང་མོས་འདུན་གྱི་དབང་གིས་བསྐུལ་ནས་ཡིག་ཐོག་རྩོམ་རིགས་ཀྱི་རྨང་གཞི་སྟེང་ནས་གློག་བརྙན་ཟློས་གར་གྱི་ལམ་ལ་ཞུགས་པའི་སྟ་གོན་ནི་རང་གི་དགའ་ཞེན་ཁོ་ན་ཙམ་མ་ཡིན་པར་མི་རིགས་དང་སྤྱི་ཚོགས་ལ་འགན་ཁུར་བཞིན་རྟགས་མཚན་ཅིག་ལས་མ་འདས་པ་རེད།
གློག་བརྙན་སྦྲེལ་གནས་དང་པོ།
དེ་ཡང་གསལ་བོར་བཤད་ན་དེང་གི་དུས་འདིར་ཀློག་མཁན་དང་ལྟ་མཁན་སུ་ཞིག་ཡིན་རུང་ཡིག་ཐོག་རྩོམ་རིགས་རོལ་མྱོང་བྱེད་པའི་ཐད་ནས་སུན་སྣང་གིས་ཁེངས་པ་སྟེ་དེ་ལས་ལྡོག་སྟེ་གློག་བརྙན་ཟློས་གར་ལ་དགའ་མོས་ཡོད་པའི་ངང་ཚུལ་ཙམ་སྟོན་བཞིན་ཡོད་པ་རེད། དེ་བས་བདག་གིས་ཀྱང་སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ། རྒྱལ་ཁབ་བདེ་འཇགས་ཀྱི་ཟུར་ཁ་ཙམ་ནས་གླེང་འདོད་པའམ་སྨྱུག་རྩེ་ནས་བརྡོལ་བར་རྔམ་པའི་སྒྱུ་རྩལ་བརྩམས་ཆོས་མང་པོ་ཞིག་གློག་བརྙན་ཞེས་པའི་ལས་འགན་འདི་ལ་སྐྱབས་སུ་བཅོལ་བ་ཡང་རང་རིགས་པ་དག་གིས་རང་རིགས་ཀྱི་འཚོ་བར་རྒྱུས་ལོན་མ་བྱས་པས་ཐབས་ཟད་འུ་ཐུག་གི་གདམས་གསེས་ཤིག་རེད་ཅེས་བརྗོད་ན་ཡང་མི་ཆོག་རྒྱུ་མེད་པ་འདྲ། དངོས་པོའི་དཔལ་ཡོན་གྱི་སྨུག་རྒྱུའི་ཀློང་དུ་འཁྱམས་པའི་རིགས་མཐུན་སྐོར་ཞིག་གིས་རང་གི་མེས་པོའི་བླ་ན་མེད་པའི་ཡུལ་སྲོལ་གོམས་འདྲིས་དང་དྭངས་གཙང་གི་བསམ་བློའི་ལྟ་བ། ཡང་དག་པའི་མི་ཆོས་རིང་ལུགས་ཀྱི་འཚོ་བ། ད་དུང་རྩྭ་ཐང་དང་སྦྲ་ནག ནོར་ལུག་དང་ལམ་ལུགས་སོགས་རྩ་བ་ནས་བརྗེད་ངེས་ཀྱིས་འཁྱེར་ལ་ཉེ་བ་སོགས་ལ་དྲན་སྐུལ་གྱི་ཆེད་དུ་ཡང་མ་ཡིན་པའི་གནས་ལུགས་ཡོད་སྲིད་པ་མ་རེད།
གློག་བརྙན་སྦྲེལ་གནས་གཉིས་པ།
གང་ལྟར། མི་རིགས་ཤིག་ལ་མི་རིགས་དེའི་ཡུལ་སྲོལ་གོམས་འདྲིས་དང་མཉམ་པའི་འཚོ་བ་རོལ་ཐབས་ཡན་གར་བ་ཞིག་ཡོད་པའི་ཆ་ནས་ངེས་པར་དུ་བསམ་པའི་དཔལ་ཡོན་གྱི་རྒྱུ་ཆ་འཚོལ་སྡུད་དང་སྔོག་འདོན་བྱེད་བཞིན་པ་དག་ནི་མི་རིགས་ལ་དགའ་ཞེན་དང་ཕ་ཡུལ་ལ་དུང་བ་ཟབ་པ་ཏག་ཏག་ཡིན་པ་སྨོས་མ་དགོས་སོ།། དེ་བས་ངས་ཡུན་རིང་ཞིག་ལ་སྒྲུང་གཏམ་གྱི་ལམ་ནས་རང་གིས་བརྗོད་པའམ་དྲན་ཕྱོགས་ཀྱི་སྣང་བརྙན་རེ་འགའ་སྒྲུབ་བཞེངས་བྱས་པའི་ཆ་རྐྱེན་དང་བསྟུན་ནས་མི་རིགས་ཀྱི་བག་ལ་ཞ་བཞིན་པའི་འཚོ་བའི་་ཁ་དོག་དངོས་མ་ཞིག་རྒྱ་ཆེ་ལྟ་མཁན་དག་གི་སྤྱན་སྔར་བསྟར་ཐུབ་པ་ནི་རང་ཉིད་ལ་མཚོན་ན་ཤིན་ཏུ་ཡི་རངས་བྱེད་པའི་འབྲས་བུ་ལེགས་ཤོས་ཤིག་ལ་བརྩི་བཞིན་ཡོད་ཚོད་རེད། ཕ་ཡུལ་གྱི་རི་ཆུ་ལུང་གསུམ་དང་རྟ་ནོར་ལུག་གསུམ། ཕུ་ནུ་མིང་གསུམ་དང་དར་རྒུད་རྒྱས་གསུམ་སོགས་ནི་ངའི་གློག་བརྙན་ཟློས་གར་འདིའི་རྒྱབ་ལྗོངས་སུ་གྲུབ་པའི་གནས་བབས་འདི་ལས་མི་རིགས་ཤིག་གི་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྒྱུན་འཁྱོངས་བྱེད་དགོས་པའི་དྲན་ཚུལ་སྟོན་པ་ཡིན་པ་མ་ཟད། མི་སྣའི་སྣང་བརྙན་དང་སྐད་ཆའི་ནང་དོན། ཁོར་ཡུག་གི་རྣམ་པ་དང་དཀའ་སྤྱད་ཀྱི་འཚོ་བ་སོགས་ནི་རིན་པ་མེད་པའི་རིན་པོ་ཆེ་ཡིན་པ་ང་ལྟ་བུ་སྒྱུ་རྩལ་ལ་དགའ་ཞིང་མོས་པ་ཞིག་གིས་མ་གཏོགས་ཕལ་ཆེར་ཤེས་ཚོར་བྱུང་ཐུབ་ཀྱིན་མེད་པ་འདྲ། བཟང་རུང་ངན་རུང་རང་སེམས་ཀྱི་སྣང་བརྙན་མཚོན་པར་བྱེད་ཐུབ་པ་ནི་དགའ་མོས་དང་ལེགས་རུང་བཙོག་རུང་གློག་བརྙན་གྱི་མིང་ཙམ་འཛིན་ཐུབ་པ་ཡང་རྒྱལ་ཁ་ཙམ་ལ་མི་བརྩི་སྲོལ་གང་ནས་ཡོད།
གློག་བརྙན་སྦྲེལ་གནས་གསུམ་པ།
མེ་ཏོག་ཐང་གི་སྐྱོ་གར་ཞེས་པའི་གློག་བརྙན་ཐུང་ངུ་འདི་ལས་དྭ་ཕྲུག་ཏུ་ལུས་པའི་མིང་སྲིང་གཉིས་ཀྱི་དཀའ་སྡུག་གི་འཚོ་བའི་སྣང་བརྙན་ཞིབ་བརྗོད་བྱས་པ་བརྒྱུད་ནས་དཀའ་ངལ་ཅི་འདྲའི་ཆེ་རུང་སློབ་གྲྭར་འགྲོ་དགོས་པ་དང་། དབུལ་ཕོངས་ག་འདྲ་ཆེ་ཡང་རིག་གནས་སྦྱངས་དགོས་པའི་མི་ཆོས་རིང་ལུགས་པས་ཚད་མར་བརྩི་བའི་ངེས་ཤེས་དང་ལེན་བྱེད་དགོས་ཚུལ་བཀོད་ཡོད་ན་ཡང་། གློག་གི་གསལ་སྒྲིབ་དང་བརྙན་གྱི་ཁ་དོག སྒྲའི་ལེན་སྟངས་སོགས་ཀྱི་ཆ་ནས་ཞན་ཆ་མི་ཉུང་བ་ཞིག་ཡོད་སྲིད་པས་རྒྱ་ཆེ་ལྟ་མཁན་དག་གིས་གློག་བརྙན་གྱི་ཆེད་ལས་མ་སྦྱངས་ཤིང་དགའ་མོས་རྐྱང་རྐྱང་ཞིག་གིས་བཙན་གྱིས་འཐམ་བཞིན་པའི་མི་རིགས་ལ་དགའ་ཞིང་ཕ་ཡུལ་ལ་དུང་བ་ཞིག་གི་བསམ་པའི་བརྩེ་ཏུང་གི་དྲན་ལུགས་ལ་རམ་འདེགས་ཀྱི་ཁ་ཕྱོགས་རེ་སྟོན་པར་སྙིང་ནས་ཞུ་བ་ལགས།
གློག་བརྙན་སྦྲེལ་གནས་བཞི་བ།
འདི་ནི་གློག་བརྙན་ཕབ་སྐྲུན་ལ་དགའ་ཞིང་གློག་བརྙན་ལས་རིགས་མི་ཤེས་པ་ཞིག་གི་བསམ་པའི་དྲན་ཚུལ་ལགས། འདི་ནི་སྒྱུ་རྩལ་ལས་དོན་ལ་དགའ་ཞིང་དུང་བའི་མི་བུ་ཕལ་བ་ཞིག་གི་འཆར་ཡན་ལགས། འདི་ནི་བོད་པའི་རུས་རྐང་ལས་ཟགས་པའི་བཙོ་མའི་གཤེར་ཁུ་ལགས། འདི་ནི་མཐར་གཏུགས་ན་ཁྱོད་དང་ང་ཡི་མེས་པོའི་གཅེས་ནོར་ཕྱོགས་སུ་སྒྲོགས་པའི་སེམས་ཀྱི་གསང་བ་ཡིན།
2013ལོའི10བའི་ཚེས17ཉིན།