《རྨ་ཁུག་རྟ་མཆོག》ཅེས་པའི་གློག་བརྙན་དེ་མཚོ་སྔོན་ཞིང་ཆེན་སོག་རྫོང་རྩྭ་ཐང་དུ་ཕབ་འགོ་བརྩམས།

《རྨ་ཁུག་རྟ་མཆོག》ཅེས་པའི་གློག་བརྙན་དེ་མཚོ་སྔོན་ཞིང་ཆེན་
སོག་རྫོང་རྩྭ་ཐང་དུ་ཕབ་འགོ་བརྩམས།
ཟླ7པའི་ཚེས19ཉིན། སྲོལ་རྒྱུན་རྩྭ་ཐང་རིག་གནས་དང་དེང་རབས་སྤྱི་ཚོགས་འཕེལ་རྒྱས་གཅིག་ཏུ་དཀྲི་ཞིང་རྟའི་ལས་དབང་བརྗོད་དེ་མི་གཤིས་མངོན་པར་སྟོན་པའི《རྨ་ཁུག་རྟ་མཆོག》ཅེས་པའི་གློག་བརྙན་དེ་ཡ་གླིང་དུ་ཆེས་འགྲན་ཟླ་བྲལ་བའི་རྩྭ་ཐང་དུ་གྲགས་པའི་རྨ་ལྷོའི་སོག་རྫོང་དུ་ཕབ་འགོ་བརྩམས།
གློག་བརྙན་འདི་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་སོག་རྫོང་དང་། མཚོ་སྔོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་། པེ་ཅིང་ཏུང་ཧྥང་རུང་དབྱིན་གློག་བརྙན་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་འབྲེལ་ཕབ་སྐྲུན་དང་། བོད་སྐད་འཁྲབ་ཁྲིད་པ་རྡོ་གྲགས་ཀྱིས་འཁྲབ་ཁྲིད་བྱས། རྡོ་གྲགས་ནི་མཚོ་སྔོན་དུ་སྐྱེས་པའི་བོད་རྒྱ་སྐད་གཉིས་ཀྱི་སྙན་ངག་པ་ཞིག་ཡིན་པ་མ་ཟད་རྒྱལ་ནང་དུ་ཤིན་ཏུ་དཀོན་པའི་བོད་སྐད་ཀྱི་ལམ་ནས་འཁྲབ་གཞུང་རྩོམ་པའི་སྒྲིག་འཁྲབ་དང་འཁྲབ་ཁྲིད་པ་ཞིག་ཀྱང་ཡིན། 2009ལོར་ཁོས་སྒྲིག་འཁྲབ་དང་འཁྲབ་ཁྲིད་གནང་བའི་ལེའུ8ཅན་གྱི་བརྙན་འཕྲིན་ཟློས་གར《ཁ་སང་གི་གཏམ་རྒྱུད》ཅེས་པ་བོད་ཁུལ་དུ་ཚ་འུར་རྒྱས་ཏེ་གཟིགས་ཀྱི་ཡོད་པ་མ་ཟད་དགའ་རྟགས་ཀྱང་གང་མང་ཐོབ་ལ། རྒྱལ་ཁབ་ཕྱི་ནང་དུ་སྙན་གྲགས་རྒྱས་པ་རེད།

《རྨ་ཁུག་རྟ་མཆོག》ཅེས་པའི་གློག་བརྙན་དེ་མཚོ་སྔོན་ཞིང་ཆེན་
སོག་རྫོང་རྩྭ་ཐང་དུ་ཕབ་འགོ་བརྩམས།
《རྨ་ཁུག་རྟ་མཆོག》ཅེས་པའི་གློག་བརྙན་འདིའི་ནང་ནཱ་ཏ་མུའི་གདོང་ལེན་རྟ་མཆོག་གི་ལས་དབང་གཙོར་བྱས་ཏེ་རྩྭ་ཐང་གི་རྟའི་རིག་གནས་དང་དེང་རབས་རིག་གནས་བར་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པའི་གོ་རིམ་ཁྲོད་ཀྱི་གཏམ་རྒྱུད་བརྗོད་ཅིང་། རིག་གནས་འདི་གཉིས་ལ་ལྟ་སྟངས་བཟུང་བའི་མི་རྣམས་ཕན་ཚུན་འགལ་ཟླ་ནས་ཕན་ཚུན་ཤེས་རྟོགས་ཀྱི་གོ་རིམ་མཚོན་པ་དང་། སྲོལ་རྒྱུན་རྩྭ་ཐང་རྟའི་རིག་གནས་ཀྱི་གཏིང་ཟབ་པའི་ནང་དོན་དང་དེང་རབས་སྤྱི་ཚོགས་ལ་ཉེ་བར་བཅར་བའི་གོ་སྐབས་དང་འགྲན་རྩོད་སོགས་གསལ་འགྲེལ་བྱས།
རྟ་ནི་མིའི་རིགས་ཀྱི་ཐོན་སྐྱེད་འཚོ་བའི་ཁྱབ་ཁོངས་ལས་ཕྱིར་སྣུར་བྱས་རྗེས། རྩྭ་ཐང་དུ་བང་རྩལ་འཁྱུགས་པའི་རྨ་ཁུག་རྟ་མཆོག་འདི་ཉིད་ཇི་ལྟར་བྱས་ཏེ་འཛམ་གླིང་རྟའི་སྒྱུ་རྩལ་འགྲན་བསྡུར་གྱི་གར་སྟེགས་སུ་ཞུགས་པར་བྱ་རྒྱུ་ནི་རྩྭ་ཐང་མི་རྣམས་ཀྱིས་ངེས་པར་གདོང་གཏོད་དགོས་པའི་འགྲན་རྩོད་ཅིག་ཏུ་སྣང་།
《རྨ་ཁུག་རྟ་མཆོག》ཅེས་པའི་གློག་བརྙན་ཡང་འདི་ལྟ་བུའི་རྒྱལ་ལྗོངས་འོག རྟའི་ལས་དབང་བརྒྱུད་དེ་རྟ་དང་མིའི་དེང་རབས་སྤྱི་ཚོགས་ཁྲོད་ཀྱི་ཉོག་འཛིང་གི་འབྲེལ་བ་མཚོན་པར་བྱེད་ཅིང་། རྩྭ་ཐང་རྟའི་རིག་གནས་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས་མངོན་པ་དང་ཆབས་ཅིག དེང་རངས་ཀྲུང་གོའི་མི་རིགས་མང་པོའི་རིག་གནས་མཉམ་དུ་འཕེལ་རྒྱས་བྱེད་པའི་དུས་རབས་ཀྱི་ཁྱད་ཆོས་མཚོན་པར་བྱས།
