logo

«སིང་སྤང་བཀྲ»ཞེས་པའི་བརྙན་ཕབ་བདེ་ལེགས་ངང་མཇུག་རྫོགས།

རྩོམ་པ་པོ།: ཡོང་ཁུངས།:པདྨ་ཚེ་བརྟན་གྱི་རྩོམ་རིག་དང་གློག་བརྙན་འཕྲིན་སྟེགས། དུས་ཚོད།:2023-03-28 ཀློག་གྲངས།:
       ཉེ་ཆར། པདྨ་ཚེ་བརྟན་གྱིས་འཁྲབ་གཞུང་དང་འཁྲབ་ཁྲིད་བྱས་པའི་གློག་བརྙན་བརྩམས་ཆོས་དགུ་བ«སིང་སྤང་བཀྲ»ཞེས་པ་སི་ཁྲོན་དཀར་མཛེས་ཁུལ་འབའ་ཐང་རྫོང་གི་སིང་སྤང་བཀྲ་སྡེ་བ་ནས་བརྙན་ཕབ་ཀྱི་ལས་གཞི་ཡོངས་སུ་རྫོགས་ཤིང་། ད་ལྟའི་ཆར། གློག་བརྙན་འདིའི་གོ་དོན་བསྒྲགས་པར་ཐོག་མ་དངོས་སུ་ཁྱབ་བསྒྲགས་བྱས་འདུག
       གློག་བརྙན་འདི་བརྙན་ཕབ་ཀྱི་མགོ་བརྩམས་པ་ནས་ལས་རིགས་ནང་ཁུལ་དུ་དོ་སྣང་ཤུགས་ཆེར་བྱས་ཤིང་། འཁྲབ་སྟོན་པ་ཧོང་ཞོན་ལགས་ཐོག་དང་པོར་པདྨ་ཚེ་བརྟན་གྱི་གློག་བརྙན་དུ་འཁྲབ་སྟོན་བྱས་པ་ཡིན་འདུག ཁོས་བཤད་རྒྱུ“ངའི་རེ་བ་ནི་ངའི་འཁྲབ་སྟོན་གྱིས་གློག་བརྙན་འདིའི་ནང་གི‘མི་ཆ་མེད’དེ་དང་ཁྱད་མཚར་གྱི་སྐད་ཅིག་མའི་ཚོར་བ་རེ་འཇོག་ཐུབ་རྒྱུ་དེ་ཡིན”ཟེར། དེ་མིན་གློག་བརྙན་འདིའི་སྐྱེས་མའི་འཁྲབ་སྟོན་པ་དབང་སྒྲོན་འཚོ་ཡིས་བཤད་རྒྱུར། “གློག་བརྙན་འདི་རུ་འཁྲབ་སྟོན་གྱི་གོ་སྐབས་བྱུང་བ་ནི་ངས་རང་གི་བསོད་ནམས་སུ་བསམ་ཡོད། གློག་བརྙན་འདི་ནི་ཐང་ཀ་ནང་བཞིན་ཞི་འཇམ་གྱིས་ཁེངས་པ་ཞིག་རེད། རྒན་པདྨ་ཚེ་བརྟན་ལགས་ནས་ང་ལ་འདི་ལྟ་བུའི་གོ་སྐབས་སྤྲད་པར་ངས་བཀའ་དྲིན་ཞུ་དགོས་ཡོད།”ཟེར།
       དེ་མིན། གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྦྱིན་པ་དང་ཀུན་བདེ་གཉིས་ནས་གློག་བརྙན་འདིའི་ཁྲོད་ཀྱི་འཁྲབ་སྟོན་པ་གཙོ་བོའི་འགན་ཁུར་ཡོད་འདུག
       «སིང་སྤང་བཀྲ»ཞེས་པའི་གློག་བརྙན་འདི་ནི་ཧང་ཀྲིག་ཆིན་ཙི་ཙའེ་ཁེ་ལས་ཚད་ཡོད་ཀུང་ཟིས་མ་དངུལ་བཏང་པ་དང་། ཀུང་ཟིའི་སྤྱི་གཉེར་བ་ཀྲའོ་ཡེས་ཡན་གྱིས་ཕབ་སྐྲུན་པ་དང་། པདྨ་ཚེ་བརྟན་དང་ཝང་ལི་གཉིས་ནས་བཟོ་སྐྲུན་པ། ཚེ་མདོ་ནས་ལག་བསྟར་བཟོ་སྐྲུན་པའི་འགན་ཁུར་ཡོད་ལ། བརྙན་ལེན་པ་ལིས་སུང་ཡའེ་དང་། མཛེས་རིས་པ་སྟག་རྩེ་དོན་འགྲུབ། སྒྲ་ལེན་པ་གདུགས་དཀར་ཚེ་རིང་སོགས་ཀྱིས་གློག་བརྙན་གྱི་ལས་བཟོ་བ་གཙོ་བོའི་འགན་ཁུར་ཡོད་འདུག
       རྒྱུས་ལོན་བྱས་པ་ལྟར་ན། གློག་བརྙན་འདིའི་གོ་དོན་བསྒྲགས་པར་གྱི་ཇུས་འགོད་པ་ནི་སྐུ་ཞབས་ཏུའུ་ཧྥིན་སུང་ཡིན་འདུག་ལ། ཁོང་ནི་པདྨ་ཚེ་བརྟན་གྱི་གློག་བརྙན་སྔོན་མ«དབུགས་ལྒང»དང«གསའ»ཡི་བསྒྲགས་པར་ཇུས་འགོད་པའང་ཡིན་འདུག
འབྲེལ་ཡོད་འོས་སྦྱོར།