logo

མཚོ་ལྷོ་ཁུལ་གྱི«དགེ་བཅུ་འཛོམས་པའི་རིག་སྨོན»ཞེས་པར2022ལོའི་ཕུལ་བྱུང་བརྙན་ཐུང་གི་མཚན་སྙན་ཐོབ།

རྩོམ་པ་པོ།:ནོར་བུ་ཡོན་ཏན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-02-19 ཀློག་གྲངས།:
       ཟླ2པའི་ཚེས18ཉིན། ཀྲུང་གོ་བརྙན་འཕྲིན་སྒྱུ་རྩལ་པའི་མཐུན་ཚོགས་སོགས་ཀྱིས་གཙོ་སྒྲུབ་གནང་བའི་སྐབས་བཅུ་དྲུག་པའི་འབྱོར་འབྲིང་བརྙན་འཕྲིན་ལེ་ཚན་བཟོ་སྐྲུན་གྱི་གཟི་བརྗིད་མཚན་སྙན་སྩོལ་པའི་མཛད་སྒོ་ཧྥུའུ་ཅན་ཞིང་ཆེན་ཉིང་ཏུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་བསྡུས། མཛད་སྒོའི་སྟེང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་རིག་སྨོན་གྲོང་རྡལ། མཚོ་ལྷོ་ཁུལ་གློག་བརྙན་འཕྲིན་སྒྱུ་རྩལ་མཐུན་ཚོགས་བཅས་ཀྱིས་མཉམ་དུ་ཕབ་སྐྲུན་བྱས་པའི་སྐྱེ་ཁམས་སྲུང་སྐྱོང་གི་བརྙན་ཐུང«དགེ་བཅུ་འཛོམས་པའི་རིག་སྨོན»ཞེས་པར2022ལོའི་ཕུལ་བྱུང་བརྙན་ཐུང་གི་མཚན་སྙན་ཐོབ་ཅིང་། རེབ་འདིའི་མཛད་སྒོའི་ཁྲོད་བྱ་དགའ་ཐོབ་པའི་མཚོ་སྔོན་ཞིང་ཆེན་གྱི་བརྩམས་ཆོས་གཅིག་པུར་ཡང་གྱུར་ཡོད།
       «དགེ་བཅུ་འཛོམས་པའི་རིག་སྨོན»ཞེས་པ་འདི་ནི་གོང་བ་ནོར་བུ་ཡོན་ཏན་གྱིས་འཁྲབ་ཁྲིད་དང་ཇུས་འགོད་བྱས་ཤིང་། ཉི་མ་བཀྲ་ཤིས་དང་ཚེ་ཐར་འབུམ་གྱིས་རྩོམ་འབྲི་དང་བརྙན་ལེན་བྱས་པ། གཡང་ལོ་དོན་འགྲུབ་དང་གཅོད་པ་ཚེ་རིང་གིས་རྩོམ་སྒྲིག་དང་སྒྲིག་སྦྱོར་བྱས་པའི་བརྙན་ཐུང་ཞིག་སྟེ། ཕབ་སྐྲུན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་ནས་ལོ་འཁོར་གཅིག་ཕྱིན་ཅིང་། སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་དང་སྲུང་སྐྱོང་གི་མཐོང་སྣེ་ཡངས་པོར་གཞི་བྱས་ཏེ། དངོས་ཡོད་རིང་ལུགས་ཀྱི་བརྙན་མིག་ལས་རྒྱན་སྤྲས་སོགས་གང་ཡང་མ་སྤྱད་པར་ཆུ་ཐིགས་ལས་རྒྱ་མཚོ་མཐོང་བའི་དཔེ་བཞིན། རིག་སྨོན་གྲོང་རྡལ་གྱི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ལ་བརྟེན་ནས་བོད་འབྲེལ་ས་ཁུལ་དང་སྒོས་སུ་མཚོ་ལྷོ་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་འཛུགས་སྐྲུན་ལ་སྐུལ་འདེད་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་བསྐྲུན་པའི་གྲུབ་འབྲས་ཆེན་པོ་དེ་ཕྱི་ལ་མངོན་པར་རྩལ་ནུས་གང་ཡོད་བཏོན་ཡོད།
བྱ་དགའ་གནང་བའི་མཛད་སྒོའི་ཡུལ་དངོས།
       སྐབས་བཅུ་དྲུག་པའི་འབྱོར་འབྲིང་བརྙན་འཕྲིན་ལེ་ཚན་བཟོ་སྐྲུན་གྱི་དཔྱད་འདེམ་ཚོགས་པས་བསྟན་དོན། བརྙན་ཐུང་འདིས་བརྙན་འཕྲིན་སྒྱུ་རྩལ་གྱི་ཐབས་རྩལ་སྤྱད་དེ་སྐྱེ་ཁམས་སྐྱེ་ལྡན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་བརྙན་མིག་གི་གཞི་རྩའི་མཚོན་དོན་དུ་བཞག་ཅིང་། སྔོ་བསང་གི་ནམ་མཁའ་དང་དག་གཙང་གི་རི་ཀླུང་། ནོར་ལུག་གི་ཁྱུ་ཚོགས་ལྟ་བུའི་བརྙན་རིས་རེ་རེ་ཀུན་ལ་བསྟན་ཅིང་། སྒོས་སུ་ཟུར་རྒྱན་ལྟ་བུའི་ཐོན་ལས་འཕེལ་རྒྱས་ཀྱི་མཛེས་པ་དང་མི་ཆོས་རིག་གནས་ཀྱི་མཛེས་པ། བདེ་སྐྱིད་འཚོ་བ་ཡི་མཛེས་པ་ཡིས་བརྙན་ཐུང་ཧྲིལ་བོའི་བརྗོད་བྱ་ཕུན་སུམ་ཚོགས་པར་བྱས་ཡོད། བརྙན་ཐུང་འདིས་བོད་འབྲེལ་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་སྲུང་སྐྱོང་ཐད་བཏོན་པའི་བླང་བྱ་གལ་ཆེན་ལ་ལག་ལེན་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་ནམ་ཡང་ཕྲག་ཏུ་བཏེགས་པའི་སེམས་ཤུགས་ཀྱང་གསལ་བོར་མཚོན་ཡོད།
འབྲེལ་ཡོད་འོས་སྦྱོར།