མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་བརྗོད་གཞིར་བཟུང་བའི་དངོས་བཤུས་གློག་བརྙན་ཐོག་མ«ལྷ་བྱ་ཁྲུང་ཁྲུང་གི་འཚར་ལོངས་ཉིན་ཐོ»ཞེས་པར་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ཕུལ་བྱུང་འོས་སྦྱོར་གྱི་མཚན་སྙན་ཐོབ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2022-09-07
ཀློག་གྲངས།:

ཟླ9ཚེས1ཉིན། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་གཞུང་སྒྲུབ་ཐིང་གིས2022ལོའི་རང་རྒྱལ་གྱིས་ཕབ་སྐྲུན་བྱས་པའི་དངོས་བཤུས་གློག་བརྙན་ཕུལ་བྱུང་ཅན་འོས་སྦྱོར་བྱ་བ་མཇུག་རྫོགས་ཤིང་། མཚོ་སྔོན་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་འོས་སྦྱོར་བྱས་པའི་སྐྱེ་ཁམས་བརྗོད་གཞིར་བཟུང་བའི་དངོས་བཤུས་གློག་བརྙན«ལྷ་བྱ་ཁྲུང་ཁྲུང་གི་འཚར་ལོངས་ཉིན་ཐོ»ཞེས་པ་རྒྱལ་ཡོངས་ཀྱི་འོས་འདེམ་བརྩམས་ཆོས148ལས་གཟེངས་སུ་མངོན་ཏེ། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་དུས་ཚིགས་གཉིས་པའི་རྒྱལ་ནང་གི་དངོས་བཤུས་གློག་བརྙན་ཕུལ་བྱུང་འོས་སྦྱོར་གྱི་མཚན་སྙན་ཐོབ།

མདོ་ལ་རི་པོ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་བརྗོད་གཞིར་བཟུང་བའི་དངོས་བཤུས་གློག་བརྙན«ལྷ་བྱ་ཁྲུང་ཁྲུང་གི་འཚར་ལོངས་ཉིན་ཐོ»ཞེས་པ་ནི་ད་སྔར་རང་ཞིང་གི་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་བརླན་སར་འཚོ་བའི་རི་སྐྱེས་ཁྲུང་ཁྲུང་གི་འཚོ་གནས་བརྒྱུད་རིམ་ཟིན་ཐོར་བཀོད་པ་ཆ་ཚང་བའི་དངོས་བཤུས་གློག་བརྙན་རིང་གྲས་ཀྱི་ཐོག་མ་ཡིན་ཞིང་། རིང་ཚད་ཆུ་ཚོད་སྐར་མ50ཡོད། གློག་བརྙན་དེས་གཙོ་བོ་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་བརླན་སར་གནས་པའི་ཁྲུང་ཁྲུང་ཁྱིམ་མི་གང་པོ་བརྗོད་གཞིར་བཟུང་སྟེ། ཁྲུང་ཁྲུང་ཁྱོ་ཤུག་ཟུང་དང་ཕྲུ་གུ་ཞའོ་ཞུའེ་དང་ཞའོ་ཡུས་གཉིས་ཀྱི་འཚར་ལོངས་བརྒྱུད་རིམ་ཇི་མ་ཇི་བཞིན་དུ་བཀོད་ཡོད་ཅིང་། ཁྱོ་ཤུག་ཟུང་“བརླན་སར་ལོག་པ”ནས“རྒྱུད་སྤེལ་བ”“ཕྲུ་གུ་གསོ་སྐྱོང”“ཕ་མའི་སྦྱོང་བརྡར་ཁྲོད་ནས་འདབ་ལག་རྒྱས་པ”“ཕྱིར་དགུན་གཡོལ་དུ་བསྐྱོད་པ”ཅེས་དོན་ཚན་དུ་མས་ལམ་ནས་ཁྲུང་ཁྲུང་གི་འཚོ་གནས་དང་། རང་གཤིས། ཕྲུ་གུ་འཚར་ལོངས་ཀྱི་བརྒྱུད་རིམ། འཚོ་སྡོད་ཁོར་ཡུག་གི་བརླན་སའི་སྐྱེ་ཁམས་སོགས་མི་རྣམས་ལ་མངོན་སུམ་དུ་བསྟན་ཡོད་པར་མ་ཟད། ཟུར་མི་འདྲ་བ་ནས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་སྤྱིའི་སྐྱེ་ཁམས་ཁོར་ཡུག་གི་མཛེས་པ་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཛེས་པ་མངོན་ཡོད། གཟིགས་མོ་པ་རྣམས་ཀྱིས་བརྙན་ལ་བལྟས་བ་ཙམ་གྱིས་ཁྲུང་ཁྲུང་གི་འཚོ་བར་བརྩེ་འདང་གིས་ཁེངས་ལ་དཀའ་སྡུག་འདྲ་མིན་མྱོང་དགོས་པའི་བརྒྱུད་རིམ་ཉམས་སུ་མྱོང་ཐུབ་པས་རང་བྱུང་སྣོད་བཅུད་ཀྱི་ཤེས་བྱ་བརྒྱུད་སྒྲོག་དང་། སྤྱི་ཚོགས་ཡོངས་ཀྱིས་སྐྱེ་ཁམས་ལ་དོ་སྣང་དགོས་པ་དང་སྲུང་སྐྱོབ་དགོས་པའི་འདུ་ཤེས་ཆེར་བསྐྱེད་དང་། ནང་སྒོས་སུ་ལོ་ཆུང་བྱིས་པ་རྣམས་རང་བྱུང་ལ་དགའ་ཞིང་། ཁོར་ཡུག་སྲུང་སྐྱོབ་ལ་དགའ་བ། རི་སྐྱེས་སྲོག་ཆགས་ལ་དགའ་བ་དང་དེ་ལ་དོ་ཁུར་གྱི་སེམས་ཤུགས་བསླངས་ཐུབ་པས། རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ནོར་མཛོད་ཉར་ཚགས་ལ་ལོ་རྒྱུས་ཀྱི་དོན་སྙིང་དང་ཚན་རིག་གི་རིན་ཐང་ལྡན་པའི་བརྙན་གྱི་ཡིག་ཚགས་རྩ་ཆེན་ཞིག་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།