《བོད་ལྗོངས་ཀྱི་བསླུ་བྲིད》ཞེས་པས་བོད་ལྗོངས་བརྙན་འཕྲིན་ཁང་གིས་ནུབ་ཕྱོགས་བརྙན་འཕྲིན་ལ་སྣེ་ཁྲིད་པ།

བོད་ལྗོངས་ཀྱི་འཕྲིན་བཟང་།
ཟླ8པའི་ཚེས12ཉིན། སྨྱན་སྦྱོར་ཚན་པའི་བརྙན་གཟིགས་ཚོགས་འདུའི་སྟེང་དུ། པེ་ཅིན་སྤྲོ་སྐྱིད་ཅིན་ལིན་རིག་གནས་ཁྱབ་སྤེལ་ཀུང་སིའི་ལེ་ཚན་སྒྲིག་བཟོ་སྡེ་ཁག་གི་སྤྱི་ཁྱབ་ལྟ་སྐུལ་བ་ཐའེ་པའོ་ཡན་གྱིས་གསར་འགོད་པར་ངོ་སྤྲོད་བྱ་རྒྱུར། བོད་ལྗོངས་བརྙན་འཕྲིན་ཁང་གིས་ཆེད་དུ་སྒྲིག་བཟོ་བྱས་པའི་ཁྱད་ཆོས་ལྡན་པའི་ལེ་ཚན་སྟར་ཕྲེང་སྟེ། 《བོད་ལྗོངས་ཀྱི་བསླུ་བྲིད》ཞེས་པ་ལོ་སྔོན་མའི་ཟླ12པའི་ཟླ་འགོར་གསར་གཏོང་བྱས་པ་ནས་བཟུང་། བོད་ལྗོངས་བརྙན་འཕྲིན་ཁང་ལ་ལྟད་མོ་བས་དགའ་བསུ་ཐོབ་ཚད་མངོན་གསལ་གྱིས་གོང་འཕེལ་བྱུང་བས། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་བརྙན་འཕྲིན་ཁང31ལས་ཨང25བར་འཕར་བ་དང་། ནུབ་ཕྱོགས་ཀྱི་བརྙན་འཕྲིན་ཁང་དག་གི་སྣེ་ཁྲིད་པར་གྱུར་ཡོད་པ་རེད།
《བོད་ལྗོངས་ཀྱི་བསླུ་བྲིད》ཞེས་པའི་ལེ་ཚན་དུ། བོད་ལྗོངས་ཀྱི་སྔོན་བྱུང་གཏམ་རྒྱུད་དང་། བོད་ལྗོངས་ཀྱི་གསང་གྲངས། བོད་ལྗོངས་ཀྱི་མཚོན་དཔེ། བོད་ལྗོངས་སུ་གང་དགར་རྒྱུ་བ། བོད་ལྗོངས་ཀྱི་འཕྲིན་བཟང་བཅས་ལེ་ཚན་བྱེ་བྲག་ལྔ་ཡིས་གྲུབ་ཡོད་པ་རེད། དེ་དག་ལས་བོད་ལྗོངས་ཀྱི་སྔོན་བྱུང་གཏམ་རྒྱུད་ཅེས་པ་ནི་བཅར་འདྲིའི་རིགས་ཀྱི་ལེ་ཚན་ཞིག་ཡིན་ལ། བཅར་འདྲི་དང་བརྙན་ཕབ་གྱི་ཐབས་ལ་བརྟེན་ནས་ལྟད་མོ་བ་རྣམས་མི་སྣའི་ཕྱིར་དྲན་གྱི་མཁའ་དབྱིངས་སུ་ཁྲིད་དེ། མི་སྣའི་འདས་སོང་གི་ལོ་རྒྱུས་གསལ་བོར་བརྗོད་ཡོད་པ་རེད། སྔོན་མའི་བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུ་ཧྲུའུ་ཅི་ཐོག་མ་དབྱིན་ཧྥ་ཐང་དང་། བརྙན་ལེན་པ་གྲགས་ཅན་ཁྲེན་ཙུང་ལིའེ། ཀྲུང་གོའི་བོད་ལྗོངས་དྲ་བའི་རྩོམ་སྒྲིག་པ་གཙོ་བོའམ། གསར་འགོད་པ་ཆེན་མོ་ཀྲང་ཞའོ་ཕིང་སོགས་མི་སྣ་གྲགས་ཅན་མང་པོ་གདན་ཞུས་ལྟར་ཕེབས་ནས་རང་ཉིད་ཀྱི་འདས་ཟིན་པའི་གཏམ་རྒྱུད་བརྗོད་པ་རེད། བོད་ལྗོངས་ཀྱི་གསང་གྲངས་ཞེས་པའི་ལེ་ཚན་གྱིས་བོད་ལྗོངས་ལ་མོས་འདུན་ཡོད་པའི་ལྟད་མོ་བ་རྣམས་ཀྱི་མིག་དབང་གསོ་བར་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་པ་ལྟར་དུ་སྣང་ལ། ཚང་མའི་སྣེ་ཁྲིད་ནས་མཉམ་དུ་བོད་ལྗོངས་ས་ཁམས་རིག་གནས་གྱི་གསང་བ་འཚོལ་བར་ བྱེད་རྒྱུ་ཡིན་པ་རེད།

སུན་ཧའེ་དབྱང་དང་ལི་ཕིང་ཁྱོ་ཤུག་གཉིས་བོད་ལྗོངས་ཀྱི་སྔོན་བྱུང་གཏམ་རྒྱུད་ཞེས་པའི་ལེ་ཚན་དུ་ཕེབས་པ།
བོད་ལྗོངས་བརྙན་འཕྲིན་ཁང་གིས་ལེ་ཚན་འདི་བརྒྱུད་ནས། རྒྱལ་ཡོངས་ཀྱི་ལྟད་མོ་བ་ཡོངས་ལ་བོད་ལྗོངས་ཀྱི་ངོ་མཚར་བའི་རང་བྱུང་མཛེས་ལྗོངས་དང་། ཡུན་རིང་བའི་རིག་གནས་ལོ་རྒྱུས། ཁྱད་མཚར་གྱི་དམངས་སྲོལ་གོམས་གཤིས། སྤྱི་ཚོགས་དཔལ་འབྱོར་གྱི་ལོ་རྒྱུས་འཕེལ་རིམ་ཆེན་མོ་སོགས་ངོ་སྤྲོད་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པ་རེད། ལེ་ཚན་འདི་གཏོང་འགོ་ཚུགས་པ་ནས་བཟུང་། ལྟད་མོ་བ་དང་ཆེད་ལས་པ་ཚོས་གདེང་འཇོག་དང་བསྟོད་བསྔགས་ཆེན་པོ་ཐོབ་པས། བོད་ལྗོངས་ཀྱི་མི་རིགས་རིག་གནས་དང་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་གྱི་གནས་ཚུལ་སོགས་ཕྱིར་མངོན་བྱེད་པའི་སྒེའུ་ཁུང་གསར་པ་ལྟ་བུར་གྱུར་ཡོད་པ་དང་། གོམ་གང་མདུན་སྤོས་ཀྱིས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བྱེད་པའི་ཟམ་པ་གཙོ་བོ་ལྟ་བུ་ཞིག་ཏུ་གྲུབ་ཡོད་པ་རེད།
གཞན་ཡང་། ལེ་ཚན་འདི་ནི་བོད་ལྗོངས་བརྙན་འཕྲིན་ཁང་གིས་ཐོག་དང་པོར་བརྙན་འཕྲིན་ལེ་ཚན་བརྒྱུད་ནས་འཇོན་ཐང་ཅན་ནང་འགུག་དང་། ཕྱི་ཕྱོགས་ཀྱི་ནུས་པ་ནང་འདྲེན་བྱེད་པར་ཚོད་ལྟ། སྒྲིག་བཟོ་དང་བསྒྲགས་གཏོང་གཉིས་སོ་སོར་གཉེར་བའི་གྲུབ་འབྲས་རེད། པེ་ཅིང་སློབ་ཆེན་གྱི་སྒྱུ་རྩལ་སློབ་གླིང་གི་གཙོ་འཛིན་གཞོན་པ་ཡུས་ཧུང་ལ་བཅར་འདྲི་བྱེད་སྐབས་གསུང་རྒྱུར། བོད་ལྗོངས་ཀྱི་བསླུ་བྲིད་ཞེས་པའི་ལེ་ཚན་འདི་བོད་ལྗོངས་བརྙན་འཕྲིན་ཁང་གི་ལེ་ཚན་སྔོན་མ་དག་དང་མི་འདྲ་བར། ནང་དོན་དང་རྣམ་པ་གཉིས་ཀྱི་ཐད་ནས་གསར་བ་གསར་རྐྱང་ཡིན་པས། ལེ་ཚན་འདི་བཏང་བར་ཐོད་བརྒལ་རང་བཞིན་གྱི་དོན་སྙིང་ཆེན་པོ་ལྡན་ཡོད་པ་རེད། སུའོ་ཧྥུ་རུའེ་ཡི་གྲོང་ཁྱེར31གི་ལྟད་མོ་བའི་གཟིགས་གྲངས་ལས་མངོན་གསལ་ལྟར་ན། པེ་ཅིང་སྤྲོད་སྐྱིད་ཅིན་ལིན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིས་འགན་སྒྲིག་བྱས་པའི་བོད་ལྗོངས་ཀྱི་སྔོན་བྱུང་གཏམ་རྒྱུད་དང་། བོད་ལྗོངས་ཀྱི་གསང་གྲངས། བོད་ལྗོངས་ཀྱི་འཕྲིན་བཟང་བཅས་ལེ་ཚན་གསུམ་ལ་ལྟད་མོ་བས་དགའ་བསུ་ཐོབ་ཚད། ལོ་སྔོན་མའི་དུས་མཚུངས་ལས་ཕྱེད་ཀ་ལྷག་འཕར་ཡོད་པ་རེད། ལེ་ཚན་གྱི་སྤུས་ཀ་བཟང་པོ་འདི་ལ་རིག་གནས་ཆུ་ཚད་མཐོ་བའི་ལྟད་མོ་བ་གང་མང་ཞིག་གིས་དགའ་བསུ་ཐོབ་པ་དང་། མི་ཚོགས་འདིའི་རིགས་སྔ་མོ་ནས་ལེ་ཚན་འདིའི་ལྟད་མོ་བ་གཙོ་བོར་གྱུར་ཡོད་པ་རེད།
