བོད་ཀྱི་ལོ་རྒྱུས་ཟློས་གར་ཆེན་མོ«གྱིམ་ཤིང་ཀོང་ཇོ»ཡི་འཁྲབ་སྦྱོང་མགོ་རྩོམ་མཛད་སྒོ་སྤེལ་བ།
རྩོམ་པ་པོ།:
ཡོང་ཁུངས།:རྨ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-02-16
ཀློག་གྲངས།:
ཟླ2པའི་ཚེས14ཉིན། རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི2022ལོའི་གར་སྟེགས་སྒྱུ་རྩལ་གསར་རྩོམ་རོགས་དངུལ་རྣམ་གྲངས་ཏེ་བོད་ཀྱི་ལོ་རྒྱུས་ཟློས་གར་ཆེན་མོ«གྱིམ་ཤིང་ཀོང་ཇོ»ཡི་འཁྲབ་སྦྱོང་མགོ་རྩོམ་མཛད་སྒོ་མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའམ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པའི་འཁྲབ་སྦྱོང་ཁང་དུ་གཟབ་རྒྱས་ངང་སྤེལ།

རྒྱུས་ལོན་པ་ལྟར་ན། བོད་ཀྱི་ལོ་རྒྱུས་ཟློས་གར་ཆེན་མོ«གྱིམ་ཤིང་ཀོང་ཇོ»ཡི་འཁྲབ་གཞུང་ནི་མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའམ་རྨ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པའི་ཚོགས་གཙོ། རྒྱལ་ཁབ་རིམ་པ་དང་པོའི་འཁྲབ་གཞུང་རྩོམ་པ་པོ་ཨ་ལོ་རིན་ཆེན་རྒྱལ་པོ་ལགས་ཀྱིས2021ལོ་ནས་རིམ་བཞིན་ལོ་རྒྱུས་རྒྱུ་ཆ་འཚོལ་སྡུད་དང་ཡུལ་དངོས་རྟོག་དཔྱོད། ཆེད་མཁས་མི་སྣར་བཀའ་འདྲི་སོགས་བྱས་པ་བརྒྱུད་གསར་རྩོམ་བྱས་པ་ཡིན་ཞིང་། 2022ལོར་ཀྲུང་གོ་རིག་གནས་དང་ཡུལ་སྐོར་པུའུ་ཡི་རྒྱལ་ཁབ་རིམ་པའི་སྒྱུ་རྩལ་ཐེབས་རྩའི་རྣམ་གྲངས་རོགས་དངུལ་ཐོབ་སྟེ། གཞི་ནས་གར་སྟེགས་སུ་འདྲེན་པའི་བགྱི་བར་འཇུག་ཐུབ་པ་བྱུང་། བརྩམས་ཆོས་འདི་རུ་སྤྱི་ལོ699ལོ་ནས739ལོའི་བར་གྱི་བོད་ཀྱི་ལོ་རྒྱུས་དངོས་དོན་བརྗོད་བྱ་རུ་བཟུང་ནས་ཐང་བོད་མི་རིགས་གཉིས་ཀྱི་དབོན་ཞང་གཉེན་གྱི་དོན་ཆེན་དང་། རིག་གནས་རྒྱུ་འགྲུལ་སོགས་གླེང་ཞིང་། ཐང་ནས་བོད་དུ་ཕེབས་པའི་རྒྱ་བཟའ་ཕྱི་མ་སྟེ་གྱིམ་ཤིང་ཀོང་ཇོའི་མི་ཚེའི་སྐྱིད་སྡུག་ཞིབ་འབྲི་བྱས་ཏེ་ཁོ་མོས་རྒྱ་བོད་མི་རིགས་གཉིས་ཀྱི་མཐུན་སྒྲིལ་དམ་ཟབ་དང་རིག་གནས་རྒྱུ་འགྲུལ་སོགས་ལ་ཐོན་པའི་ནུས་པ་ཟློས་གར་གྱི་རྣམ་པས་བརྗོད་ཡོད་འདུག

འཁྲབ་སྟོན་པ་རིན་ཆེན་དོན་གྲུབ་ཀྱིས་བཤད་རྒྱུར། «གྱིམ་ཤིང་ཀོང་ཇོ»ནི་རྨ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པའི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་རྣམ་གྲངས་ཐོབ་པའི་འཁྲབ་གཞུང་ལྔ་པར་གྱུར་པ་ལ་སེམས་གཏིང་ནས་དགའ་བ་ཚད་མེད་སྐྱེས་པའི་ཞོར་དུ་འགན་འཁྲི་དང་གནོན་ཤུགས་ཀྱང་དེ་བཞིན་ལྕི། དུས་རབས་གསར་པའི་རིག་རྩལ་དོན་གཉེར་མཁན་ཡིན་པའི་ཆ་ནས། འཁྲབ་སྟོན་པ་ཡོངས་ཀྱིས་འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་བཏང་སྟེ། རྨ་ལྷོའི་མིང་གྲགས་རྒྱས་ཤིང“རྨ་ལྷོའི་བོད་ཀྱི་ཟློས་གར”གྱི་ཟོང་རྟགས་སྐྲུན་ཕྱིར་རང་གི་ནུས་ཚོད་ཀྱིས་བྱས་རྗེས་འཇོག་དགོས་ཟེར།

རྨ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པའི་ཚོགས་གཙོའམ་བོད་ཀྱི་ལོ་རྒྱུས་ཟློས་གར་ཆེན་མོ«གྱིམ་ཤིང་ཀོང་ཇོ»ཡི་འཁྲབ་གཞུང་རྩོམ་པ་པོ། སྤྱིའི་འཁྲབ་ཁྲིད་པ་ཨ་ལོ་རིན་ཆེན་རྒྱལ་གྱིས་འཁྲབ་སྦྱོང་མགོ་རྩོམ་མཛད་སྒོའི་སྟེང་བཤད་རྒྱུར། མི་རིགས་མཐུན་སྒྲིལ་དང་རྒྱལ་གཅེས་རིང་ལུགས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་བཅས་ཟློས་གར་འདིའི་བརྗོད་དོན་ལ་མགོ་རྔ་བར་གསུམ་དུ་བརྒྱུས་ཡོད། རེབ་འདིའི་གསར་རྩོམ་དང་འཁྲབ་སྦྱོང་བརྒྱུད་དེ། ལྟད་མོ་བ་རྣམས་ཀྱིས་དུས་རབས་མི་འདྲ་བ་དང་ཁྱད་ཆོས་མི་འདྲ་བའི་བོད་ཀྱི་ཟློས་གར་གྱི་ཉམས་འགྱུར་དང་སྒྱུ་རྩལ་འགུག་ཤུགས་ཉམས་སུ་མྱོང་ཐུབ་པ་དང་། བོད་ཀྱི་ཟློས་གར་གྱི་སྒྱུ་རྩལ་ཉིང་བཅུད་ལོངས་སུ་སྤྱད་པ་ལས་རྨ་ལྷོའི་བོད་ཀྱི་ཟློས་གར་གྱི་སྲུང་སྐྱོབ་དང་རྒྱུད་འཛིན་ལ་ཤུགས་རྒྱག་པའི་སེམས་ཤུགས་རྙེད་པའི་རེ་བ་ཆེ་ཟེར།

གཞན་ཡང་། བོད་ཀྱི་རྣམ་ཐར་ཟློས་གར་སྤྱི་ཡི་འགྲོ་ལུགས་བཞིན་ལོ་རྒྱུས་ཟློས་གར་ཆེན་མོ«གྱིམ་ཤིང་ཀོང་ཇོ»ཡི་འཁྲབ་སྦྱོང་མགོ་རྩོམ་མཛད་སྒོའི་སྟེང་རྔོན་པ་དང་རྒྱ་ལུ་ལྷ་མོ་ས་འདུལ་དང་བྱིན་འབེབས་ཀྱི་ཆོ་གས་འཁྲབ་སྦྱོང་མགོ་རྩོམ་པར་སྲོལ་རྒྱུན་རྟེན་འབྲེལ་བསྒྲིགས་ཡོད་པ་རེད། ལོ་རྒྱུས་ཟློས་གར་འདི་ཉིད་རྨ་ལྷོ་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་དགའ་སྟོན་མཛད་སྒོའི་ལེ་ཚན་གསར་པ་ཞིག་ཀྱང་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།