བོད་སྐད་བརྙན་འཕྲིན་ཟློས་གར《སྦྲ་ཁྱིམ་སྨུག་པོའི་དུས་སྟོན》ཞེས་པ་བརྙན་ཕབ་བྱས།
མཚོ་ནུབ་བརྙན་འཕྲིན་ཁང་གི་བསོད་རྡོ་ཡིས་འཁྲབ་གཞུང་དང་འཁྲབ་ཁྲིད། བརྙན་ལེན་བཅས་ཀྱི་འགན་ཁུར་བའི་བོད་སྐད་བརྙན་འཕྲིན་ཟློས་གར་《སྦྲ་ཁྱིམ་སྨུག་པོའི་དུས་སྟོན》ཞེས་པ། ཉེ་ཆར། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གི་གཟིག་ལྡན་རྩྭ་ཐང་དུ་བརྙན་ཕབ་བྱས། བརྙན་འཕྲིན་ཟློས་གར་འདི་ནི་མཚོ་ནུབ་བརྙན་འཕྲིན་ཁང་བཙུགས་པའི་ཚུན་ལ་ཕབ་སྐྲུན་བྱས་པའི་བརྙན་འཕྲིན་ཟློས་གར་ཐོག་མ་ཡིན། སྤྱི་ལོ2011ལོའི་སྤྱི་ཟླ་6པར་ཕབ་སྐྲུན་བྱེད་འགོ་བརྩམས་ཤིང་།དུས་ཡུན་ཟླ་ཕྱེད་ལྷག་གི་རིང་ལ་ཕབ་སྐྲུན་ཚན་ཆུང་གིས་ཐེམ་ཆེན་རྫོང་གི་ས་གནས་སོ་སོའི་འཁྲབ་ཡུལ་དུ་བརྙན་ཕབ་བྱ་བ་ལེགས་འགྲུབ་བྱུང་། ཕབ་སྐྲུན་ཚན་ཆུང་གི་མི་སྣ་སོ་སོ་ཚང་མ་ཆེད་ལས་ཅན་གཅིག་ཀྱང་མིན་པས། འཁྲབ་སྟོན་པ་ལ་ལ་ཞིག་ཕབ་སྐྲུན་གོ་རིམ་ཁྲོད་བརྗེ་གསོར་བྱས་ཤིང་། འཁྲབ་སྟོན་ནང་དོན་ཡང་སྐབས་ཐོག་གི་ཡུལ་སྲོལ་གོམས་གཤིས་ལྟར་ཁ་སྣོན་བྱས་ཐོག འཁྲབ་སྟོན་གོ་རིམ་ལྡན་པའི་ངང་འཚོ་བ་དང་ཉེ་སར་བཅར་ཡོད། བསོད་རྡོ་ལས་གཞན་ཕབ་སྐྲུན་ཚན་ཆུང་གི་ལས་བཟོ་བ་ཡོད་ཚད་བརྙན་འཕྲིན་ཟློས་གར་ཕབ་སྐྲུན་ལས་ཀར་ཐོག་དང་པོར་འཇུས་མཁན་དག་ཡིན་པས། བཪྙན་ཕབ་གོ་རིམ་ཁྲོད་དུ་དཀའ་སྡུག་བརྗོད་ཀྱིས་མི་ལང་བ་མྱང་མོད། འོན་ཀྱང་《སྦྲ་ཁྱིམ་སྨུག་པོའི་དུས་སྟོན》གྱི་འཁྲབ་གཞུང་གི་སྒྱུ་རྩལ་རྣམ་པ་མ་བོར་བར་ཇི་བཞིན་དུ་རྒྱུན་འཁྱོངས་བྱས་ཡོད་ལ། ད་ཆ་རྗེས་ཀྱི་སྒྲིག་སྦྱོར་བྱ་བའི་འགོ་བརྩམས་ཟིན་ཞིང་། ལོ་མཇུག་ལོ་གསར་བའི་ནང་རྒྱ་ཆེའི་ལྟ་མཁན་རྣམ་པའི་སྤྱན་ལམ་དུ་འབུལ་གྲབས་ཡོད།
བརྙན་སྐྲུན་པའམ་ལག་བསྟར་འཁྲབ་ཁྲིད་པ་དོན་འགྲུབ་ཚེ་རིང་།
ཁོས་བོད་སྐད་བརྙན་འཕྲིན་ལ་བཅངས་བའི་དགའ་ཞེན་ནི་གཙང་ཆབ་ཀྱི་བཞུར་རྒྱུན་ཇི་བཞིན་འཛད་མཐའ་མེད་ལ། རྫོགས་མཐའ་འང་མེད། མཚོ་ནུབ་ཁུལ་དུ་ལོ་ངོ་ཉི་ཤུར་ཉེ་བའི་ཚུན་ལ་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ལས་གཉེར་བའི་དོན་འགྲུབ་ཚེ་རིང་མཚོ་ནུབ་ཁུལ་གྱི་བོད་ཡུལ་གང་སར་སོང་ཡང་ཡུལ་དེའི་སྤུན་ཟླ་མང་ཚོགས་ཀྱི་ཁོ་རང་ལ་བརྩི་མཐོང་མི་བྱེད་མཁན་ཕལ་ཆེར་མི་འདུག་ལ། ཁོས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ལས་ཀས་ས་དེ་གའི་བོད་མི་རིགས་ལ་ཞབས་ཞུ་གང་མང་ཞིག་གི་དངོས་གྲུབ་ཐོབ་ཡོད་པའང་ཁོ་ཚོས་རྟོགས་ཡོད་པས། ང་ཚོ་ཕབ་སྐྲུན་ཚན་ཆུང་ཐེམ་ཆེན་རྩྭ་ཐང་དུ་འབྱོར་བ་ན། ལས་ཀར་རྒྱབ་སྐྱོབ་བྱེད་མཁན་དང་བརྙན་འཕྲིན་ཟློས་གར་གྱི་འཁྲབ་སྟོན་པར་རེ་སྒུག་བྱེད་མཁན་ཡང་གང་མང་ཞིག་འདུག་མོད། འོན་ཀྱང་བརྙན་འཕྲིན་ཟློས་གར་ཞིག་ཕབ་སྐྲུན་བྱེད་རྒྱུ་དང་ལྷག་པར་དུ་ཟློས་གར་ནང་གི་མི་སྣ་འཁྲབ་སྟོན་བྱེད་རྒྱུ་ནི་མི་ཤུགས་ཁོ་ན་དང་རྒྱུ་ཤུགས་ཁོ་ན་ཞིག་གིས་ཐག་གཅོད་བྱེད་དཀའ་བ་དཔེར་ན། འཁྲབ་གཞུང་གི་བརྩེ་དུང་དང་ཆགས་སྡང་གི་ཉམས་འགྱུར་ཇི་བཞིན་འགྲོ་བ་མིའི་འཚོ་བ་དངོས་མ་མཚོན་དགོས་པས། དེར་དཀའ་ཁག་ཆེ། གཞན་ཞིག་ནི་ང་ཚོ་ལས་བཟོ་བ་ཡོད་ཚད་ཆེད་ལས་ལས་རིང་དུ་བཅར་ཡོད་པས། རྒྱུ་ཡོད་རུང་བརྙན་འཕྲིན་ཟློས་གར་ཕབ་སྐྲུན་ཕྱོགས་ཀྱི་ཆེད་ལས་འཕྲུལ་ཆས་སྒྲིག་འདྲེན་བྱེད་མི་ཐུབ་ཅིང་། དེའི་ཕྱོགས་ལ་ཅི་མཁོའང་གསལ་བོ་མི་ཤེས་པས། གནད་དོན་འདི་ནི་ང་ཚོ་ཕན་སྐྲུན་ཚན་ཆུང་གི་སྡུག་བསྔལ་ཞིག་དང་ཡན་ན་ང་ཚོའི་གྱོང་གུད་ཞིག་ལགས། ཡིན་ཡང་། དཀའ་བའི་ལས་མ་བྱས་ན། ཞིམ་པོའི་ཟས་ག་ལ་བཟའ་ཐུབ་ཅེས་པའི་དཔེ་ལྟར། ང་ཚོ་ཕབ་སྐྲུན་ཚན་ཆུང་ལ་ཐུན་མོང་དུ་མངའ་བའི་སྤོབས་སེམས་ཞིག་མཆིས་པ་ནི་ཚང་མ་དཀའ་སྡུག་ལ་མི་སྐྲག་པ་དང་། ལས་ཀ་འདིར་དགའ་ཞེན་ཆེ་བ་དང་དུངས་སེམས་ལྡན་པ་དེ་རེད།
བོད་རང་གི་འཚོ་བའི་རུས་རྐང་དུ་ཟུག་པའི་སྦྲ་ནག་མྱུར་སྐྱོར་བྱ་བ་ནི་བརྙན་འཕྲིན་ཟློས་གར་འདིའི་བརྗོད་དོན་གཙོ་བོ་ཡིན་པས། སྦྲ་ནག་ནང་གི་བརྙན་ཕབ་ལས་ཀ་ནི་ཧ་ཅང་ཚེགས་ཆེ་ལ་འདང་རྒྱག་ཆེ་བས་གནད་དོན་ཞིག་ཏུ་གྲུབ། རྒྱུ་མཚན་སྦྲ་ནང་གི་མཚན་མོའི་འཁྲབ་སྟོན་རེ་རེའི་ཁྲོད་འོད་ཀྱི་མི་འདང་བའི་གནད་དོན་དེ་ཡིན་ལ། གློག་གསོག་ཆས་ཉོས་ཡོང་མོད། དེའི་དུས་ཚོད་ཆེས་རིང་ན་ཆུ་ཚོད་བཞི་ཙམ་མ་གཏོགས་མི་འདང་ཞིང་། ང་ཚོའི་འཁྲབ་སྟོན་ནང་དོན་ཆེས་ཐུང་ཡང་ཧ་ལམ་ཆུ་ཚོད་བརྒྱད་ཡས་མས་ཡོད་པས། མཚན་མོའི་འོད་སྣང་དེ་ང་ཚོའི་བརྙན་ཕབ་ལས་ཀའི་རྐྱེན་གཅིག་པུ་ཡིན། གནས་ཚུལ་འདིར་དམིགས་ཏེ་དོན་འགྲུབ་ཚེ་རིང་རྫོང་དང་གྲོང་བརྡལ་དུ་སོང་ནས་གློག་འདོན་འཕྲུལ་འཁོར་ཞིག་གཡར་ནས་གློག་འདོན་སྤྲོད་བྱས་པ་ལ། འོད་ཀྱི་གནད་དོན་ཐག་བཅད་ཟིན་མོད། འོན་ཀྱང་གློག་འདོན་འཕྲུལ་འཁོར་ལ་ཟུག་སྒྲ་ཅུང་ཆེ་བས་ང་ཚོས་སྒྲ་ལེན་པའི་ཐད་ལ་ཤུགས་རྐྱེན་བཟོས། གནད་དོན་འདིར་ང་ཚོས་གྲོས་གང་མང་བྱས་ཀྱང་ཐག་གཅོད་བྱེད་པའི་སྡོམ་ཞིག་མེད་པས། མཐར་པགས་གདན་དང་མལ་ཐུལ་སོགས་ཀྱིས་བཏུམ་ཏེ་སྒྲ་ཇེ་དམའ་རུ་གཏོང་རྒྱུ་ལས་ཐབས་གཞན་མ་རྙེད། ཡིན་ཡང་ཁོས་གོང་འོག་བར་གསུམ་ལ་མཐུན་སྦྱོར་གང་ལེགས་བྱས་པས་སྙིང་སྟོབས་ཀྱིས་ས་དེ་གའི་མང་ཚོགས་ལ་སྐུལ་མ་ཐེབས་ཤིང་། མ་བོས་རང་འགུལ་གྱིས་ང་ཚོར་རོགས་བྱས་ལ། ལྷག་པར་དུ་ཅོང་ཆུ་གྲོང་བརྡལ་གཟིག་ལྡན་སྡེ་བའི་དགེ་རྒན་སྲས་མཆོག་སྐྱབས་དང་ཏང་ཀྲི་པུའུ་ཧྲུའུ་ཅི་རྣམ་ཐར་རྒྱལ་སོགས་ཀྱིས་ཉིན་ཞག་ལ་ཧེ་བག་མེད་པར་ང་ཚོར་རྒྱབ་སྐྱོར་བྱས་པས། ང་ཚོའི་ཕབ་སྐྲུན་ལས་ཀའང་ཉིན་རེ་ནས་ཉེན་རེར་རྒྱལ་ཁའི་རེ་བར་བསྙེགས།
འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ། བརྙན་ལེན་པ་བསོད་རྡོ།
རང་ཉིད་ཆེས་དགའ་བའི་གློག་བརྙན་འཕྲིན་གྱི་ལས་ཀས་རང་ཉིད་ལ་བློ་སྤོབས་བསྩལ། བརྙན་འཕྲིན་བྱ་བའི་ལས་གནས་དང་པོ་ན་འབད་བཞིན་པའི་བསོད་ནམས་རྡོ་རྗེ་ལ་མཚོན་ན་དེང་རབས་བོད་སྐད་བརྙན་འཕྲིན་པའི་ན་གཞོན་ལས་སྒྲུབ་མི་སྣ་ཞིག་ཡིན་ཞིང་། བསྡུས་མིང་ལ་བསོད་རྡོ་ཞེས་འབོད་ཀྱིན་ཡོད། སྤྱི་ལོ་2005ལོར་མཚོ་སྔོན་བརྙན་འཕྲིན་ཁང་བོད་སྐད་ལྟེ་གནས་སུ་བརྙན་འཕྲིན་བསྒྱུར་སྐྲུན་དང་གསར་འགྱུར་ལོ་ཙཱ། རྩོམ་སྒྲིག བརྙན་འཕྲིན་སྒྲིག་སྦྱོར་བཅས་ཀྱི་ལས་ལ་སློབ་སྦྱོང་གང་ལེགས་བྱས་ཤིང་། སྔ་གཞུག་ཏུ་ཁོས་ཕབ་སྐྲུན་བྱས་པའི་གསར་འགྱུར་དང་ཆེད་སྒྲིག་ལེ་ཚན། དངོས་བཤུས་བརྙན་འཕྲིན་འགར་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་གང་མང་ཐོབ་པས། འགོ་ཁྲིད་རིམ་པ་དང་ལས་གྲོགས་ཚོས་ཁས་ལེན་དང་གཟེངས་བསྟོད་ཐོབ་ཅིང་། ལོ་ན་གཞོན་པའི་བསོད་རྡོས་ཀྱང་མཚན་སྙན་ཆུང་ཙམ་ལ་ང་རྒྱལ་ཅུང་ཙམ་ཡང་མེད་པར། མུ་མཐུད་དུ་བརྙན་འཕྲིན་ཇུས་འགོད་དང་འཁྲབ་ཁྲིད་ཕྱོགས་ལ་འབད་པ་ལྷོད་མེད་བྱས་པས། གྲུབ་འབྲས་ཀྱང་ལོ་རེ་ནས་ལོ་རེར་ཇེ་བཟང་ཡིན་ཞིང་། བསྟུད་མུར་སྤྱི་ལོ་2007དང་2008དང་། སྤྱི་ལོ་2009དང་2010ལོའི་མཚོ་སྔོན་བརྙན་འཕྲིན་ཁང་གི་ལོ་རེའི་བོད་ཀྱི་ལོ་སར་དགོང་ཚོགས་ཀྱི་འཁྲབ་གཉེར་བ་དང་བརྙན་ལེན་པའི་ལས་འགན་ཁུར་མྱོང་བ་ལས་གཞན། ད་དུང་ཁོས་ཇུས་འགོད་དང་འཁྲབ་ཁྲིད་བྱས་པའི་2008ལོའི་མཚོ་སྔོན་བརྙན་འཕྲིན་ཁང་བོད་སྐད་ལྟེ་གནས་ཀྱིས་ཐོག་དང་པོར་བསྒྲུབ་པའི་ན་ཆུང་བྱིས་པའི་ལོ་སར་དགོང་ཚོགས་བསྡུས་པ་དེས་བོད་སྐད་བརྙན་འཕྲིན་གྱི་ན་ཆུང་བྱིས་པའི་ལོ་སར་དགོང་ཚོགས་ལ་སྟོང་ཆ་ཐོག་མར་བསྐང་བ་རེད། དེ་ལས་གཞན་ད་དུང་སྤྱི་ལོ་2008ལོར་བསོད་རྡོ་ཡིས་འགན་ཁུར་བའི་བོད་སྐད་ཀྱི་རབ་བཏགས་བརྙན་འཕྲིན་ཟློས་གར་ཐོག་མ《གཡང་དཀར་གྱི་གཏམ་རྒྱུད》དང་ལེའུ་བརྒྱད་ཅན་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་《ཁ་སང་གི་གཏམ་རྒྱུད》ཀྱི་བརྙན་ལེན་ལས་ཀ་གཉེར་བའི་རྨང་གཞི་ཡིས་ཁོར་སྔར་ལས་ལྷག་པའི་སྤོབས་སེམས་དང་ཉམས་མྱོང་སྦྱིན་ཡོད་སྟབས། ཐེངས་འདིའི་《སྦྲ་ཁྱིམ་སྨུག་པོའི་དུས་སྟོན》ཞེས་པའི་བྱ་བ་ཡོད་ཚད་ཀྱི་འགན་ཕྲག་ཏུ་ཁུར་བར་ཆོད་སེམས་ལྡན་པ་རེད། དུས་ཡུན་ཐུང་ངུའི་ནང་འབྲས་བུ་གཡུར་དུ་ཟ་བ་སྨིན་པ་འདི་ནི་བསོད་རྡོ་ཡི་ལས་བཀུར་སྙིང་སྟོབས་དང་ཁོའི་བོད་སྐད་བརྙན་འཕྲིན་གྱི་ལས་རིགས་ལ་དུངས་བའི་དན་རྟགས་རེད།
《སྦྲ་ཁྱིམ་སྨུག་པོའི་དུས་སྟོན》ཞེས་པའི་བཪྙན་འཕྲིན་ཟློས་གར་འདིའི་ཁ་གཏོད་ས་བོད་ཁུལ་ཡིན་པས། དམངས་སྲོལ་ཕྱོགས་ཀྱི་འཁྲབ་ཡུལ་དང་བརྙན་རིས་གྱ་ནོམ་པ་དགོས་ཕྱིར། བརྙན་ལེན་པའི་བརྙན་རིས་ཇུས་འགོད་དང་ཟུར་ཚད་འཛིན་རྒྱུའི་ཕྱོགས་ནས་འཁྲབ་གཞུང་གི་སྒྱུ་རྩལ་རྣམ་པ་དང་ཆ་ཡོངས་སུ་ཚང་དཀའ་ཞིང་། སྒྲིག་ཆས་དང་ཕབ་སྐྲུན་མི་སྣ་དེ་བས་འཐུས་ཚང་མིན་པས། ཞིབ་ཆའི་ཆ་བོར་སོང་བའང་ཡོད། འོན་ཀྱང་ཚང་མས་སྟོབས་ཤུགས་གཅིག་སྒྲིལ་འོག བརྙན་འཕྲིན་ཟློས་གར་འདིའི་གོ་རིམ་ཁ་ཚང་ཞིག་ཕབ་སྐྲུན་བྱས་ཟིན། 《སྦྲ་ཁྱིམ་སྨུག་པོའི་དུས་སྟོན》ཞེས་པའི་བརྙན་འཕྲིན་ཟློས་གར་འདི་བརྙན་ཕབ་བྱས་པ་འདིས་བསོད་རྡོ་ཡི་བླ་ན་མེད་པའི་ལས་བཀུར་སྙིང་སྟོབས་མཚོན་པ་མ་ཟད། ད་དུང་ཁོས་བོད་སྐད་བརྙན་འཕྲིན་གྱི་ལས་རིགས་ལས་མངོན་པའི་རང་ཉིད་ཀྱི་ལྷོད་པ་མེད་པའི་བརྩོན་འགྲུས་ཀྱང་མངོན་མཚོན་བྱས་ཡོད་དོ།
འཁྲབ་རའི་འབྲི་འགོད་པ་རིན་ཆེན་ཚེ་རིང་།
སྒྲ་འབེབས་པ་ཀུན་གྲགས།
བརྙན་ཕབ་ཚན་ཆུང་གི་གཙོ་སྒྲུབ་མི་སྣ།
1 འཁྲབ་གཞུང་རགས་བཤད།
བརྙན་འཕྲིན་ཟློས་གར་འདིའི་འཁྲབ་གཞུང་ནི་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་ཅོང་ཧོ་གྲོང་བརྡལ་གྱི་འབྲོག་མིའི་རུ་བ་སྤོ་བའི་གོ་རིམ་དང་སྦྲ་གསོ་བ། སྦྲ་ནག་ཏུ་སྟོན་མོར་རོལ་བ་བཅས་བོད་མི་རིགས་རང་གི་རུས་རྐང་དུ་ཟུག་པའི་འཚོ་བ་རྣལ་མ་ཞིག་གི་ཟུར་གཞིར་བཅོས་བ་ཡིན།
མི་སྣ་གཙོ་བོ།
ཨ་མྱེས་གཡང་ཁོ།(ལོ་55ནས་65བར) བུ་རིག་དགའ། མནའ་མ་རིག་འཚོ།
བུ་བཀྲ་ཤིས་ཉི་མ། (ལོ་7ནས་ལོ8) བུ་མོ་རིག་འཛིན་སྐྱིད།(ལོ5ནས6)
འཁྲབ་རོགས།
1.ར་ཕུབ་སྐབས་སུ་རིག་དགའ་ལ་ཁང་སྟོན་དུས་ནམ་ཞིག་ལ་བྱེད་རྒྱུ་ཡིན་པའི་སྐོར་འདྲི་མཁན། ཚེ་བྷོ།
2.རུ་ཁ་རུ་རིག་དགའ་དང་མཉམ་དུ་ཚོང་རྒྱག་གི་འགྲོ་རོགས་སྦགས་སྦགས་ཞོན་མཁན། རྡོ་བྷ།
3.སྦྲ་སྟོན་སྐབས་སུ་སྐུ་མགྲོན་རེ་འགས་རིག་དགའ་ལ་སྦྲ་ནག་ནང་གི་སྟོན་མོའང་སྐྱིད་པོ་ཡིན་ཚུལ་སྐོར་རིག་དགའ་ལ་ཁ་བརྡ་བྱེད་མཁན་གྲོགས་པོ་མི་གཉིས་སམ་གསུམ།
དེ་ཡང་རང་རེའི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། མ་བྲག་སྲིན་མོ་གཉིས་ལས་མཆེད་པའི་གདུང་དམར་བོད་པར་མཚོན་ན་སྤྱི་མདོ་དབུས་ཁམས་གསུམ་དང་བྱེ་བྲག་རོང་འབྲོག་འབྱམ་གསུམ་ཡོད་པར་གཞལ་ཏེ། དེའི་ནང་རུ་བ་སྤོ་བའི་འབྲོག་མིའི་འཚོ་གཞིས་ལ་མཚོན་ན་རུ་སྤོ་ཚོ་བ་ཡིན་མོད། འོན་ཀྱང་མི་རིགས་འདིའི་ཟས་ གོས་ལོངས་སྤྱོད་བབ་ཆགས་ལ། དེ་ལས་མངོན་པའི་མི་རིགས་རིག་གནས་ཀྱང་གཏིང་ཟབ་ཅིང་དཔོག་དཀའ་བ་ཞིག་ཡིན་པ་གནའ་དེང་མི་རིགས་རིག་གནས་ལོ་ རྒྱུས་ཀྱི་ཟིན་ཐོ་རུ་གསལ་ལེར་རྗེན་ཡོད། ལོ་རྒྱུས་ཀྱིས་གཏམ་རྒྱུད་སྐྲུན་བཞིན་པའི་དུས་ད་ལྟའི་སྦྲ་འདབས་སུའང་དུས་རབས་ཀྱི་ཟློས་གར་ག་འདྲ་ཞིག་ལ་རེ་སྨོན་བྱེད་བཞིན་ཡོད་པ་མུ་བུ་སུ་ཞིག་ཡིན་ནམ། ལྟོས་དང་། མཐིང་སྨུག་གི་སྦྲ་འགྲམ་འདི་ནས། ཡང་ངོ་མཚར་བའི་གཏམ་རྒྱུད་ག་འདྲ་ཞིག་གི་འགོ་རྩོམ་རྒྱུ་ཡིན་ནམ།
2 བརྒྱུད་རིམ་མདོར་བསྡུས།
གཏམ་རྒྱུད་ནུབ་ཁའི་ཉི་ཟེར་ཁྲོད་ཀྱི་མཚན་ལྗོངས་ཤིག(夜景)ནས་འགོ་བརྩམས་ཤིང་། གཙོ་འཁྲབ་པ་ཨ་མྱེས་གཡང་ཁོ་དང་ཁོའི་བུ་རིག་དགའ་གཉིས་ཀྱིས་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་གཉིས་བར་གྱི་འགལ་འབྲེལ་ལ་དམིགས་ནས་རང་རང་གི་ལྟ་ཚུལ་དང་གནས་ལུགས་ཟབ་མོ་ཁྲོད་རྩོད་གཞི་སྟོན་མོ་སྟེ། ཨ་མྱེས་གཡང་ཁོས་སྦྲ་སྟོན་ཟེར་བའི་སྦྲ་ནག་ནང་གི་བོད་ཀྱི་སྟོན་མོ་སྐྱིད་ཚུལ་དང་དེར་རིན་ཐང་ལྡན་ཞིང་ལོ་རྒྱུས་ཀྱི་དོན་སྙིང་ཡོད་པའི་དགོས་པ་འཆད་པ་དང་། བུ་རིག་དགའ་དགེ་རྒན་ཞིག་ཡིན་པས་ཆ་ནས་རྫོང་མཁར་དུ་དེང་རབས་ཀྱི་རྒྱ་ཁང་ཐོག་བརྩེགས་ཅན་ཉོས་ནས་དེར་དེང་རབས་ཀུན་གྱི་འགྲོ་ལུགས་ལྟར་ཁང་སྟོན་ཟེར་བའི་སྟོན་མོ་བྱེད་རྒྱུ་བསམ་ཚུལ་འཆད་པས། ཁོ་གཉིས་བར་ལ་འགལ་ཟླའི་ཚིག་རྩོད་བྱུང་བ་གཏམ་རྒྱུད་ཀྱི་བརྗོད་དོན་དུ་བཟུང་ཡོད་ལ། མཇུག་མཐར་ཨ་མ་གཡང་ཁོ་ལགས་ རང་གི་མེས་བོའི་ཤུལ་བཞག་རིག་གནས་ལ་དུངས་ཞེན་ཆེ་བ་གཙོ་བྱས་ཐོག གནས་ལུགས་ག་འདྲ་ཡོད་རུང་། རིག་གནས་གང་ཞིག་ཡིན་རུང་། དེར་ལོ་རྒྱུས་ཀྱི་ཁུངས་ དང་རྟག་བརྟན་གྱི་རྩ་བ་དགོས་ཕྱིར། རང་གི་རི་གནས་འདི་འཕེལ་རྒྱས་སུ་གཏོང་དགོས་ན་གཙོ་བོ་མི་རིགས་རང་གི་རུས་རྐང་དུ་ཟུག་པའི་སྲོལ་རྒྱུན་རིག་གནས་འདི་རྒྱུན་འཛིན་དར་སྤེལ་དུ་གཏོང་དགོས་པས། བུ་ཆུང་རིག་དགས་ཀྱང་ཨ་མེས་ཡང་མེས་ཀྱི་རླབས་ཆེན་རིག་གནས་ཀྱི་དགེ་བ་ཇི་བཞིན་རྟོགས་ནས་རང་གི་ཨ་ཕས་སྦྲ་སྟོན་ལམ་དུ་མི་འཇོག་ག་མེད་བྱུང་ལ། སྦྲ་སྟོན་ཟེར་བའི་སྟོན་མོ་ཞིག་གི་སྒོ་འཕར་ཕྱེ་བ་ལགས་སོ། །
བརྙན་ཕབ་ཚན་ཆུང་དང་འཁྲབ་མཁན་འགའི་མཉམ་པར།
བརྙན་ཕབ་བྱེད་སའི་ཡུལ་དངོས་ཀྱི་ཟུར་ཞིག
མི་སྣ་གཙོ་བོ་རིག་དགའི་ཁྱིམ་གང་།
བརྙན་ཕབ་ཚན་ཆུང་དང་འཁྲབ་མཁན་འགའ་སྦྲ་ཁྱིམ་ནང་དུ་ཡོད་པ།