logo

གར་སྟེགས་ཟློས་གར་ཤན་འདན་སྟག་སེང་ཁ་སྤྲོད་ཀྱི་སྙན་ཞུའི་གཟིགས་འབུལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-11-19 ཀློག་གྲངས།:
གར་སྟེགས་ཟློས་གར་ཆེན་མོ༼ཤན་འདན་སྟག་སེང་ཁ་སྤྲོད༽ཀྱི་ཐོག་མའི་སྙན་ཞུའི་གཟིགས་འབུལ།
        2021ལོའི་ཟླ11པའི་ཚེས11ཉིན། བྲག་དཀར་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་ཅུས་ཀྱིས་རྩ་འཛུགས་བྱས་ཏེ་སྒྲིག་སྦྱོང་བྱས་པའི་གར་སྟེགས་ཟློས་གར་ཆེན་མོ༼ཤན་འདན་སྟག་སེང་ཁ་སྤྲོད༽ཀྱི་ཐོག་མའི་སྙན་ཞུའི་གཟིགས་འབུལ་གྱི་བྱེད་སྒོ་བྲག་དཀར་རྫོང་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་དང་རྩལ་ནུས་གསོ་སྦྱོང་ལྟེ་གནས་སུ་སྤེལ་བ་དང་། འཁྲབ་སྟོན་མི་སྣ་ཡོངས་ཀྱིས་ཟླ་བ6གི་རིང་སྒྲིག་སྦྱོང་བྱས་པའི་གྲུབ་འབྲས་འཁྲབ་སྟོན་བྱས། རྫོང་ཨུའི་ཧྲུའུ་ཅི་ཀྲང་ཏིག་ཞན་དང་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་འབྲུག་འབུམ་རྒྱལ། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སྒྲོལ་མ་འབུམ། རྫོང་ཨུའི་རྒྱུན་ཨུ་དང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་དབྱང་ཐེན་ཞི། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བསོད་ནམས་རྡོ་རྗེ་དང་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་ཅུས་ཀྱི་འགོ་ཁྲིད་དང་ལས་བཟོ་བ་ཡོངས་ཐེངས་འདིའི་སྙན་ཞུའི་བྱེད་སྒོར་ཞུགས།
        གར་སྟེགས་ཟློས་གར༼ཤན་འདན་སྟག་སེང་ཁ་སྤྲོད༽ནི2020ལོའི་ཟླ11པའི་ཚེས18ཉིན་སྒྲིག་འགོ་བརྩམ་པ་དང་། 2021ལོའི་ཟླ4པར་སྒྲིག་སྦྱོང་བྱས། གར་སྟེགས་ཟློས་གར་འདི་ནི་ཐུན་མིན་གྱི་འཁྲབ་སྟོན་རྣམ་པ་དང་མི་སྣའི་ཁ་བརྡ། འཁྲབ་སྟོན་པའི་འཁྲབ་རྩལ།རྣམ་འགྱུར་དང་བརྩེ་དུང་གི་འགྱུར་བམི་སྣའི་བཟོ་བཀོད། ཡུལ་ལྗོངས་བཀོད་སྒྲིག གྱོན་ཆས་དང་འཁྲབ་ཆས་ཀྱི་ཇུས་འགོད། གློག་འོད་དང་སྒྲ་སྒམ་གྱི་ནུས་པ་སོགས་རམ་འདེགས་བྱ་ཐབས་སྣ་མང་གཞི་གཅིག་དུ་བསྡུས་པའི་འཁྲབ་སྟོན་ཞིག་ཡིན། ནང་དོན་གཙོ་བོ«གླིང་གེ་སར་རྒྱལ་པོའི་སྒྲུང»གི་ནང་ཚན«ཧོར་གླིང་གཡུལ་འགྱེད»ཀྱི་རྗེས་སུ་བྱུང་བའི་གཏམ་རྒྱུད་ཡིན་ལ། ལེ་ཚན་གསུམ་གྱིས་གྲུབ་ཡོད་དེ། ལེ་ཚན་དང་པོ་ནི་གེ་སར་རྒྱལ་པོས་བློན་པོ་རྣམས་དང་ལྷན་དུ་འཇིང་ལ་ཕར་རྒོལ་བྱེད་པར་གྲོས་བསྡུས་བྱེད་པ་དང་། ཨ་ཁུ་ཁྲོ་ཐུང་གིས་གཡོ་སྒྱུ་ཆེན་པོས་བཙོན་ཁང་དུ་ཤན་པར་བརྙས་བཅོས་བྱས་པའི་རྣམ་པ་ཡིན། ལེ་ཚན་གཉིས་པ་ནི་དམག་དཔོན་ཤན་པ་དང་འདན་མ་གཉིས་གྱི་བར་ལ་རྩོད་པ་དྲག་པོ་བྱུང་ཞིང་འདན་མ་ཁྲོས་ཏེ་རང་གི་འཁོར་གཡོག་དང་ཁྱིམ་མི་ཁྲིད་ནས་གླིང་དང་བྲལ་པའི་ཚན་པ་ཡིན། ལེ་ཚན་གསུམ་པ་ནི་ཤན་པ་དང་འདན་མ་གཉིས་སླར་ཡང་འགྲིག་པའི་གཏམ་རྒྱུད་ཡིན།
        རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་ཚོས་འཁྲབ་སྟོན་ཡོངས་ལ་བལྟས་རྗེས་གདེང་འཇོག་མཐོན་པོ་གནང་། ཁོང་ཚོས་ཟློས་གར་གྱི་རྒྱུ་ཆ་འདེམས་པ་བཟང་ལ་སྒྲིག་གཞི་ལུགས་མཐུན་དང་ནང་དོན་གསོན་ཉམས་ལྡན་པ། འཁྲབ་སྟོན་མི་སྣ་ཡོངས་ཀྱིས་དུས་ཡུན་ཐུང་ལ་འགན་འཁུར་ལྕི་བའི་གནས་ཚུལ་འོག སེམས་ཤུགས་ཡོད་རྒུ་བཏོན་པས་འཁྲབ་སྟོན་གྱི་ཆུ་ཚད་མཐོ་བ་དང་། ཐེངས་འདིའི་སྙན་ཞུའི་གཟིགས་འབུལ་ལེགས་འགྲུབ་ཡོང་བར་བཤད། དེ་མིན་རྗེས་ཕྱོགས་སུ་མུ་མཐུད་དུ་འཁྲབ་སྟོན་གྱི་དུས་ཡུན་ཐད་ནས་ཞིབ་བརྡར་དང་། འཁྲབ་གཞུང་གི་ཞིབ་ཕྲའི་ནང་དོན་སྟེང་ད་དུང་བཙོ་སྦྱང་དང་འཐུས་ཚང་དུ་བཏང་སྟེ། ཟློས་གར་གྱི་འཁྲབ་སྟོན་སྔར་ལས་ཚགས་དམ་ལ་གསོན་ཉམས་ལྡན་པར་བྱས་ནས་མང་ཚོགས་ལ་སྤུས་ཚད་སྔར་ལས་མཐོ་བའི་འཁྲབ་སྟོན་བྱ་དགོས་པའི་རེ་བ་བཏོན།
        གར་སྟེགས་ཟློས་གར༼ཤན་འདན་སྟག་སེང་ཁ་སྤྲོད༽ཀྱི་ཐོག་མའི་སྙན་ཞུའི་གཟིགས་འབུལ་གྱིས་བྲག་དཀར་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་ཀྱི་རིག་གནས་ཀྱི་སྣེ་ཁྲིད་འོག བྱེད་ཐབས་གསར་བ་སྤྱད་ནས་བྲག་དཀར་རྫོང་གི་རིག་གནས་སྣ་མང་དང་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། བྲག་དཀར་རྫོང་གི་སྙན་གྲགས་དང་ཤུགས་རྐྱེན་ཇེ་མཐོར་གཏོང་པའི་ཆོད་སེམས་མཚོན་པར་མ་ཟད། འགོ་ཁྲིད་དང་ལས་བཟོ་བའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཉམས་འགྱུར་དང་ལས་རིགས་ཀྱི་བྱང་ཚད་མཚོན་ཐུབ་པས། གོམ་གང་མདུན་སྤོས་ཀྱིས་ལྟད་མོ་བ་དང་མཐུན་སྦྱོར་བྱེད་པའི་ཟམ་པ་བཙུགས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་སེམས་ཚོར་ཇེ་དྲག་ཏུ་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་བྱས་ཏེ། བྲག་དཀར་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བ་དང་རིག་གནས་ལུས་རྩལ་ཡུལ་སྐོར་གྱི་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་བཞག་ཡོད།
འཁྲབ་སྦྱོང་བྱེད་བཞིན་པ།
འབྲེལ་ཡོད་འོས་སྦྱོར།