༄༅། །བོད་ཀྱི་སྲོལ་རྒྱུན་ལྷ་མོ་ཟློས་གར་ཆེན་མོ«ཡིད་འཕྲོག་ལྷ་མོ»མཚོ་ལྷོ་ཁུལ་དུ་འཁྲབ་སྟོན་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-09-05
ཀློག་གྲངས།:
ཟླ9བའི་ཚེས3ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའམ་རྨ་ལྷོ་ཁུལ་མི་རིགས་ཟློས་གར་ཚོགས་པས་བོད་ཀྱི་སྲོལ་རྒྱུན་ཟློས་གར་ཆེན་མོ«ཡིད་འཕྲོག་ལྷ་མོ»ཞེས་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་ཚོམས་ཆེན་ཁང་དུ་འཁྲབ་སྟོན་བྱས། ཟློས་གར་འདི་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་གར་སྟེགས་སྒྱུ་རྩལ་སྤུས་ལེགས་གསར་རྩོམ་ལས་གཞིའི་སྲོལ་རྒྱུན་གྱི་བསྐྱར་སྒྲིག་འཁྲབ་ཚན་ཡིན་ལ། རིག་གནས་དང་ཡུལ་སྐོར་ཅུའུ་ཡི་ཆེད་མཁས་པའི་མཛུབ་སྟོན་དང་དཔྱད་ཞིབ་དང་ལེན་བྱས།
ཟློས་གར་འདི་ཉིད་འཁྲབ་ཚན་བདུན་དུ་ཕྱེ་ཡོད་ལ། ནོར་བཟང་དང་ཡིད་འཕྲོག་ལྷ་མོ་གཉིས་ཀྱི་དཀའ་སྡུག་དང་ཀྱག་ཀྱོག་ཆེ་བའི་བརྩེ་དུང་གི་གཏམ་རྒྱུད་མཚོན་པར་བྱས་ཏེ། མཐར་དཀར་ཕྱོགས་ནག་ཕྱོགས་ལས་རྣམ་པར་རྒྱལ་ཏེ་བྱང་ཕྱོགས་མངའ་ལྡན་ཁབ་ཏུ་བཀྲ་ཤིས་མཚན་མས་ཁྱབ་ཅིང་འབངས་རྣམས་བདེ་སྐྱིད་ཀྱིས་འཚོ་ཞིང་གནས་པའི་ཚུལ་མཚོན་ཡོད།
ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་ཀྱི་དགོངས་དོན་དང«ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བའི་སྐོར་གྱི་བསམ་འཆར» «ཟློས་གར་རྒྱུན་འཛིན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་བའི་སྐོར་གྱི་སྲིད་ཇུས་རེ་འགའ» «ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ལས་གཞི་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆར»སོགས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ལ། གྲངས་ཉུང་མི་རིགས་ཀྱི་ཟློས་གར་ཞིབ་འཇུག་དང་སྲུང་སྐྱོབ། རྒྱུན་འཛིན་དང་གསར་གཏོད། འཕེལ་རྒྱས་བཅས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་དེ་ཉིད་མི་དམངས་ཀྱི་རིག་གནས་ཁེ་དབང་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་དང་། རིག་གནས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་དང་རིག་གནས་ཀྱི་རང་རྟོགས་ཆེ་རུ་གཏོང་བའི་རྟེན་གལ་ཆེན་བཅས་ཡིན་པས་ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཕན་ནུས་ཐོན་ཡོད།
བོད་ཀྱི་སྲོལ་རྒྱུན་ཟློས་གར་ཆེན་མོ«ཡིད་འཕྲོག་ལྷ་མོ»ཞེས་པ་འདིས་རྒྱལ་བུ་ནོར་བཟང་དང་ཡིད་འཕྲོག་མ་གཉིས་ཀྱི་འགྱུར་མེད་རྣམ་དག་གི་བརྩེ་དུང་ལ་བསྔགས་བརྗོད་དང་། ནོར་བཟང་གིས་སླད་མེད་བརྩེ་དུང་དེའི་ཆེད་དུ་དཀའ་བ་བརྒྱ་ཕྲག་ཁྱད་དུ་གསོད་ཐུབ་པའི་འགྲན་བྲལ་སྙིང་སྟོབས་ལ་བསྟོད་གླུ་བླངས་པ་དང་ཆབས་ཅིག་ཏུ། གདུག་རྩུབ་ཆེ་ཞིང་ལས་འབྲས་མི་བརྩི་བའི་རིགས་ལྡན་རྒྱལ་བོ་ཞག་པ་གཞོན་ནུ་དང་། ཕྲག་དོག་གི་དུག་ཆུས་ཀུན་ནས་མྱོས་པའི་བཙུན་མོ་ཉིས་སྟོང་ལྔ་བརྒྱ་ཐམ་པ། སྦྱོར་བ་ངན་པས་གཞན་ལ་གནོད་ཅིང་འཚེ་བའི་ཨ་མཆོད་ཧ་རི་བཅས་ཀྱིས་མཚོན་པའི་དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་དགེ་མཚན་དང་ལེགས་ཚོགས་ལ་གནོད་བྱེད་དུ་གྱུར་བའི་མི་རྣམས་ལ་ཟུར་ཟ་དང་མཚང་འབྱིན་བྱས་ཡོད་དོ། །
འཁྲབ་སྟོན་བྱེད་པའི་ཡུལ་དངོས།
འཁྲབ་སྟོན་བྱེད་པའི་ཡུལ་དངོས།
འཁྲབ་སྟོན་བྱེད་པའི་ཡུལ་དངོས།
འཁྲབ་སྟོན་བྱེད་པའི་ཡུལ་དངོས།
འབྲེལ་ཡོད་འོས་སྦྱོར།