གཡང་ཕྱུག་མཚོའི《བདེ་སྐྱིད་མེ་ཏོག》ཞེས་པ་གསེར་བྱ་དང་མེ་ཏོག་སྣ་བརྒྱའི་གློག་བརྙན་དུས་སྟོན་སྟེང་མངོན་པ།

《བདེ་སྐྱིད་མེ་ཏོག》ཞེས་པའི་ཁྱབ་སྒྲོག་པར་རིས།
ཀྲུང་གོའི་གསེར་བྱ་དང་མེ་ཏོག་སྣ་བརྒྱའི་གློག་བརྙན་དུས་སྟོན་སྐབས22པ།
ཟླ9པའི་ཚེས25ཉིན། ཀྲུང་གོའི་གསེར་བྱ་དང་མེ་ཏོག་སྣ་བརྒྱའི་གློག་བརྙན་དུས་སྟོན་སྐབས22པ་དེ་ཧོ་པེ་ཝུའུ་ཧན་དུ་བསྡུས་ཤིང་། རྒྱལ་ནང་གི་གློག་བརྙན་གསར་པའི་འོས་སྦྱོར་ཁྲོད་ཝང་ཡེས་འཁྲབ་ཁྲིད་བྱས་ཤིང་། བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་གཡང་ཕྱུག་མཚོ་དང་བློ་བཟང་སྙན་གྲགས་གཉིས་ཀྱིས་གཙོ་ཁྲིད་བྱས་པའི་གློག་བརྙན《བདེ་སྐྱིད་མེ་ཏོག》ཞེས་པ་དེ་གཟིགས་མོ་བ་ལྷན་རྒྱས་ཀྱི་སྤྱན་ངར་མངོན་པ་རེད།
གློག་བརྙན་འདིའི་ནང་གླ་རྒྱུག་རླངས་འཁོར་ཁ་ལོ་བ་བདེ་སྐྱིད་མེ་ཏོག་གིས་རླངས་འཁོར་གཏོང་དུས་ཐུགས་མཉམ་མ་བཞག་པར་རླངས་འཁོར་དོན་རྐྱེན་བྱུང་སྟེ་གྲོགས་མོ་དགའ་དགའ་ཞེས་པར་རྨས་སྐྱོན་བཟོས་ནས་མཐར་ཁོ་མོ་ཚེ་ལས་འདས་པ་དང་། དུས་དེ་ནས་བཟུང་བདེ་སྐྱིད་མེ་ཏོག་གི་སེམས་སུ་སྡུག་བསྔལ་ཚད་མེད་སྐྱེས་ཤིང་གཉེན་ཉེ་དང་གྲོགས་པོའི་ཁ་ཏ་ལ་མ་ཉན་པར་རང་ཉིད་ཀྱིས་རང་ཉིད་ཁྲིམས་ལ་སྦྱོར་བའི་གཏམ་རྒྱུད་བརྗོད་ཡོད།
