logo

གློག་བརྙན«གཅིག་དང་བཞི»ཡི་ཕྲན་དཔྱད།

རྩོམ་པ་པོ།:ཟླ་ཚང་དཔལ་མཁར་རྒྱལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2022-09-13 ཀློག་གྲངས།:
སྒྲ་བརྙན་འོད་གཟུགས་ཀྱི་སྒྱུ་མའི་གློག་བརྙན་ཞིག
                                  —གློག་བརྙན«གཅིག་དང་བཞི»ཡི་ཕྲན་དཔྱད།
ཟླ་ཚང་དཔལ་མཁར་རྒྱལ།

        སྤྱི་བབ་ནས་གློག་བརྙན་གྱི་གཏམ་རྒྱུད་གཞུང་རྐང་ལ་དེ་འདྲའི་ཤོང་ཚད་ཆེས་ཆེར་མི་ལྡན་ཡང་གློག་བརྙན་བཞེངས་སྐྲུན་གྱི་ཡུལ་དངོས་དང་མི་སྣའི་འཁྲབ་སྟོན་གྱི་ཉམས་སྣང་། བརྙན་ཐབས་གསར་མའི་ཕབ་ལུགས། བརྙན་མིག་བསྐོར་བའི་གཏམ་རྒྱུད་བཞེངས་ལུགས། མངོན་ལྐོག་གི་ཟློས་གར་འཁྲབ་བྱེད་ཀྱི་མེ་མདའ་དང་མེ་མདའ་འཐབ་པའི་སྐད་སྒྲ་བཅས་ཀྱིས་གློག་བརྙན་གྱི་ཁྱད་གཞིའི་མཛེས་དཔྱོད་ལ་བརྒྱུས་ནས་མཐོང་ཐོས་ཀྱི་སྐྱེ་མཆེད་དབང་པོར་སྔར་མེད་ཀྱི་ཚོར་ཤེས་རྣོ་ངར་ཅན་དང་རྗེས་དཔག་གི་རིགས་ལམ་ཟབ་ས་ཞིག་ལ་དྲངས་འགྲོ་བ་གོར་མ་ཆག དེ་ནི་ད་ལྟའི་བོད་བརྙན་ལོ་རྒྱུས་ཀྱི་རང་ངོས་ནས་བལྟས་ན། གློག་བརྙན་གྱི་རང་ལུགས་གསར་པའི་སྒོ་ནས་མདོ་ལའི་ཡུལ་གྱི“འཁྱགས་ལུང”གི་ནགས་གསེབ་ལས་མཆེད་པའི་ཁྲ་རིང་མེ་མདའི་བོའུ་སྐད་ཆེས་མཐོ་ཤོས་ཀྱི་སྒྲ་ཡིན་ལ། རི་དྭགས་ལྐོག་གསོད་པར་རྒོལ་བའི་ནགས་སྲུང་པའི་སེམས་ཁམས་འཚོལ་ཞིབ་ཀྱི་བརྙན་མིག་སྐྱོམ་འགུལ་ཅན་ཆེས་མང་ཤོས་ཀྱང་དེ་ཡིན། གང་ཞིག་གི་ཆེད་དུ་གཏམ་རྒྱུད་བྱུང་རིམ་ལ་མི་སྣའི་བར་གྱི་རྙོག་འཛིང་དང་འགལ་འབྲེལ་གྱི་ཆགས་སྡང་རབ་དང་རིམ་པ་བསླངས་པ་ཡིན་པས། ནགས་སྲུང་པ་དང་ཉེན་རྟོག་པ། རི་དྭགས་ལྐོག་གསོད་པ། ཡང་ན་ཤེའུ་ནི་གཏམ་རྒྱུད་ཀྱི་གཞི་འཛིན་སའི་སྐུད་སྣེར་འཇུས་ནས་གཏམ་རྒྱུད་གསར་བཞེངས་ལ་དམིགས་པའི་མངོན་ལྐོག་གི་འཐབ་རྩོད་བྱེད་སའི་གཟུར་མེད་ཀྱི་འཁོར་ལམ་ཡིན། གློག་བརྙན་ལས་མེ་མདའ་འཁུར་བའི་མི་སྣ་དང་ནགས་སྲུང་པ། ཡང་ན་མེ་མདའི་མདེའུ་ཕོག་པའི་སྒྱུ་གཟུགས་སུ་སྣང་བའི་མི་སྣ་གསུམ་དང་ནགས་སྲུང་པ། ད་རུང་ཤེའུ་ནི་གློག་བརྙན་གྱི་བརྙན་བྱང་ལ་འབྲེལ་བའི་མཚོན་ཐབས་ཀྱི་གྲངས་ཀ་གཅིག་དང་བཞི་ཡིན་ངེས་ལ། དོན་དམ་པར་གཅིག་དང་བཞི་ནི་གྲངས་ཀ་གང་རུང་དུ་སྣང་ཡང་དེ་ནི་གློག་བརྙན་གྱི་གཏམ་རྒྱུད་ལ་གཞིགས་པའི་མི་སྣའི་ཕྱི་ནང་མངོན་ལྐོག་གི་ཁུངས་སྣེ་འཚོལ་ཞིབ་ཀྱི་བར་སྟོང་དང་དུས་ཚོད་ཡིན་ཆོག འཁྲབ་ཁྲིད་པའི་ངོས་ཀྱི་དངོས་ཡོད་དང་ཕྱིར་དྲན། སྒྱུ་འཕྲུལ་གྱི་ལམ་ནས་མི་སྣའི་གཤིས་ཀ་དང་སེམས་ཁམས་ཞིབ་བརྗོད་བྱེད་སྟངས་ཀྱི་རིགས་འདེད་བརྙན་ཐབས་ལ་མཁོ་བའི་ཨང་གྲངས་ནི་དེ་བས་ཀྱང་ཡིན་སྲིད།
        གློག་བརྙན་གཞུང་ལུགས་ལས“སྒྲ་དང་འོད་ནི་གློག་བརྙན་སྒྱུ་རྩལ་གྱི་ཡང་སྤྲུལ་གཉིས་པ་ཡིན”ཞེས་གདམས་པ་ནང་བཞིན། གློག་བརྙན«གཅིག་དང་བཞི»ཡི་མི་སྣའི་ངོ་གདོང་གི་འགྱུར་སྣང་དང་ནང་སེམས་ཀྱི་ཆགས་སྡང་། མངོན་ལྐོག་གི་སྦྱོར་ལམ་ནི་སྒྲ་སྦྱོར་གྱི་འགྲོས་ཚད་མགྱོགས་ལ། དྲག་ཤུགས་ཀྱི་སྡེབ་ཆ། བརྙན་མིག་གི་སྐྱོམ་འགུལ། གྱེན་ཟུར་གྱི་དམིགས་བརྙན། རབ་རིབ་ཀྱི་འོད་མདངས་ཀྱིས་གློག་བརྙན་སྤྱིའི་བརྗོད་དོན་གྱི་གཏམ་རྒྱུད་འཕེལ་རིམ་ལ་བརྙན་རིས་གསོན་བཞེངས་དང་གློག་བརྙན་གྱི་རྣམ་པ་ལ་རང་ལུགས་གསར་པའི་གོ་དོན་གཞན་ཞིག་རང་བཞིན་གྱིས་གྲུབ་འདུག དེ་ནི་འཁྲབ་ཁྲིད་པ་རང་གི་གསར་རྩོམ་གྱི་སྒེར་གཤིས་དང་ཚོང་ལས་གློག་བརྙན་ལ་དམིགས་པའི་རྒྱང་འབོད་ཀྱི་བརྡ་ལན་ཡིན། གཙོ་བོ་གློག་བརྙན«གཅིག་དང་བཞི»ཡི་སྒྲ་བརྙན་སྦྱོར་བའི་རིགས་ལམ་ནི་མིག་སྔའི་བར་གྱི་བོད་བརྙན་ཕལ་མོ་ཆེ་དང་གཞི་ནས་འདྲ་བོ་མི་འདུག རྒྱུ་མཚན་གློག་བརྙན་རང་ངོས་ཀྱི་མཐོང་སྣང་གི་མཛེས་པ་དང་ཐོས་སྣང་གི་འགྱུར་བ་ལས་མང་པོ་ར་སྤྲོད་བྱས་འདུག སྒྲ་སྦྱོར་གྱི་ཚད་རིམ་ནི་ཧོ་ལེ་བོ་ཌིའི་ལུགས་ཀྱི་སྒྲ་སྦྱོར་བྱང་ཚད་དང་ཉེ་བར་སྣང་ཞིང་།གདོད་མའི་ནགས་ཀླུང་འཛིན་པའི་མདོ་ལ་རི་རྒྱུད་ཀྱི་ལྗོངས་དངོས་ཀྱི་བར་སྟོང་དེ་ཉིད་སྟོང་བརྙན་དང་འཕྲེད་ཟུར་བརྙན་མིག་ལས་ཕྱིའི་བཀོད་པ་སྣང་བ་ལ་ལྟ་མཁན་ཁྲི་སྟོང་གི་ནང་སེམས་ཀྱི་འགུག་ཆའི་ཟིལ་ཤུགས་དང་ཁྱད་ཆོས་དམིགས་སུ་དྲངས་པ་གློག་བརྙན་ཁང་ལས་མཆེད་པའི་ཐལ་མོ་རྡེབ་སྒྲ་དང་གློག་བརྙན་དུས་སྟོན་གྱི་བདམས་ཐོན་རྩེ་གྲའི་གཟེངས་རྟགས། སྨྱན་མང་གཟུགས་ལམ་གྱི་བཅར་འདྲི་བའི་ཚ་རླབས།བརྙན་དཔྱད་པའི་སྡེ་ཡི་གླེང་གཞི་གསར་པ་བཅས་ཀྱིས་གློག་བརྙན་རང་ངོས་ཀྱི་ལག་རྩལ་མཐོ་ཚད་དང་རང་ལུགས་ཀྱི་མཚོན་ཐབས་བཞེངས་པ་བདེན་པའི་གཏིང་ཚད་དུ་འགྲོ་བ་མངོན།
        མིའི་སེམས་ཁམས་རིག་པའི་ངོས་ནས་རྗེས་དཔག་སེམས་ཁམས་དང་ཚོར་ཤེས་སྣང་ཁམས་ཀྱི་རྣམ་པ་གཉིས་སུ་གྲུབ། གློག་བརྙན་གང་ཅི་ལ་བལྟས་ན་སེམས་ཁམས་སྔ་མ་དང་ཕྱི་མ་གཉིས་ལས་བརྒལ་མི་ནུས། སྔ་མ་ནི་གློག་བརྙན་ཤེས་རྟོགས་དང་བརྙན་མིག་སྐད་བརྡ་ལ་གཞིགས་ནས་གློག་བརྙན་གྱི་ཕྱི་ནང་གསང་བའི་མཛེས་སྡུག་གི་ཁམས་ངང་གིས་འབྱེད་ཐུབ། ཕྱི་མ་ནི་ལྟ་མཁན་ཕལ་བའི་ངོས་ནས་གློག་བརྙན་གྱི་བརྗོད་དོན་ཙམ་གྱི་མྱོང་རོལ་དང་ཞི་དྲག་བརྙན་འགྲོས་ཀྱི་འགྱུར་བར་བརྟེན་ནས་ཚོར་ཤེས་སྐྱེན་པོ་འཚོལ་བའི་རིགས་སུ་འགྲོ། འདིར་གློག་བརྙན«གཅིག་དང་བཞི»ལ་ཚོང་ལས་གློག་བརྙན་གྱི་བརྙན་མིག་དང་སྒྲ་སྦྱོར། སྙོམས་ཚད། བརྙན་ཐབས། རང་ལུགས་གསར་པ་དང་ཉེ་བར་བཅར་བའི་སྟོབས་ཀྱིས་སྒྱུ་རྩལ་གྱི་ཕྲ་ཕུང་དང་སྒྲ་བརྙན་གྱི་འཇུག་སྒོ། མཚོན་ཐབས་ཀྱི་སྒྲིག་བཀོད། རིགས་འདུས་གློག་བརྙན་གྱི་ཁྱད་གཞི་མངའ་བར་མ་ཟད། སྒྲ་གཟུགས་ཀྱི་འོད་ཁམས་ནི་གཏམ་རྒྱུད་བཞེངས་སྐྲུན་གྱི་སྐྱོར་མ་ཡིན་ལ། ཁ་དོག་གི་མདངས་ལ་བརྒྱུས་པའི་གཏམ་རྒྱུད་བཞེངས་སྟངས་ནི་བརྙན་མིག་གི་གཏན་ཚིགས་འཚོལ་བའི་ཐབས་ཡིན། གཏམ་རྒྱུད་གང་དེའི་མཐོང་སྣང་གི་ཚོར་ཤེས་ལ་གཞིགས་ནས་འཁྲབ་ཁྲིད་པའི་བརྗོད་འདོད་པའི་བརྙན་རིས་ཀྱི་འགྱུར་བ་དང་འབྲེལ་ཆོས་མི་འདྲ་བ་ལས། འོད་མདངས་མག་མོག་གི་ཐབས་ནི་གཏམ་རྒྱུད་ཀྱི་བྱུང་རིམ་དང་མི་སྣའི་འགལ་འདུ་ལ་འབྲེལ་བ་དམ་ཟབ་བྱས་ཡོད། འོད་མདངས་ཀྱི་འགྱུར་བ་ནི་དངོས་ཡོད་དང་སྒྱུ་འཕྲུལ། ཕྱིར་དྲན་གྱི་མདངས་ཚད་མི་འདྲ་བའི་མཚོན་ཐབས་ནི་དེ་བས་ཀྱང་གློག་བརྙན་གྱི་མཛེས་པ་དང་ཚད་རིམ་ཆེད་ལས་ཀྱི་རྨང་དུ་ཆགས། དེ་ནི་འོད་མདངས་ལས་ཁ་དོག་འཚོལ་བ་ཙམ་མ་ཡིན་པར། གློག་བརྙན་གྱི་སྐད་བརྡའི་ལམ་ནས་མི་སྣའི་ནང་སེམས་དང་གཤིས་ཀ་སྔོག་འདོན་གྱི་ཐབས་ལམ་གཞི་བྱས་ཏེ། འཁྲབ་ལྗོངས་ཀྱི་ཡུལ་དང་མི་སྣའི་གཞི་གྲུབ་ཏུ་གནས་པའི་ཧམ་སེམས་གཅིག་ཏུ་བསྡུས་པའི་སྦྲེལ་ཐག་ནི་འོད་དང་ཁ་དོག་གིས་རྩལ་བཏོན་འདུག འོད་མདངས་དང་སྒྲ་སྦྱོར་གྱི་འགྱུར་བ་ལྷོད་པོ་དང་དྲག་ཤུགས་ཀྱི་འགྲོས་ཚིགས་རེ་རེ་ན། ལྟ་མཁན་ལ་མིག་ཤེས་ཀྱི་གཟུང་བྱ་དང་རྣ་ཤེས་ཀྱི་མཉན་བྱ་རུ་གློག་བརྙན་རང་ངོས་ཀྱི་ཁྱད་གཞིའི་མཚར་སྣང་དང་འཁྲབ་ཁྲིད་པའི་མཛེས་སྡུག་གི་བསླུ་བྲིད་ཚད་མེད་ཅིག་ངང་ངམ་དུ་བཞེངས་བྱུང་བ་ནི་གློག་བརྙན་འདིའི་མ་འོངས་མཆོངས་སྐྱོད་ཐུབ་པའི་ཟིལ་ཤུགས་ཀྱི་ལྗིད་ཚད་ནི“གོས་རི་མོ་ཅན་ལ་རྒྱང་ལྟ་ཡོད”ཅེས་པའི་གཏམ་དང་ལག་ལེན་མཚུངས་པར་གྲུབ་ངེས།
        གློག་བརྙན་གྱི་གཏམ་རྒྱུད་བཞེངས་སྐྲུན་ནི་ཆུ་བོ་ཐུར་དུ་འབབ་པ་དང་མེ་ལྕེ་གྱེན་དུ་འབར་བའི་ཆོས་ཉིད་དང་བསྟུན་པའི་གསར་རྩོམ་པ་མཐོ་རིམ་ཞིག་ཡོད་མ་ཡིན། ལྷག་པར་གློག་བརྙན«གཅིག་དང་བཞི»ཡི་གཏམ་རྒྱུད་ཁུངས་སྣེ་འཚོལ་སྟངས་དེའི“སྒྲོམ་གཞི”ཡི་རྣམ་པ་ལས་རྦད་དེ་བརྒལ་བའི་ཁྱད་ཆོས་བླ་ལྷག་ལྡན་ཡང་། ཡུལ་ལུང་གི་རིག་གནས་མཛེས་དཔྱོད་དང་ཡུལ་སྲོལ་ལྟ་སྤྱོད། འཚོ་བའི་གྲིབ་གཟུགས་ལ་བར་ཐག་ཤོར་བའི་སྣང་བརྙན་རྫོབ་པོའང་ངང་ངམ་དུ་ཐོན། འཁྲབ་ཁྲིད་པའི་མཐོང་སྣེ་ནས་དམིགས་བརྙན་ནི་ནང་སེམས་ཀྱི་འགྱུར་བ་དང་ཁ་དོག་འབྱེད་བྱེད་ཀྱི་ཐབས་སུ་ཞིབ་ཆའི་བརྙན་མིག་བཀོལ་ཞེས་བཅར་གཏམ་ལས་བརྗོད་ཀྱང་།དམིགས་བརྙན་ནི་ཞིབ་བརྗོད་ཁོ་ན་ཙམ་གྱི་ལག་ཐབས་མིན་པར། གློག་བརྙན་གྱི་བརྙན་མིག་དབྱེ་ཚན་ཆེན་པོ་དྲུག་ལས་དམིགས་བརྙན་ནི་གློག་བརྙན་རང་ངོས་ནས་བརྙན་མིག་གི་བརྙན་ཐབས་གལ་ཆེན་ཞིག་ཡིན་པར་མ་ཟད། བརྙན་མིག་ལས་ཕྲ་རབ་དང་ཞིབ་ཆ།ཛ་དྲག གཏུམ་གཟུགས། གནད་འགག འཇིགས་རུང་གི་སྣང་བརྙན་ཅི་རིགས་སུ་བཀོལ་བའི་སྡེ་ཚན་ཁོངས་གཏོགས་གཙོ་ཤོས་ཡིན། འོན་ཀྱང་། གློག་བརྙན«གཅིག་དང་བཞི»ཡི་ནང་དུ་འཁྲབ་པའི་ནགས་སྲུང་བའི་མི་གཤིས་ཀྱི་གཉོམ་མདངས་དང་ཉབ་ཉོབ་ཀྱི་རྣམ་པ། མག་མོག་གི་སེམས་ཁམས་བཞེངས་པ་ལ་སྐྱོམ་འགུལ་གྱི་དམིགས་བརྙན། གྱེན་ཟུར་གྱི་དམིགས་བརྙན། བསྐྱར་ཟློས་ཀྱི་དམིགས་བརྙན་བཀོལ་བ་དེ་ནི་ནགས་སྲུང་བའི་སྣང་བརྙན་གསར་བཞེངས་ལ་རང་བྱུང་གི་ཁྱད་ཆོས་དོད་པོ་དང་བརྙན་མིག་གི་མཐུན་ཆའི་ཁྱད་གཞི་ཅུང་རིང་དུ་གྱེས་འདུག་ལ། གློག་བརྙན་སྤྱིའི་སྣང་བརྙན་བཞེངས་སྐྲུན་གྱི་གཞུང་རྟ་ལ་ཧེ་བག་ཤོར་བའི་དམིགས་བརྙན་ལྷག་རོ་ཅན་ཡང་འདུག དེ་བཞིན། སྐད་རིགས་དང་སྐད་ཆ་ནི་སྤྱི་དང་བྱེ་བྲག་གི་འབྲེལ་ཆོས་ཡིན་པས། སྐད་རིགས་ཀྱི་ཁྱབ་ཁོངས་ནི་སྐད་ཆའི་གྲུབ་ཚུལ་དང་འགྱུར་བ། བརྡ་ལུགས་ཀྱི་རྟགས་གཞི་ཡིན། གློག་བརྙན«གཅིག་དང་བཞི»ལས་སྐད་ཆའི་རིགས་ལ་བོད་སྐད་དང་མཚོ་སྔོན་རྒྱ་སྐད། རྒྱའི་སྤྱི་སྐད་བཅས་ཀྱི་ལམ་ནས་འདྲེས་སྦྱོར་བྱུང་བ་ནི་གསར་རྩོམ་པའི་གཏམ་རྒྱུད་ཀྱི་མི་སྣའི་རྙོག་འཛིང་གི་འབྲེལ་བར་དམིགས་ནས་ཁོར་ཡུག་དང་དུས་སྐབས་ཀྱི་རྒྱབ་གཟུགས་མཚོན་པའི་དགོས་ངེས་ཡིན་ཡང་། སྐད་རིགས་མི་འདྲ་བའི་ཟུར་ཚད་ནས་མི་གཤིས་བཞེངས་སྐྲུན་དང་གཉུག་གཤིས་གྲུབ་ཚུལ་ལ་ཅུང་ཚུལ་འཆོས་དང་སྒྲོ་སྐུར་གྱི་ནད་རྟགས་མངོན་འདུག་པའི་སྣང་བརྙན་ཇི་བཞིན་མངོན་བྱུང་། གལ་སྲིད་ལྟ་མཁན་ཕལ་བའི་ངོས་ནས་བལྟས་ན། གློག་བརྙན་གྱི་མི་སྣའི་བརྙན་མིག་ཁ་ཤས་སུ་ནགས་སྲུང་བ་དང་ཀུན་བྷོ་བཞེངས་བའི་ཆ་བྱད་ལ་བསམ་གཟས་ནས་སློག་སྐྱ་གོན་ཚུལ་དང་གཉའ་བ་སྒུར་ལུགས། ཕོ་ལུས་གཉོམ་མདངས། གཉེན་འཐོར་ངུ་ཤུམ། ལྷག་པར་སྐད་རིགས་གྲལ་རིམ་གྱི་དབྱེ་ཚན་བཟོས་པའི་ཚུར་སྣང་དེ་ནི་ཏག་ཏག“ཞིང་བྲན”གློག་བརྙན་གྱི་ཤུབས་སུ་འཛུལ་བའི་རྟོག་སྣང་སྦྲིད་པའི་ནད་རྙིང་དུ་འགྱུར་ཉེན་བདོག འོན་ཏེ། འཁྲབ་ཁྲིད་པས་འདི་ལ་དམིགས་སུ་བརྙན་མིག་གི་ལག་ཐབས་བརྒྱུད་དེ་དངོས་ཡོད་རིང་ལུགས་ཀྱི་དྲན་པ་དང་འདས་བྱུང་གི་ཉལ་ཐའི་འདས་བྱུང་ལ་གབ་བརྗོད་ཀྱི་ཚུལ་དུ་མཚོན་པ་ཡིན་ཤས་ཆེ་ལ། གློག་བརྙན་མ་གཞི་ནས་ཚོང་རའི་འཛད་སྤྱོད་ཀྱི་རྣམ་པ་གཙོ་བོ་ཡིན་པས། གློག་བརྙན་གྱི་འཁྲབ་ཚིག་ལས་སྐད་རིགས་ཀྱི་འདྲེས་སྦྱོར་ནི་གློག་བརྙན་གྱི་ཚོང་རའི་བརྒྱུད་ལམ་ལ་བར་སྟོང་གི་ཁྱོན་དང་དུས་ཚོད་ཀྱི་ཚད་རིམ་ཤུགས་ཆེར་བསྐྱེད་པའི་གསང་བརྡ་ནི་དེ་བས་ཀྱང་ཡིན་སྲིད།
        གློག་བརྙན་གྱི་སད་རྟོགས་ནི་མི་གཤིས་འཚོལ་བ་དང་ཀུན་གཞི་འཚོལ་བ། ཐ་ན་མི་གཤིས་ཀྱི་འགལ་འབྲེལ་འཚོལ་བ་དེ་ནི་གློག་བརྙན་གསར་རྩོམ་པའི་ས་ལམ་མཐོ་ཤོས་ཡིན། གློག་བརྙན«གཅིག་དང་བཞི»ཡི་ནང་དུ་མི་གཤིས་དཀར་ནག་གི་འཐབ་རྩོད་ནི་མཐའ་མེད་པའི་ཧམ་སེམས་དང་སྒེར་སེམས། ངར་འཛིན་གྱི་བདག་དང་བདག་ཉིད་ལས་བརྩམས་པས། གློག་བརྙན་འདིའི་བརྗོད་དོན་སྙིང་བོར་བབས་ནས་སེམས་བསྐྱེད་ཀྱི་ལམ་དང་དགེ་སྡིག་གི་རྣམ་བཞག ངར་འཛིན་གྱི་འདོད་ཧམ་ལ་བརྒྱུས་ཏེ།གཏམ་རྒྱུད་ཀྱི་རྣམ་པའི་ཆ་ནས་ལྐོག་གསོད་དང་བསླུ་ཐབས། བཙན་གཉོམ། འཇིགས་སྣང་། དོགས་ཟོན། དམུ་གཤིས་ཀྱི་ཐ་སྙད་རེ་རེ་ཡིས་མི་སྣའི་གཉུག་གཤིས་དང་མི་གཤིས་བར་ལ་བཞེངས་སྐྲུན་བྱས་པ་ཚགས་དམ་ལ་འགྲོས་ཚད་མགྱོགས། ལྷག་པར་གློག་བརྙན་གྱི་སྡེབ་དབྱངས་ཀྱི་སྒྲའི་དྲག་ཞན་དང་སྒྲའི་འགྱུར་བག སྒྲའི་ཤུགས་ཚད། སྒྲའི་རིམ་ཚད་ཀྱིས་གློག་བརྙན་གྱི་གཏམ་རྒྱུད་ཁུངས་སྣེ་དང་མཐའ་སྣེ་སྦྲེལ་བྱེད་ཀྱི་གཟུང་ཐག་དམ་པོ་ཡིན། གཞན་ཡང་། སྐོར་ཞིབ་ཟིན་ཐོ་ནི་ནགས་སྲུང་བའི་ནགས་ཀླུང་གི་བསྡུས་གཟུགས་སུ་འཚམ་པའི་ལས་དོན་གསལ་བའི་མེ་ལོང་ཡིན་ལ། གདོད་མའི་ནགས་ཀླུང་གི་སེམས་ཅན་གང་ཞིག་ལ་འཚེ་བ་དང་ནག་ཐིག་གི་ཁུངས་སྣེ་འཚོལ་བྱེད་ཀྱི་བདེན་རྟགས་དཀར་པོའང་ཡིན། འོན་ཀྱང་། ནགས་སྲུང་བའི་མིག་ནང་གི་ཉེན་རྟོག་པ་དང་རྔོན་ཇག་བར་གྱི་གོ་འབྱེད་དཀའ་བའི་དབྱེ་ཚན་ནི་ནམ་ཡང་གསང་གྲངས་ཤིག་ཡིན་ལ། གསང་གྲངས་དེ་ནི་རི་དྭགས་ལྐོག་གསོད་པའི་ཐོབ་རྟགས་དང་ཡང་ན་ཉེན་རྟོག་པའི་དཀར་ནག་གི་ཐོབ་རྟགས་མཚོན་པའི་ཨང་གྲངས་ཀྱིས་ཚབ་མཚོན་བྱེད་མི་ནུས་པས། མཐར་ཐུག་གི་བདེན་པའི་ཚད་གཞི་ནི་གློག་བརྙན་རང་ངོས་ནས་གསེད་དཀྲོལ་ཅི་ཡང་བྱས་མེད་པར། དབྱེར་མེད་ཀྱི་ལྟད་མོ་བའི་ཟུར་སྣེ་ནས་ཤན་འབྱེད་ཀྱི་བར་སྟོང་དང་དུས་ཚོད་ཀྱི་འདྲི་གཞི་ཟབ་ས་རུ་བསྟིབས་འདུག རྒྱུ་མཚན་ནགས་སྲུང་པ་སངས་རྒྱས་ཀྱི་དྲན་པ་རྒོད་ཤོར་དང་དངོས་བརྒལ་གྱི་ཤེའུ་ཆུང་གི་གཟུགས་འཛིན་སྣང་བ་དེ་ནི་གློག་བརྙན་གྱི་སྒྲ་བརྙན་མཐུད་སྦྱོར་གྱིས་བརྙན་རིས་དང་བརྙན་མིག་གི་འགྲེལ་སྟངས་ལ་གཞིགས་མེད་པར། གློག་བརྙན«གཅིག་དང་བཞི»ཡི་འབྲེལ་བ་ནི་རྨི་ལམ་དང་སྒྱུ་འཕྲུལ། དངོས་ཡོད་བཅས་ཀྱིས་སྐྱ་འཐབ་པའི་ལྡོག་བརྙན་དང་མོག་བརྙན། དམིགས་བརྙན། འཁྱོགས་བརྙན་གྱི་ལམ་ནས་བཞེངས་སྐྲུན་གང་ལེགས་བྱས་ཏེ། ནགས་སྲུང་བ་དང་རྔོན་ཇག ཐོབ་རྟགས་གསལ་ཁ་འབྱེད་དཀའ་བའི་ཉེན་རྟོག་པའི་ཐོབ་རྟགས་དེ་ཉིད་གབ་རྗོད་ཀྱི་མཚོན་ལུགས་མཐའ་འཁྱོངས་པར་བྱས་འདུག
        རབ་རིབ་ཀྱི་འོད་མདངས་དང་ཞི་འཇགས་བརྙན་མིག་གི་ལམ་ནས་ཤིང་ཁང་གི་ཡུལ་དངོས་སྙོམས་ཚད་ནི«ནུབ་རྒྱུད་ཀྱི་གཏམ་རྒྱུད»ཅེས་པའི་ཨ་རིའི་ནུབ་རྒྱུད་གློག་བརྙན་གྱི་ལུགས་སུ་ཁོར་ཡུག་དང་བར་ཐག ཟུར་སྣེ་སུམ་སྦྲེལ་གྱི་ས་བཅད་དེ། མེ་ལས་ཚ་བའི་འགལ་འདུ་དང་རྨོངས་འཐོམ། དོགས་པ་ནི་བོའུ་ཁ་ནང་ལ་བསྐོར་བའི་ཐབས་སུ་གྱེན་ཟུར་དམིགས་བརྙན་དང་སྐྱོམ་འགུལ་བརྙན་མིག་གིས་གཅིག་ཏུ་བསྡུས་ནས་གཏམ་རྒྱུད་ཀྱི་མཇུག་བརྙན་ནི་དམར་པོ་ཁྲག་གིས་སྦགས་ཀྱང་གཏམ་རྒྱུད་ཀྱི་གཙང་བོ་སྔར་བཞིན་ལྟད་མོ་པའི་ཀླད་རུས་ཀྱི་གཞོངས་པར་མུ་ནས་མུ་རུ་བཞུར་རོ། །

ཟུར་མཆན།
གློག་བརྙན་གྱི་བརྡ་ཆད་གསར་པ།
དམིགས་བརྙན། 特写
སྟོང་བརྙན། 空镜头
ཧོ་ལེ་བོ་ཌི། 好莱坞
བཞེངས་སྐྲུན། 塑造
སྒྲ་བརྙན། 影音
མཐོང་སྣང་། 视觉
ཐོས་སྣང་། 听觉
བརྙན་ཐབས། 摄法
བརྙན་འགྲོས། 拍摄节奏
ཞི་འཇགས་བརྙན་མིག 静态镜头
རིགས་འདུས་གློག་བརྙན། 类型片
མོག་བརྙན། 精深镜头
མཇུག་བརྙན། 后尾
འབྲེལ་ཡོད་འོས་སྦྱོར།