《མ་ཎིའི་བག་མ》ཞེས་པ་པེ་ཅིང་གི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་བཏང་བ།
《མ་ཎིའི་བག་མ》ཞེས་པའི་ཁྱབ་སྒྲོག་པར་རིས།
ཟླ4པའི་ཚེས18ཉིན། 《མ་ཎིའི་བག་མ》ཞེས་པ་སྐབས་གསུམ་པའི་པེ་ཅིང་གི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ལོགས་འབྱེད་སྡེ་ཚན་གྱི་འོས་སྦྱོར་བྱེད་པའི་གློག་བརྙན་གལ་ཆེན་དུ་བཞག་སྟེ་པེ་ཅིང་ནས་བཏང་བ་རེད།
གློག་བརྙན་འདིའི་ཁྲོད་གཙོ་བོ་སི་ཁྲོན་ནས་ཡོང་བའི་ཨ་མ་མི་ཉག་ཅེས་པ་དེས་ཁོ་མོའི་བུ་མོ་ཁྲིད་ནས་ཁྱོ་གའི་རུས་ཐལ་འཁྱེར་ཏེ་ཕྱིར་མ་ཎི་ཡུལ་ཚོ་ལ་ལོག་པའི་གཏམ་རྒྱུད་ནས་འགོ་བཟུང་སྟེ། རྒྱལ་རོང་ཡུལ་གྱི་བོད་ཀྱི་རིག་གནས་དང་མི་གཤིས། འགན་འཁྲི། རེ་སྙེག་སོགས་ངོས་ཐད་མི་འདྲ་བ་ཁུངས་སྣེ་རུ་བྱས་ནས་གཏམ་རྒྱུད་བརྗོད་འདུག་ཅིང་། གློག་བརྙན་དེ་ལས་ལྟ་མཁན་རྣམས་ཀྱིས་སི་ཁྲོན་རྒྱལ་རོང་ཡུལ་གྱི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དམངས་སྲོལ་སོགས་རྒྱུས་ལོན་བྱེད་ཐུབ་པའི་ཁར། མ་ཎིའི་ཡུལ་གྱི་རང་བྱུང་གི་ཁྱད་དུ་འཕགས་པའི་མཛེས་ལྗོངས་ལའང་རོལ་མྱོང་བྱེད་ཐུབ་པ་རེད།
གློག་བརྙན་འདིའི་ལག་བསྟར་འཁྲབ་ཁྲིད་པ་ཝུའུ་ཧོས་ཧོས་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། གློག་བརྙན་འདི2011ལོར་ཇུས་འགོད་བྱས་པ་ནས་སྒྲིག་བཟོ་བྱས་ཚར་པའི་བར་ལོ་ངོ་གཅིག་ལྷག་འདས་ཤིང་། འཁྲབ་ཁྲིད་པ་ཧན་བན་ཧྥུན་ལགས་ལན་དུ་མར་སི་ཁྲོན་ཆུ་ཆེན་རྫོང་དང་མ་ཎི་ཡུལ་ཚོ་རུ་སོང་ནས་རྒྱུ་ཆ་འཚོལ་བསྡུ་བྱས་ཐོག རྒྱལ་རོང་ཡུལ་གྱི་བོད་མིའི་འཚོ་བ་དང་དམངས་སྲོལ་སོགས་བདེན་པ་བདེན་ཐོག་གིས་མཚོན་ཅི་ཐུབ་བྱེད་ཆེད། དམངས་སྲོལ་གྱི་ཆེད་མཁས་གཉིས་གདན་འདྲེན་བྱས་ནས་ཕབ་བསྐྲུན་གྱི་བརྒྱུད་རིམ་ཡོངས་སུ་ཞུགས་པ་རེད།