༄༅། །གློག་བརྙན«ལག་དམར»ལ་བལྟས་རྗེས་ཀྱི་མྱོང་ཚོར།
རྩོམ་པ་པོ།:ནོར་བུ་སྒྲོལ་མ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-05-23
ཀློག་གྲངས།:
༄༅། །གློག་བརྙན«ལག་དམར»ལ་བལྟས་རྗེས་ཀྱི་མྱོང་ཚོར་ཐོར་བུ།
ནོར་བུ་སྒྲོལ་མ།
གློག་བརྙན་ཁྲོད་ཀྱི་མི་སྣ་གཙོ་བོ་སྦྱིན་པ།
ལས་ངན་པས་ལུག་གཅིག་བསད་པ་དང་ལས་ངན་པའི་མི་ཞིག་དང་འཕྲད་པ་གཉིས་མཉམ་དུ་སྦྲེལ་བ། དོན་འདི་གཉིས་ལ་གནམ་སའི་ཁྱད་པར་ཡོད་ལ། དེས་ཟུར་གཞན་ཞིག་ནས་རྒྱུ་འབྲས་ཀྱི་འདུ་ཤེས་ཚུགས་ཚུལ་མངོན་ཡོད།
ལུག་ལ་བསྔོ་སྨོན་ཞུ་བ་དང་ལུག་ཤ་ཉོ་བ་གཉིས་ལ་འགལ་བ་མེད་དེ། ལུག་ལ་བསྔོ་སྨོན་ཞུ་བ་ནི་ཁོ་རང་གི་མི་སྒེར་གྱི་བྱ་སྤྱོད་ལས་ཚེ་སྲོག་ཅིག་ལ་འཇིགས་སྣང་དང་སྡུག་བསྔལ་བརྒྱུད་དུ་འཇུག་མ་འདོད་པས་ཡིན་ལ། ལུག་ཤ་ཉོ་བ་ནི་བོད་ཡུལ་གྱི་མཐོ་གྲང་ས་ཆའི་ཟ་མ་གཙོ་བོ་ནི་ཤ་རིགས་ཡིན་པས་རེད། དེ་ནི་བོད་ཁུལ་གྱི་འདུ་ཤེས་འཛིན་སྟངས་ཤིག་དང་འདྲ་སྟེ། དགེ་འདུན་པས་ཤ་ཟ་བའི་སྔོན་འགྲོའི་ཆ་རྐྱེན་ནི་ཁོང་གིས་ཤ་ཟ་བ་ནི་ལོངས་སྤྱོད་ཅིག་རེད་མི་སྙམ་པ་དེ་རེད། དོན་དག་ཅི་ཞིག་ཡིན་རུང་ཕྱི་ཚུལ་ལ་བལྟ་བ་མ་ཡིན་པར་ནང་སེམས་ལ་རག་ལས།
ལག་དམར་སྦྱིན་པ།
ཤ་འཁོན་གྱི་འཆིང་རྒྱ་རུ་ཚུད་པ་མ་གཏོགས་དོན་དངོས་སུ་མི་གཞུང་དྲང་ཞིག་ཡིན་ཏེ། ཁ་ལོ་པས་རང་ཉིད་ལ་དུ་བ་བྱིན་ཏེ་མེ་བསྒྲོན་དགོས་པའི་བཀའ་ཕབ་ཀྱང་། འཁང་ར་མི་བྱེད་པར་གཅིག་གཅིག་གཉིས་གཉིས་བྱས་ནས་བསྒྲུབས།
ལྷ་སའི་པའེ་ཝེ་སྦི་རག་ཤེས་ལ། ཤེལ་དམ་གྱི་སྟེང་དུ་སྦྱར་ཤོག་ཡོད་པ་དེ་བས་ཀྱང་མི་ཤེས། སོ་ཡིས་ཤེལ་དམ་གྱི་ཁ་ཕྱེ་བ་སོགས་ཀྱི་བྱ་སྤྱོད་ལས། ཁོས་ལོ་འདི་འདྲ་མང་པོ་ཞིག་གི་རིང་ལ་ཤ་འཁོན་མ་གཏོགས་ཅི་ཡང་བསམས་མ་མྱོང་བ་གསལ་པོར་ཤེས་ཐུབ། ཤ་འཁོན་གྱིས་ཁོ་རང་ཉིད་ཀྱིས་རང་ཉིད་བཀག་སྡོམ་བྱས་པའི་གནས་དེ་ནས་སྒོར་འབུད་དུ་བཅུག་པ་མཚོན།
ཁ་ལོ་པ་སྦྱིན་པ་དང་ཐང་ཅི་ཧོ་ཏེ་གཉིས་བསྡུར་བ།
ཁ་ལོ་པ་ནི་ཧ་ཅང་དོན་སྙིང་ལྡན་པའི་མི་ཞིག་རེད། ཁོ་དང་སི་ཕེན་གྱི་རྩོམ་པ་པོ་སེ་ཝན་ཐེ་སིའི་སྒྲུང་གཏམ«ཐང་ཅི་ཧོ་ཏེ»ཞེས་པའི་ཁྲོད་ཀྱི་མི་སྣ་གཙོ་བོ་ཐང་ཅི་ཧོ་ཏེ་གཉིས་འདྲ། སྦྱིན་པ་ནི་ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། ཐང་ཅི་ཧོ་ཏེ་དང་འདྲ་བས། ང་ཚོས་ཁོ་ལ“དེང་རབས་ཀྱི་ཐང་ཅི་ཧོ་ཏེ”ཞེས་བོས་ཆོག ཡང་སྦྱིན་པའི་དམིགས་ཡུལ་ནི་རྟ་པ་གླེན་པ་དེ་དང་གཏན་ནས་མི་འདྲ། དེ་བས་ང་ཚོས་ཁོའི་མིང་ལ“ཐང་ཅི་ཧོ་ཏེའི་ལྡོག་ཕྱོགས་ཀྱི་མི”ཞེས་ཀྱང་བོས་ཆོགམིའི་རིགས་ནི་བསམ་བློ་ངེས་ཅན་ཞིག་གི་སྟེང་འགལ་བ་ཡོད་སྲིད་དེ། འགལ་བ་དེའང་ཕུགས་བསམ་དང་མངོན་སུམ་གཉིས་བར་གྱི་འགལ་བ་ཡིན།དཔེར་ན། “ཐང་ཅི་ཧོ་ཏེ”ནི་ཕྱོགས་གཅིག་ནས་དོན་དངོས་དང་ཁ་བྲལ་བ་དང་། སྟོང་བསམ་བཅངས་པ། རྟ་པ་དཔའ་བོའི་འཚོ་བར་ལད་ཟློས་བྱེད་པ་ཞིག་ཡིན། ཡང་ཕྱོགས་གཞན་ཞིག་ནས་བསམ་པ་བཟང་བ་དང་། མི་ཡུལ་གྱི་བྱ་ངན་དོན་ངན་མཐའ་དག་རྩ་མེད་དུ་གཏོང་རྒྱུར་སེམས་ཐག་བཅད་པའི་མི་ཞིག་རེད། མདོར་ན་ཁོ་ནི་དགོད་བྲོ་བ་ཞིག་དང་། དབུགས་རིང་འབྱིན་དགོས་པ། ཡིད་སྐྱོ་དགོས་པ་ཞིག་ཡིན་ལ་གུས་བཀུར་ཞུ་འོས་པའི་མི་ཞིག་ཀྱང་ཡིན། ད་དུང་བཞད་གད་རྩོམ་རིག་ཁྲོད་དུ་ཉམས་པ་མེད་པའི་དཔེ་མཚོན་གྱི་མི་སྣ་ཞིག་རེད། དེ་ལྟར་ཁ་ལོ་པ་སྦྱིན་པ་ཡང“ཕུགས་བསམ་རིང་ལུགས་པ”ཞིག་རེད། ཁོའི་ལུས་སྟེང་དུ་ཧ་ཅང་ཁེར་རྐྱང་ཡིན་པའི་གནས་བབ་མངོན་ཡོད་ལ། འཇིག་རྟེན་པའི་བྱ་སྤྱོད་ཀྱང་མངོན་ཡོད། ཡིན་ན་ཡང་ཁོའི་ནང་སེམས་ནི་སྙིང་རྗེས་བཀང་ཡོད་པས་འགལ་བ་ཡོད་དེ།ཁོས་ལུག་གཅིག་ལ་བརྡུངས་ནས་བསད་རྗེས། ལུག་དེ་མ་ཟོས་ལ། གཞན་ལའང་མ་བཙོངས། དེ་ལས་ལྷག་པར་ལུག་དེར་བསྔོ་སྨོན་ཞུས་ཏེ་རང་ཉིད་ཀྱི་ཉེས་པ་ཞི་བར་བྱས། དེས་ཁོའི་རྒྱུད་ན་བྱམས་དང་སྙིང་རྗེ་ཡོད་པ་གསལ་བཤད་བྱས་ཤིང་། མི་ཕལ་བ་ལས་ལྷག་པའི་སྣང་བ་ཞིག་ཀྱང་སྟེར།འོན་ཀྱང་ཁོས་ཡང་བསྐྱར་ལུག་གཅིག་ཉོས་ནས་རང་གི་དགའ་རོགས་ལ་བྱིན་པ་དང་། ཆང་ཁང་ཆུང་ངུའི་ནང་སྒེག་ཉམས་ལྡན་པའི་སྦྱིན་བདག་མར་བརྩེ་དུང་གླེང་། འདིས་ཡང་བསྐྱར་ཁོ་རང་འཇིག་རྟེན་པའི་འཚོ་བར་ཁྲིད།
སྤྱིར་སེམས་ཁམས་ཀྱི་རྨང་གཞི་དང་དངོས་ཡོད་འཚོ་བའི་བར་གཅིག་ནས་གཉིས་སུ་གྱེས་འགྲོ། འདིར་ང་ཚོས་བསམ་བློ་མ་བཏང་ཡང་ཆོག གོ་བདེ་བ་དང་རྟོགས་སླ་བའི་སྒོ་ནས་ལྟ་ཞིབ་བྱས་ན། ཁ་ལོ་པ་འདི་དངོས་གནས“ཐང་ཅི་ཧོ་ཏེ”རེད།
ཕུགས་བསམ་དང་དོན་དངོས་དེ་མི་འདིའི་ཐོག་ནས་གཅིག་སྡུད་ཀྱིས་མཚོན་ཡོད་མོད། འོན་ཀྱང་ཐང་ཅི་ཧོ་ཏེའི་ལུགས་དང་མི་མཐུན་པའི་ཕུགས་བསམ་དང་བསྡུར་ན། ཁ་ལོ་པ་ནི་དེ་བས་ཀྱང་དོན་དངོས་དང་མཐུན། མཇུག་གི་སྐབས་ཏག་ཏག་དེར་ཁ་ལོ་པ་ནི་ཕུགས་བསམ་རིང་ལུགས་པ་དང་མཐུན་པ་ཤ་སྟག་རེད། དེ་བས“ཐང་ཅི་ཧོ་ཏི”ཡི་ལྡོག་ཕྱོགས་ཀྱི་མི་ཡིན།

ལག་དམར་སྦྱིན་པ་དང་སྲོལ་རྒྱུན་གྱི་སྟོབས་ཤུགས་གཉིས་བར་གྱི་འགལ་བ།
འཁོན་ལན་སློག་མཁན་ནི་ཐེ་ཚོམ་ཆེ་བའི་མི་སྣ་ཞིག་ཡིན་ཏེ། རྒྱུ་མཚན་ནི་ཁོའི་ལུས་སྟེང་དུ་མངོན་པ་ནི་དད་མོས་ཀྱི་སྟོབས་ཤུགས་དང་སྲོལ་རྒྱུན་གྱི་སྟོབས་ཤུགས་གཉིས་ཡིན། སྟོབས་ཤུགས་དེ་གཉིས་གང་ཞིག་ཤུགས་ཆེ་ན། དེས་ཁོའི་བྱ་སྤྱོད་ཀྱི་འཕེལ་ཕྱོགས་ཐག་གཅོད་བྱས་ཡོད།སྲོལ་རྒྱུན་གྱི་སྟོབས་ཤུགས་འོག་འཁོན་ལན་སློག་མཁན་དེའི་མི་ཚེའི་ཁྲོད་ཀྱི་ལོ་བཅུ་ལྷག་གི་རིང་ལ་ཁོ་རང་མུ་མཐུད་དུ་མདུན་དུ་སྐྱོད་པར་འདེགས་སྐྱོར་བྱེད་པའི་བྱ་བ་ཅི་ཡང་མེད། དེ་བས་ཁོས་རང་གི་ཕ་གསོད་ཀྱི་དགྲ་ཟླ་དམར་ཙ་བསད་ན་ད་གཟོད་མི་ཚེ་ལ་དོན་སྙིང་ཡོད་པར་འདོད། འདི་ནི་སྲོལ་རྒྱུན་གྱི་སྟོབས་ཤུགས་རེད། འོན་ཀྱང་ཁོས་མཇུག་མཐར་མི་དེ་མཐོང་དུས། མི་དེ་རྒས་འདུག་པ་དང་སྐྲ་ལོ་དཀར་པོར་གྱུར་ཡོད་པ། ད་རུང་བྱིས་པའི་ཨ་ཕ་ཡིན་པ། ཆུང་མ་ཡང་ཡོད་པ། རྐྱེན་དེ་དག་གིས་འཁོན་ལན་སློག་མཁན་གྱིས་ལག་འགུལ་མ་ཐུབ་པ་ནི་སྙིང་རྗེའི་སེམས་ཡོད་པས་ཡིན། འདི་ནི་དད་མོས་ཀྱི་སྟོབས་ཤུགས་རེད། འཁོན་ལན་སློག་མཁན་གྱི་སྡུག་བསྔལ་ཧ་ཅང་ཆེ། ཁོས་མིག་ཆུ་ཁོང་དུ་མིད་ནས་ཁེར་རྐྱང་ངང་གནས་དེ་དང་ཁ་བྲལ་སོང་། ཕལ་ཆེར་ཁོའི་རང་གི་སེམས་ཀྱི་སྙིང་ནད་གནས་དེར་བསྐྱུར་བ་འདྲ་མོད། འོན་ཀྱང་དོན་དངོས་སུ་དེ་ལྟར་མིན། རྒྱུ་མཚན་སྲོལ་རྒྱུན་གྱི་སྟོབས་ཤུགས་ཀྱིས་ཁོར་ཚོད་འཛིན་ཐེབས་ཡོད་པ་རེད།
འོན་ཀྱང་དེ་ལས་ལྡོག་པར་སྐབས་འདིར་ཆེས་སྡུག་བསྔལ་ཆེ་བ་ནི་འཁོན་ལན་སློག་མཁན་གྱི་དམིགས་ཡུལ་ཏེ་ཁོའི་ཕ་གསོད་ཀྱི་དགྲ་ཟླ་དམར་ཙ་ཡིན། གཞན་གྱི་ཕ་གསོད་ཀྱི་ལག་དམར་ཞིག་ཡིན་པའི་ངོས་ནས་ཁོས་ཁམས་པའི་ཕོ་རྒོད་ཀྱིས“ཁྲག་ལེན་ཁྲག་གིས་འཇལ་རྒྱུའི”སྲོལ་རྒྱུན་ཤེས་ངེས། དེར་བརྟེན་ལོ་བཅུ་གྲངས་ལྷག་གི་རིང་ལ་དུས་རྒྱུན་དུ་སེམས་ཁྲལ་ངང་འཚོ་བ་རོལ་གྱིན་ཡོད། དེ་བས་གློག་བརྙན་ནང་འཁོན་ལན་སློག་མཁན་སྦྱིན་པའི་ཕ་གསོད་ཀྱི་དགྲ་ཟླས་ཁོ་རང་ཡོང་བ་མཐོང་མ་ཐག སྐད་ཆ་བཤད་འདོད་ཡོད་ཀྱང་མཚམས་བཞག་པའི་རྣམ་འགྱུར་དེས། “ཁྱོད་གཞི་ནས་ཐོན་བྱུང་ངམ”ཞེས་བཤད་འདོད་ཡོད་པ་དང་འདྲ་ལ། འདིས་ཁོའི་ཉིན་རེར་དངངས་སྐྲག་སྐྱེས་ནས་སྡོད་དགོས་པའི་འཚོ་བ་དེས་ཁོར་གནོན་ཤུགས་ཆེ་དྲགས་པ་རྟོགས། རང་ཉིད་དུས་ནམ་ཞིག་གི་ཚེ་གཞན་གྱིས་གསོད་དགོས་པ་ཤེས་མོད་ཀྱང་། ཡང་དེ་དུས་ནམ་ཞིག་ཡིན་པ་ཤེས་ཐབས་བྲལ། དེ་ལྟར་སྡོད་དགོས་པ་ནི་དངོས་གནས་སྡུག་བསྔལ་ཆེས་ཆེ་བ་རེད།
ཕ་གསོད་ཀྱི་དགྲ་བོ་འདིས་དུས་རྟག་ཏུ་རང་ཉིད་ཐར་རྒྱུའི་སྨོན་ལམ་རྒྱག་གིན་ཡོད་དེ། སྦྱིན་བདག་མའི་སྐད་ཆའི་ཁྲོད་ནས་ཀྱང་ཁོས་རྒྱུན་ཆད་མེད་པར་དགེ་བ་སྒྲུབ་པ་དང་ཆོས་འདོན་པ་སོགས་ལ་བརྟེན་ནས་རང་ཉིད་ཉེས་པ་ལས་ཐར་ཐབས་བྱེད་ཀྱིན་ཡོད་མོད། འོན་ཀྱང་དེ་ནི་དཔེ་སྲིད་པ་ཞིག་མིན་ཏེ། སྲོལ་རྒྱུན་གྱི་སྟོབས་ཤུགས་ཧ་ཅང་ཆེ་སོང་བས་རེད། དེར་ཕྱིར་ཕ་གསོད་ཀྱི་དགྲ་བོ་དང་འཁོན་ལན་སློག་མཁན་ཚང་མ་སྲོལ་རྒྱུན་གྱི་སྟོབས་ཤུགས་ཀྱིས་འཆིང་གཅུན་བྱས་པའི་མི་རེད།
འཁོན་ལན་སློག་མཁན་གནས་དེ་དང་ཁ་བྲལ་མོད། འོན་ཀྱང་སྲོལ་རྒྱུན་གྱི་སྟོབས་ཤུགས་ཆེ་དྲགས་པས་འཁོན་ལན་སློག་མཁན་གྱིས་སེམས་གཏིང་ནས་བསྐྱུར་ཐབས་མེད། རྒྱུ་མཚན། ང་ཚོ་སུས་ཀྱང་ཁོས་འདང་དཔོག་རྗེས་ཕྱིར་ལོག་སྟེ་དགྲ་ཤ་མི་ལེན་པ་ཐག་གཅོད་ག་ལ་ཐུབ། དེ་བས། ཕ་གསོད་ཀྱི་དགྲ་བོ་དེའི་མི་ཚེར་དོན་དངོས་ཐོག་ཐར་པ་ངོ་མ་ཞིག་ཐོབ་དཀའ་བ་རེད།
ལག་དམར་སྦྱིན་པ་དང་ཁ་ལོ་པ་སྦྱིན་པ་གཉིས་བསྡུར་བ།
འཁོན་ལན་སློག་མཁན་སྦྱིན་པ་དང་དང་ཁ་ལོ་པ་སྦྱིན་པ་གཉིས་ལས། གཅིག་ནི་གཞན་གྱི་བུ་ཕྲུག་ཅིག་ཡིན་པ་དང་། གཅིག་ནི་གཞན་གྱི་ཨ་ཕ་ཞིག་ཡིན་པའི་ངོས་ནས་བལྟས་ན། ཁོ་གཉིས་ཀྱིས་ཁམས་པའི་ཇ་ཁང་གི་དྲ་མའི་མདུན་ཕྱོགས་ཀྱི་ཁ་བའི་ཁྲོད་ཀྱི་ཕ་བུའི་རྣམ་པ་མཐོང་བ་ནི་ཨ་ན་མ་ན་རེད། དེས་ཁོ་གཉིས་ཀྱི་སེམས་ལ་གཡོ་འགུལ་ཆེན་པོ་ཐེབས་ཡོད་དེ། འཁོན་ལན་སློག་མཁན་སྦྱིན་པ་མིག་ཆུ་བཞུར་བཞིན་ཁ་བྲལ་སོང་། དེས་བསྐྱུར་བ་མཚོན་པ་དང་། ཁ་ལོ་པ་སྦྱིན་པས་མིག་ཤེལ་ནག་པོ་དེ་མར་བླངས། དེས་ཀྱང་བསྐྱུར་བ་མཚོན་ཡོད།ཁ་ལོ་པས་ལུག་ཅིག་ལ་བརྡུངས་ནས་བསད་པས་ཁོ་ལ་སྲོག་སྐྱོབ་པའི་བརྒྱུད་རིམ་ཞིག་དགོས་ལ། ལག་དམར་གྱིས་ཞེ་འཁོན་གྱི་ཆེད་དུ་དགྲ་ཤ་ལེན་དགོས་པས་ཁོ་ལ་ལོ་མང་པོའི་སེམས་གྱི་མདུད་པ་འགྲོལ་བྱེད་ཀྱི་བརྒྱུད་རིམ་ཞིག་དགོས། འདི་ལྟར་སྦྱིན་པ་ཟེར་བའི་མི་སྣ་འདི་གཉིས་ཀྱི་ཐོག་མའི་ཀུན་སློང་ལ་བལྟོས་བཅས་ཀྱི་ཁ་གཏད་རང་བཞིན་ལྡན་ལ། ཁོ་ཚོ་ཚང་མར“ཨུ་ཚུགས”ཀྱི་རང་བཞིན་ཡང་ལྡན།
«སངས་རྒྱས་ཆོས་ལུགས་ཀྱི་སྤྱི་དོན་འཆར་བའི་མེ་ལོང»ལས“སྦྱིན་པ”ཞེས་པའི་ཐ་སྙད་འདིའི་གོ་དོན་ནི“ལུས་ལོངས་སྤྱོད་དགེ་རྩ་གསུམ་ཅི་རིགས་གཏོང་བའི་སེམས་པ་དང་། དགེ་བ་དེས་ཀུན་ནས་བསླངས་པའི་ཡོངས་སུ་གཏོང་བའི་ལུས་ངག་གི་ལས་གང་རུང་ལ་ཟེར”ཞེས་བཀོད་ཡོད་པ་དང་། “སྦྱིན་པ་གཏོང་བ”ཞེས་པའི་བྱ་སྤྱོད་དེ་ནི་སྙིང་རྗེ་སྒོམ་པའི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན། དེའང་གསལ་པོར་བཤད་ན་མིང་དེ་གཉིས་ཀྱི་མཚོན་དོན་གྱིས་མི་འདི་གཉིས་ཀྱི་ཀུན་སློང་ཐག་གཅོད་བྱས་ཡོད་པ་འདྲ། དེ་ལས་ལྡོག་ནའང་སྔར་བཞིན་དེ་ལྟར་གྲུབ་པ་ཡིན་ཏེ། གལ་ཏེ་ཁྱོད་ལ་སྙིང་རྗེ་ལྡན་ན། ད་གཟོད་སྦྱིན་པ་གཏོང་བའི་བྱ་སྤྱོད་འབྱུང་སྲིད།
ཁ་ལོ་པས་ལུག་ཅིག་ལ་བརྡུངས་ནས་བསད་མ་ཐག་ཉེས་པ་བསགས་པའི་ཚོར་སྣང་བྱུང་བར་བརྟེན་བྱམས་དང་སྙིང་རྗེ་བཅངས་ནས་གྲྭ་པ་རྒན་པ་དེར་སྒོར་ལྔ་བརྒྱ་བྱིན་ནས་ལུག་བསད་པར་བསྔོ་སྨོན་ཞུས་ཤིང་། སྤྲང་པོར་སྒོར་བརྒྱ་ཡི་སྤྱིན་པ་བཏང་བ། ལུག་གི་བེམ་པོ་དུར་ཁྲོད་དུ་བསྐྱལ་ནས་བྱ་གཡེང་བྱས་པ་སོགས་ཀྱི་དགེ་རྩ་བསྒྲུབས་པ་ནི་ཁོ་ལ་མཚོན་ནས་བཤད་ན་སེམས་གཏིང་ནས་རང་ཉིད་བསྐྱབས་པ་ཡིན་ལ། ཉེས་པ་ལས་ཐར་པ་ཞིག་ཀྱང་ཡིན།
འཁོན་ལན་སློག་མཁན་དམ་བཅའ་དང་འགལ་ནས་རང་ཉིད་ཀྱི་དགྲ་བོ་དམར་ཙ་མ་བསད། རྒྱུ་མཚན་ཁོར་བྱམས་དང་སྙིང་རྗེ་ལྡན་པས་ཡིན། རྒད་པོ་ཉམ་ཐག་དེས་ཁོ་རང་ཁོས་འཚོལ་བཞིན་པའི་ཕ་གསོད་ཀྱི་དགྲ་བོ་དེ་ཡིན་པ་ངོས་ལེན་བྱེད་དུས། ཁོའི་སེམས་ཁོང་ཡོངས་རྫོགས་སྙིང་ནད་ཀྱིས་གཟིར་ཅིང་དམ་དུ་བཅིངས་པའི་ལག་མཐིལ་ནས་རལ་གྲིའི་ཡུ་བའི་རི་མོའང་མྱོང་ཚོར་བྱེད་ནུས་པའི་ཚོད་དུ་གྱུར་ཡོད་ཀྱང་། རྒད་པོ་ལོ་ན་རྒས་ཤིང་ནད་ཀྱིས་གཟིར་བའི་བཟོ་ལྟ་དང་། ཕ་མེད་ཀྱི་ཚ་བོ་དག་གི་ཉམ་ཐག་པའི་དོན་དངོས་དེས་ཁོའི་ཡོད་ཚད་ལ་ཚོད་འཛིན་ཐེབས་ཏེ། མིག་ཆུ་ཁོང་དུ་མིད་ནས་ཁེར་རྐྱང་ངང་གནས་དེ་དང་ཁ་བྲལ་བ་ནི་ཁོས་རང་གི་སྙིང་ནད་བསྐྱུར་བ་མཚོན་ལ། ཁོའི་ཕ་གསོད་ཀྱི་དགྲ་བོར་མཚོན་ནས་བཤད་ན། དེ་ནི་ཐར་བ་ཞིག་ཡིན། བླུ་བ། བསྐྱུར་བ། ཐར་པ་བཅས་ནི«ལག་དམར»གྱི་གནད་ཚིག་གཙོ་བོ་ཡིན་ལ། ཡང་འདི་དག་ཚང་མ“སྙིང་རྗེ”ཡི་རྨང་གཞིའི་སྟེང་གྲུབ་ཡོད། འོན་ཀྱང་གློག་བརྙན་ཁྲོད་ཀྱི“བསྐྱུར་བ”དང“ཐར་པ”ནི་ཡོངས་སུ་མཐིལ་ཕྱིན་པ་ཞིག་མིན། རྒྱུ་མཚན་འཁོན་ལན་སློག་མཁན་གྱིས་རང་གི་འགན་འཁུར་འགྲུབ་མེད་ལ། དགྲ་བོ་ཡང་ཡོངས་སུ་ཐར་པ་ཞིག་མིན། ཁོ་ཚོར་མཁོ་བ་ནི“རོགས་རམ”ཞིག་རེད། སྐབས་འདིར་ཏག་ཏག་ཁ་ལོ་པ་ཐོན་བྱུང་། དེ་ལྟར་རྨི་ལམ་དུ་མི་གསོད་པའི་རྣམ་པ་འདི་ཡོད་པ་ཡིན། འདིའི་དམིགས་ཡུལ་ནི་ཕུགས་བསམ་ཅན་དུ་འགྱུར་བའི་བྱ་སྤྱོད་འདི་དག་ལ་འདེགས་སྐྱོར་ཞིག་དགོས་པས་ཡིན། འདི་ལྟར་བྱས་ན་ད་གཟོད་འཁོན་ལན་སློག་མཁན་གྱིས་སེམས་གཏིང་ནས་ལོ་གང་མང་རིང་གི་ཤ་འཁོན་བསྐྱུར་ཐུབ་པ་དང་། ཕ་གསོད་ཀྱི་དགྲ་བོར་ཡང་ཐར་པ་ངོ་མ་ཞིག་ཐོབ་ཐུབ་པ་ཡིན།

བྱ་རྒོད་དང་གནམ་གྲུའི་མཚོན་དོན།
གློག་བརྙན་གྱི་ཆེས་མཇུག་མཐར། བེམ་རོ་ཟ་བའི་བྱ་རྒོད་དང་མཁའ་དབྱིངས་ཀྱི་གནམ་གྲུའི་མཇུག་མ་གཉིས་འབྲེལ་ཡོད། འདིའི་མཚོན་དོན་ནི་སྲོལ་རྒྱུན་དང་དོན་དངོས་ཀྱི་འདྲེས་མཚམས་རེད།གློག་བརྙན་འདིའི་ནང་དུ“སྲོལ་རྒྱུན་གྱི་སྟོབས་ཤུགས”གཙོ་བོ་རིགས་གཉིས་ཡོད་དེ། གཅིག་ནི་བེམ་པོ་དུར་ཁྲོད་དུ་བསྐྱལ་ནས་བྱ་གཡེང་བྱེད་རྒྱུ་དང་། གཉིས་ནི་ཁམས་པའི་ཁྲག་ལེན་ཁྲག་གིས་འཇལ་རྒྱུ་དེ་རེད།
བེམ་པོ་བྱ་གཡེང་བྱེད་པ་ནི་བོད་ཀྱི་སྲོལ་རྒྱུན་གྱི་འདས་མཆོད་བྱེད་སྟངས་ཤིག་རེད། མི་ཤི་རྗེས་བེམ་པོ་གཏན་འཁེལ་བྱས་པའི་ས་ཆར་ཁྱེར་ནས་བྱ་རྒོད་ལ་ཟ་རུ་འཇུག་པ་ཡིན། བོད་བརྒྱུད་ནང་བསྟན་གྱི་ངོས་འཛིན་ལྟར་ན། ཤི་བ་ནི་རྩ་མེད་དུ་བཏང་མེད་པའི་རྣམ་ཤེས་དང་ལུས་ཕུང་རྙིང་པ་གཉིས་ཁ་བྲལ་བ་ཙམ་ཡིན་ལ། དུར་དུ་འཇུག་པ་ནི“སྐྱི་ལྤགས”བྱ་རྒོད་ལ་སྟེར་བ་ལྟ་བུ་ཡིན་པས། འདི་ནི་གུས་པར་འོས་པའི་སྦྱིན་པ་ཞིག་ཡིན།
འདིས་བེམ་པོ་བྱ་རྒོད་ལ་འཕེན་པ་དང་སྦྱིན་སྲེག་བྱེད་པ་གཉིས་ལ་ཁྱད་པར་དེ་འདྲ་ཆེན་པོ་མེད་པ་མཐོང་ཐུབ་པ་དང་། འདི་ཡང་སྲོལ་རྒྱུན་གྱི་སྤྱི་ཚོགས་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པ་རྟོགས། ཡིན་ནའང་ཁྲག་ལན་ཁྲག་གིས་འཇལ་བའི་སྲོལ་རྒྱུན་ནི་གོང་དང་མི་འདྲ་སྟེ། གློག་བརྙན་ཁྲོད་བཤད་པའི་སྐད་ཆ“དུས་རབས་འདི་འདྲ་ཞིག་ལ་ཐོན་ཡང་ཁོས་སེམས་ལ་ད་དུང་མི་གསོད་རྒྱུ་དྲན་འདུག དོན་དག་བྱུང་ཚེ་ཉེན་བརྡ་ཐོངས། འདི་ལྟར་མི་རབས་ནས་མི་རབས་བར་འཁོན་ལན་བསློགས་ན་ནམ་ཞིག་མཇུག་རྫོགས་ངེས།”ཞེས་པ་ལྟར། འདི་ནི་མི་རབས་རྗེས་མ་དག་ལ་མི་ལེགས་པའི་སྲོལ་རྒྱུན་ཞིག་རེད། དེའི་ཕྱིར། བྱ་རྒོད་ཀྱི་རྗེས་སུ་གནམ་གྲུ་འཕུར་གྱིན་ཡོད། གཉིས་ཀ་ནམ་མཁར་འཕུར་གྱིན་ཡོད་པ་འདྲ་མོད། འོན་ཀྱང་མཚོན་རྟགས་མི་འདྲ། བྱ་རྒོད་ཀྱིས་སྲོལ་རྒྱུན་མཚོན་པ་དང་། གནམ་གྲུས་སྔོན་ཐོན་མཚོན་ཡོད། དེ་གཉིས་བརྗེ་རེས་བྱས་པར་ཡང་མཚོན་དོན་གསུམ་ཡོད་དེ། རྒྱུན་མཐུད་ཀྱི་རང་བཞིན་དང་། ཐོབ་ཤོར་ཚང་མ་བརྟན་སྲུང་ཡིན་པ། འདུ་ཤེས་ཀྱི་བརྗེ་རེས་བཅས་མཚོན་ཡོད།
ལྷག་པར་དོ་སྣང་བྱེད་འོས་པ་ཞིག་ནི། གནས་ཚུལ་འདི་ནི་ཁ་ལོ་པ་སྦྱིན་པའི་རྨི་ལམ་ནང་བྱུང་བ་ཞིག་རེད། འདིས་མཚོན་པ་ནི་སྲོལ་རྒྱུན་ལ་ལ་ཞིག་ནི་རིག་གནས་ཀྱི་མཚོན་བྱེད་ཡིན་ཏེ། རྒྱུན་འཛིན་བྱ་དགོས་ལ། སྲོལ་རྒྱུན་ལ་ལ་ཞིག་ནི་རྗེས་ལུས་ཀྱི་མཚོན་བྱེད་ཡིན་པས། མཇུག་བསྒྲིལ་དགོས་པ་མཚོན་ཡོད། ཡང་རྗེས་ལུས་ཅན་གྱི་སྲོལ་རྒྱུན་འདི་མཇུག་སྒྲིལ་བྱེད་ནི་སྙིང་རྗེ་ཡིན།
«ལག་དམར»ཞེས་པའི་གློག་བརྙན་འདིའི་གཏམ་རྒྱུད་ཧྲིལ་པོ་སྙིང་རྗེའི་ཐོག་བསྐྲུན་ཡོད་པ་ཞིག་རེད། སྙིང་རྗེ་ཆེན་པོ་དང་བརྩེ་བ་ཆེན་པོ་འདི་འདྲ་ཞིག་ཡོད་ཚེ། ད་གཟོད་མི་རབས་ནས་མི་རབས་བར་རྒྱུན་མཐུད་བྱས་པའི་ལོ་ངོ་སྟོང་ཕྲག་ལྷག་གི་སྲོལ་རྒྱུན་འདི་མཇུག་བསྒྲིལ་སྲིད་པས། གཞི་ནས་རེ་བ་ཡོད་པ་དང་དུས་རབས་གསར་པར་སླེབས་སྲིད།
གློག་བརྙན་གྱི་བརྗོད་བྱའི་སྙིང་པོ།
འཁོར་བ།འཇིག་རྟེན་གྱི་སྐྱེ་འགྲོ་མཐའ་དག་འཁོར་བའི་སྡུག་བསྔལ་ཚད་མེད་མྱངས་པའི་སེམས་ཅན་དག་ལས་མ་འདས་ཏེ། གློག་བརྙན་ཁྲོད་ཀྱི་ཁམས་པའི་ཇ་ཁང་ནང་གི་རོལ་རྩེད་རྩེ་བར་མགོ་འཁོར་བའི་སྐྱེས་པ་དག(འདོད་ཆགས)དང་། ཚོང་ཁང་གི་སྦྱིན་བདག་གིས་ལོ་ཉི་ཤུའི་སྔོན་ལ་བསགས་པའི་ཉེས་པ(ཞེ་སྡང)འཁོན་ལན་སློག་མཁན་སྦྱིན་པས་དགྲ་ཤ་ལེན་པའི་བསམ་པ་བཟུང་ནས་ལོ་བཅུ་ལྷག་འགོར་བ(གཏི་མུག)སོགས་ཀྱིས་མཚོན་པའོ། །
སྙིང་རྗེ།
ཁ་ལོ་པའི་རྒྱུད་ན་བྱམས་དང་སྙིང་རྗེ་ལྡན་པས། ལུག་ཅིག་ལ་བརྡུངས་ནས་བསད་མ་ཐག་གནོང་འགྱོད་སྐྱེས་པ་དང་། ཉེས་པ་བསགས་པའི་ཚོར་སྣང་སྐྱེས། ད་དུང་ལུག་གི་བེམ་པོ་དུར་ཁྲོད་དུ་བསྐྱལ་ནས་བྱ་གཡེང་བྱས་པ་སོགས་ཀྱི་དགེ་རྩ་བསྒྲུབས། ཡང་ཁོ་ལ་སྙིང་རྗེ་ཡོད་པས་མཇུག་མཐར་འཁོན་ལན་སློག་མཁན་ལ་རོགས་བྱེད་རྒྱུ་ཐག་བཅད་པ་དང་། དེ་ལྟར་མཇུག་གི་གཏམ་རྒྱུད་འདི་ཡང་ཡོད་པ་ཡིན། རྨི་ལམ་ཁྲོད་དུ་འཁོན་ལན་སློག་མཁན་ལ་རོགས་བྱས་ནས་ཁོའི་ཕ་གསོད་ཀྱི་དགྲ་ཟླ་བསད། དེས་འཁོན་ལན་སློག་མཁན་ལ་སེམས་གཏིང་ནས་ཤ་འཁོན་བསྐྱུར་དུ་བཅུག་ལ། ཕ་གསོད་ཀྱི་དགྲ་ཟླ་ཡང་དངོས་གནས་ཉེས་པ་ལས་ཐར་དུ་བཅུག
འཁོན་ལན་སློག་མཁན་གྱིས་མི་གསོད་རྒྱུ་དང་ལེན་མ་བྱས། རྒྱུ་མཚན་ནི་ཁོའི་རྒྱུད་ན་བྱམས་དང་སྙིང་རྗེ་ལྡན་པས་ཡིན། ཁ་ལོ་པས་རྨི་ལམ་ཁྲོད་དུ་མི་གསད། དེ་ཡང་སྔར་བཞིན་བྱམས་དང་སྙིང་རྗེ་ལ་རག་ལས་པ་ཡིན་མོད། འོན་ཀྱང་དད་མོས་དང་ཁམས་པའི་སྲོལ་རྒྱུན་བར་འགལ་བ་ཆེན་པོ་བྱུང་ཡོད་ཏེ། ཁམས་པའི་བོད་མིས་ཁྱོད་ལ་དགྲ་ཤ་ཡོད་ཀྱང་དགྲ་ཤ་མི་ལེན་མཁན་ནི་མི་ནུས་མེད་ཐ་ཤལ་བ་ཞིག་ཡིན་པར་འདོད། འདི་ལྟར་སྲོལ་རྒྱུན་དེས་འཁོན་ལན་སློག་མཁན་ལ་དགྲ་ཤ་ལེན་པར་ཐེ་ཚོམ་སྐྱེས་སུ་བཅུག སྐབས་འདིར་ཁོར་མཁོ་བ་ནི་མི་ཞིག་གི“རོགས་རམ”རེད། ཏག་ཏག་ཁ་ལོ་པ་ཐོན་བྱུང་། སྤུན་ཟླ། ངས་ཁྱོད་ལ་རོགས་བྱེད། འོན་ཀྱང་ངའི་ཀུན་སློང་འདི་ཡང་བྱམས་དང་སྙིང་རྗེའི་རྨང་གཞིའི་ཐོག་བྱུང་བ་ཤ་སྟག་ཡིན། དེ་བས་ངས་རྨི་ལམ་ཁྲོད་དུ་མི་བསད་པ་ཡིན། རྒྱུ་མཚན་རང་རིགས་ཀྱི་གཏམ་དཔེར། “གལ་ཏེ་ངས་ཁྱོད་ལ་ངའི་རྨི་ལམ་བཤད་པ་ཡིན་ན། ཁྱོད་ཀྱིས་དེ་བརྗེད་སྲིད་ལ། གལ་ཏེ་ཁྱོད་རང་ངའི་རྨི་ལམ་དུ་འཛུལ་བ་ཡིན་ན། རྨི་ལམ་དེ་ཉིད་ཁྱོད་ཀྱི་རྨི་ལམ་དུའང་འགྱུར་སྲིད།” ཅེས་པ་ནང་བཞིན། ངས་རྨི་ལམ་ཁྲོད་དུ་ཁྱོད་ཀྱི་དགྲ་བོ་བསད། དེས་ཁྱོད་ཀྱི་དགྲ་བོར་ཐར་པ་ངོ་མ་ཞིག་ཐོབ་པ་དང་། ཁྱོད་ལ་སེམས་གཏིང་ནས་ལོ་གང་མང་རིང་གི་ཤ་འཁོན་བསྐྱུར་དུ་བཅུག་པ་རེད།
སྦྱིན་པ་ཟེར་བའི་མི་སྣ་གཉིས་ཀྱི་མིང་གི་གོ་དོན་དང་འདྲ་བར། འཁོན་ལན་སློག་མཁན་གྱིས་དགྲ་བོ་ལ་སྲོག་གཅིག་གི་སྦྱིན་པ་བཏང་བ་དང་། ཁ་ལོ་པས་འཁོན་ལན་སློག་མཁན་ལ་ཐེངས་གཅིག་གི་འགྱོད་བཤགས་དང་ཡང་ན་སྲོག་བླུ་བའི་སྦྱིན་པ་བཏང་། འདི་དག་ཚང་མ་སྙིང་རྗེའི་སྟེང་བྱུང་བ་ཤ་སྟག་རེད།
འགྱོད་བཤགས།
འཇིག་རྟེན་སྟེང་མ་གཞི་ནས་མི་ངན་ངོ་མ་ཞིག་མེད་པར། ཡོད་ཚད་འགྱུར་སྲིད་དེ། དཔེར་ན་གློག་བརྙན་ཁྲོད་ཁ་ལོ་པ་སྦྱིན་པས་ལུག་བསད་དེ་ཉེས་པ་བསགས་མོད། འོན་ཀྱང་རྗེས་ནས་ལུག་གི་བེམ་པོ་དུར་ཁྲོད་དུ་བསྐྱལ་ནས་བྱ་གཡེང་བྱས་པ་སོགས་ཀྱི་དགེ་རྩ་བསྒྲུབས་པ་ནི་བྱས་རྗེས་ཤིག་ཡིན་ལ། ཚོང་ཁང་གི་སྦྱིན་བདག་གིས་ལོ་ཉི་ཤུའི་སྔོན་ལ་མི་བསད་རུང་། རྗེས་ནས་དགེ་བ་སྒྲུབ་དང་ཆོས་འདོན་པ་སོགས་བྱེད་པ་ནི་ཁ་གསབ་བྱས་པ་ཡིན།

ངའི་ཁྲོད་ན་ཁྱོད་ཡོད་ལ། ཁྱོད་ཀྱི་ཁྲོད་ན་ང་ཡོད་པ།
གློག་བརྙན་ཁྲོད་དུ་ཧ་ཅང་མངོན་གསལ་དོད་པའི་བརྙན་མིག་ཅིག་ཡོད་པ་ནི་ལྗིད་ཐེག་རླངས་འཁོར་ནང་གི་རླུང་འགོག་ཤེལ་སྒོ་སྔོན་མའི་ནང་ཤར་བའི་མི་གཉིས་ཀྱི་གདོང་རེད། 4:3བསྡུར་ཚད་འོག་རང་རང་གི་ངོ་གདོང་ཕྱེད་ཀ་མ་གཏོགས་ཤར་མེད། དེར་དམིགས་ཡུལ་ཡོད་ཏེ། མི་གཅིག་གི་ངོ་གདོང་ཕྱེད་ཀ་དང་མི་གཞན་ཞིག་གི་ངོ་གདོང་ཕྱེད་ཀ་གཉིས་སྡེབ་སྒྲིག་བྱས་ན་མི་གཞན་ཞིག་གི་ངོ་གདོང་ཧྲིལ་པོ་གྲུབ་ཐུབ་པ་བཞིན། ང་ཚོ་མི་སུ་ཞིག་ཡིན་རུང་ཁ་ལོ་པ་སྦྱིན་པ་དང་འདྲ་བར་གཞན་ལ་རོགས་བྱེད་འདོད་ཀྱི་སྙིང་རྗེའི་སེམས་ཡོད་ལ། ཡང་འཁོན་ལན་སློག་མཁན་སྦྱིན་པ་དང་འདྲ་བར་གཞན་གྱི་སྲོག་གཅོད་པའི་གདུག་རྩུབ་ཀྱི་སྤྱོད་པའང་ཡོད་ངེས། མདོར་ན་ང་ཚོས་ད་ལྟ་བརྒྱུད་བཞིན་པའི་དོན་དེ་མི་གཞན་གྱིས་སྔ་མོ་ནས་བརྒྱུད་ཟིན་པ་དང་ཡང་ན་མ་འོངས་པར་བརྒྱུད་དགོས་ལ། ང་ཚོས་ཕ་རོལ་བ་བརྒྱུད་ནས་འདས་ཟིན་པའི་རང་ཉིད་མཐོང་ཐུབ་པ་དང་འདྲའོ། །དེ་ཡང་གློག་བརྙན་ཁྲོད་ཀྱི་གཏན་འབེབས་ཀྱི་རང་བཞིན་གཉིས་ལས་དོན་དེ་གསལ་བཤད་བྱས་ན།
ཆང་ཁང་ཆུང་ཆུང་དེའི་ནང་གི་ཁ་ལོ་པའི་མཐའ་འཁོར་གྱི་ཁོར་ཡུག་སྟེ། རྒྱབ་ཀྱི་ཤོ་རྡེའུ་རྩེད་མཁན་དང་། མདུན་གྱི་སྐོར་བ་རྒྱག་མཁན། ད་དུང་གམ་གྱི་ཤ་ཟ་མཁན་གྱི་ཁྱུ་བཅས་རེད། དེའི་རྗེས་སྦྱིན་བདག་མས་བཤད་པའི་སྐད་ཆའི་ཁྲོད། ལག་དམར་ཆང་ཁང་ཆུང་ཆུང་འདིར་ཡོད་པའི་རྣམ་པ་ནི་ཁ་ལོ་པ་དང་ཨ་ན་མ་ན་རེད། གློག་བརྙན་གྱིས་འདི་ལྟར་གཏན་འཁེལ་བྱས་པ་དེས། དོན་འདི་དག་དུས་དང་བར་སྟོང་གཅིག་ནས་བྱུང་བའི་ཚོར་སྣང་ཞིག་བསྐྲུན་པ་རེད།
ཁ་ལོ་པས་གང་སར་གཅིན་སྐྱག་བཏང་བ་སྟེ། མགོ་ཚུགས་ས་ནས་གཅིག་དང་མཇུག་སྒྲིལ་ས་ནས་གཅིག འདི“རྟགས”ཤིག་ཏུ་བརྩིས་ན། ཁྱོད་ཀྱིས་མཇུག་བསྡུ་ས་ནི་མགོ་རྩོམ་ས་དེ་ཡིན་པ་ཤེས་སྲིད། ཁ་ལོ་པས་ཐོག་མར་འདི་རུ་ལུག་གཅིག་བསད་པ་དང་། ཡང་རྗེས་ནས་འདི་རུ་རྨི་ལམ་ཁྲོད་མི་ཞིག་བསད། སྔ་གཞུག་འདི་ལྟར་རམ་འདེགས་བྱས་ཡོད། དོན་ངོ་མར་ཁ་ལོ་པ་སྦྱིན་པས་ཐོག་མར་ལུག་ཅིག་བསད་པ་དང་རྗེས་ནས་རྨི་ལམ་ཁྲོད་མི་ཞིག་བསད་པ་ཡིན་མོད། འོན་ཀྱང་གློག་བརྙན་གྱིས་ཁ་ལོ་པས་རྨི་ལམ་ཁྲོད་མི་གསོད་དུས་མི་དེ་གསོད་མཁན་ནི་ཁ་ལོ་པ་མིན་པར་ལག་དམར་གྱིས་ཁ་ལོ་པའི་ལུས་ཕུང་གཡར་ཏེ་རང་གི་དགྲ་བོ་གསོད་རྒྱུའི་ལས་འགན་འགྲུབ་པ་ལྟར་བྱས་འདུག
མིང་ལ་སྦྱིན་པ་ཟེར་བའི་མི་སྣ་གཉིས་ལ་དོན་དག་མི་འདྲ་བ་ཁ་ཁ་བྱུང་། ཁོ་ཚོས་ཕན་ཚུན་བརྒྱུད་ནས་འདས་ཟིན་པའི་རང་ཉིད་མཐོང་བ་དང་འདྲ་ལ། ཁོ་ཚོ་རང་རང་གིས་བརྒྱུད་མྱོང་བའི་དོན་དག་མཐོང་བ་དང་འདྲ། དེར་བརྟེན་མེ་ལོང་ངོས་གཉིས་དང་འདྲ་ལ། འདི་ཡང“གལ་ཏེ་ཁྱོད་རང་ངའི་རྨི་ལམ་དུ་འཛུལ་བ་ཡིན་ན། རྨི་ལམ་དེ་ཉིད་ཁྱོད་ཀྱི་རྨི་ལམ་དུའང་འགྱུར་སྲིད།”ཅེས་པའི་འགྲེལ་བཤད་ཡག་ཤོས་དེ་རེད་དོ། །
འབྲེལ་ཡོད་འོས་སྦྱོར།