པདྨ་ཚེ་བརྟན་གྱི་གཏམ་རྒྱུད་གློག་བརྙན་བརྒྱད་པ«གསའ»རྒྱལ་སྤྱིའི་གཟིགས་འབུལ་ཐོག་མ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:པདྨ་ཚེ་བརྟན་གྱི་ཡིག་བརྙན་འཇིག་རྟེན་འཕྲིན་སྟེགས།
དུས་ཚོད།:2023-09-07
ཀློག་གྲངས།:
པདྨ་ཚེ་བརྟན་གྱི་གཏམ་རྒྱུད་གློག་བརྙན་བརྒྱད་པ«གསའ»ཝེ་ནེ་སི་ལིས་ཏུའུ་གླིང་ཕྲན་གྱི་གློག་བརྙན་ཕོ་བྲང་ནས་རྒྱལ་སྤྱིའི་གཟིགས་འབུལ་ཐོག་མ་བྱས།
དབྱི་ཐ་ལའི་རྒྱལ་ཁབ་ཀྱི་ས་གནས་དེ་གའི་སྤྱི་ཟླ་དགུ་པའི་ཚེས་དྲུག་ཉིན། པདྨ་ཚེ་བརྟན་གྱི་གཏམ་རྒྱུད་གློག་བརྙན་བརྒྱད་པ«གསའ»ཝེ་ནེ་སི་ལིས་ཏུའུ་གླིང་ཕྲན་གྱི་གློག་བརྙན་ཕོ་བྲང་ནས་རྒྱལ་སྤྱིའི་གཟིགས་འབུལ་ཐོག་མ་བྱས་ཤིང་། པདྨ་ཚེ་བརྟན་གྱི་བུ་གློག་བརྙན«གསའ»ཡི་ལག་བསྟར་འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་དང་། གཙོ་འཁྲབ་པ་སྤྱིན་པ། ཞོང་ཅི་ཆིས། ཚེ་བརྟན་བཀྲ་ཤིས། བརྙན་ལེན་པMatthias Delvaux ཁྱད་རྩལ་མཛུབ་སྟོན་པ་ཀྲང་ཧན་སུའུ་སོགས་གཟིགས་འབུལ་ཡུལ་དངོས་སུ་ཕེབས་འདུག་སྟེ། རྒྱལ་ཁབ་འདྲ་མིན་གྱི་ལྟད་མོ་བ་སྟོང་ཕྲག་ལྷག་གིས་གློག་བརྙན་འདི་ལ་མཉམ་རོལ་བྱས་རྗེས། བསྟོད་པའི་ཐལ་མོ་ཡུན་རིང་དུ་བརྡབས།
གློག་བརྙན་འདི་ནི་འཁྲབ་ཁྲིད་པ་ཁོང་གི་གློག་བརྙན་སྔོན་མ«ཐར་ལོ»དང«ལག་དམར» «དབུགས་ལྒང»བཅས་ཀྱི་རྗེས་ནས་ཐེངས་བཞི་པར་དུས་ཆེན་དེར་ཚུད་པ་ཡིན་འདུག་ལ། གཞེས་ནིང་གི་དགུན་ཟླ་བཅུ་པར་མགོ་ལོག་རྨ་སྟོད་ནས་བརྙན་ཕབ་བྱས་རྗེས། ཏག་ཏག་ལོ་ངོ་གསུམ་ཙམ་གྱི་མཇུག་གི་བཟོ་སྐྲུན་གྱི་གོ་རིམ་བརྒྱུད་ནས་གྲུབ་པ་ཡིན། དེ་ལ་འཁྲབ་ཁྲིད་པ་ཁོང་གི་མི་དང་སྤྱི་ཚོགས། དད་མོས་དང་རིག་གནས་བར་གྱི་གཏིང་ཟབ་པའི་བརྗོད་གཞིའི་བསམ་གཞིགས་ཤིག་ཁྱབ་འདུས་བྱས་འདུག
གཟིགས་འབུལ་ཡོངས་བསྒྲགས་ཚོགས་འདུའི་ཐོག་འཇིགས་མེད་འཕྲིན་ལས་ཀྱིས་བཤད་རྒྱུར། ཁོའི་ཕ་ལགས་ནི«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»ནས«གསའ»ཡི་བར་དུ་དེང་རབས་དཔལ་ཡོན་གྱིས་བོད་མིའི་འཚོ་བ་དང་བསམ་བློར་ཐེབས་པའི་འགྱུར་བ་དང་ཐིམ་འདྲེས་ཀྱི་གནས་སྟངས་དངོས་བརྗོད་ནས་ཡོང་བ་རེད། «གསའ»ཡི་ཁྲོད་དུའང་དངོས་ཡོད་དང་འདས་པའི་ངག་རྒྱུན་གཉིས་མཉམ་བསྲེས་གྱིས་བསྟན་ཡོད་ལ། དེ་རུ་མིའི་འགྱུར་མེད་ཀྱི་དད་མོས་ལ་ཚོད་བགམ་བྱེད་སྟངས་ནི་བྱམས་སེམས་དང་བློ་རིག་གི་བསྡུས་གཟུགས་ཤིག་རེད་འདོད་ཟེར།
གློག་བརྙན་འདི་ནི་པདྨ་ཚེ་བརྟན་གྱི་གློག་བརྙན་སྔོན་མ་དག་ལས་ཐོལ་བརྒལ་གསར་པ་ཞིག་ཡིན་འདུག་ལ། ལྟ་མཁན་པས་གྲང་མདོག་གི་ཁོར་ཡུག་ལས་དྲོད་ཀྱིས་བལྟམས་པའི་བརྩེ་བ་དང་རེ་བ་ཞིག་ཚོར་ཐུབ་ལ། འཁྲབ་ཁྲིད་པ་ཁོང་གིས་ཚེ་སྲོག་དང་འཛམ་གླིང་། ཡང་ན་བོད་ཀྱི་རིག་གནས་ལ་མྱོང་རོལ་བྱེད་སྟངས་གསར་པ་ཞིག་ཀྱང་ཡིན་སྲིད།
འཁྲབ་ཁྲིད་པ་ཁོང་དང་ཐེངས་མང་མཉམ་འབྲེལ་བྱས་པའི་འཁྲབ་སྟོན་པ་སྦྱིན་པས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ནས་ཁོར་ཡིད་ཆེས་བྱས་ཏེ་གློག་བརྙན་འདིའི་གཙོ་འཁྲབ་པའི་འགན་སྤྲད་པར་བཀའ་དྲིན་ཞུས་ཤིང་། དེ་མིན། གློག་བརྙན་འདིར་རྒྱལ་སྤྱིའི་ལྟད་མོ་བས་དགའ་བསུ་ཐོབ་པར་སྨོན་འདུན་ཞུས།
ཐེངས་དང་པོར་པདྨ་ཚེ་བརྟན་དང་མཉམ་འབྲེལ་བྱས་པའི་རྒྱའི་འཁྲབ་སྟོན་པ་ཞོང་ཙི་ཆིས་ནས་གློག་བརྙན«གསའ»ཡི་ཁྲོད་དུ་འཁྲབ་ཞུགས་བྱ་ཐུབ་པ་ནི་ཁོའི་མི་ཚེ་འདིའི་ལས་སྐལ་ཡག་པོ་ཞིག་ཏུ་ངོས་བཟུང་ཡོད་ཚུལ་དང་། གློག་བརྙན་ཁྲོད་ཀྱི་མི་དང་སྲོག་ཆགས་ཀྱི་འབྲེལ་བ་ནི་མི་ཚེའི་ཁྲོད་ཀྱི་དཔྱད་ཞིབ་བྱ་ཡུལ་གལ་ཆེན་ཞིག་རེད་ཟེར།
ཚེ་བརྟན་བཀྲ་ཤིས་ནས་འཁྲབ་ཁྲིད་པ་ཁོང་ལ་བཀའ་དྲིན་ཞུས་པའི་མི་ཚད། འཁྲབ་ཁྲིད་པ་ཁོང་གིས་ཁོ་རང་ཕལ་བའི་མི་ཞིག་ནས་འདི་ལྟར་རྒྱལ་སྤྱིའི་གློག་བརྙན་སྟེགས་བུ་ཆེན་པོ་ཞིག་ཏུ་ཁྲིད་པ་ཡིན་ཟེར། དེ་མིན། ཁོས་བསམ་ན་གློག་བརྙན«གསའ»ཡིས་རང་བྱུང་ཁམས་ཀྱི་བརྩེ་བ་བརྗོད་འདུག་ལ། དེ་ནི་ཅི་འདྲའི་བླ་ན་མེད་པའི་བརྩེ་བ་ཞིག་རེད་ཨང་ཟེར།
གློག་བརྙན་འདིའི་ནང་། གསའ་ཞིག་གིས་འབྲོག་པའི་ཁྱིམ་ཚང་ཞིག་གི་ལུག་དགུ་བསད་པའི་གཏམ་རྒྱུད་ཅིག་གཞིར་བཟུང་དེ། ལུག་བདག་དང་སྲུང་སྐྱོབ་ཚོགས་པའི་བར་ལ་རྩོད་ཉོག་རབ་དང་རིམ་པ་བྱས་ཤིང་། མདོར་ན་གསའ་གློད་གྲོལ་བྱ་མིན་ལ་སོ་སོའི་བསམ་བློའི་ལངས་ཕྱོགས་ནས་རྩོད་པ་ཡང་ཡང་བྱས་ཀྱང་འདོད་ཐོག་ཏུ་མ་ཡོང་པས། མཇུག་མཐར་ལག་བསྲེས་པའི་ཚད་དུ་སླེབས།
གློག་བརྙན་འདིའི་བརྗོད་བྱ་ནི་མི་དང་མིའི་གནས་སྟངས་དམིགས་སུ་བཟུང་བའི་ཁོང་གི་གློག་བརྙན་སྔོན་མ་དག་ལས་བརྒལ་ཏེ། གོ་སླ་ལ་གཏིང་ཟབ་བའི་སྒོ་ནས་མི་དང་གཅན་གཟན། རང་བྱུང་ཁམས་ནི་ཕན་ཚུན་རྟེན་འབྱུང་གི་ཚུལ་དུ་གནས་པ་བསྟན་གཞིར་བྱས། སྣོད་བཅུད་ཀྱི་འབྲེལ་བ་དེ་ཉིད་རང་གི་གློག་བརྙན་གྱི་ཁྱད་ཆོས་སུ་བསྡུས་ཏེ། དོན་ལ་མི་དང་གཅན་གཟན་བར་ལ་གནོད་པའི་འབྲེལ་བ་ཡོད་དམ། ཡང་ན་ཕན་པའི་འབྲེལ་བ་ཡོད་པར་དོགས་སློང་བྱས་ཡོད། དེ་མིན་སྤྱི་ཚོགས་དང་དཔལ་འབྱོར། དད་མོས་སོགས་རང་བྱུང་ཁམས་དང་མི་ཆོས་ཀྱི་སྐྱེ་ཁམས་མ་ལག་ཁྲོད་འཕྲད་པའི་དཀའ་ཉོག་དང་འགྲན་སློང་བཅས་གཏིང་ཟབ་པའི་སྒོ་ནས་བརྗོད་པ་དེས་གློག་བརྙན་འདིར་ཚད་མཐོ་བའི་བསམ་བློ་དང་སྒྱུ་རྩལ་གྱི་རིན་ཐང་བསྐྲུན་འདུག
གློག་བརྙན་འདི་ལ་པདྨ་ཚེ་བརྟན་ཁོང་གི་གློག་བརྙན་མཛེས་དཔྱོད་ཀྱི་ཁྱད་ཆོས་ཏེ། རྨི་ལམ་དང་སྙན་ངག་གི་བྲོ་བའི་ཁྱད་ཆོས་སྤྱད་ཡོད་དེ། གཏམ་རྒྱུད་ཀྱི་དངོས་ཡོད་དང་དངོས་བརྒལ་གྱི་རྣམ་པ་ཚོན་མདོག་དང་སྐྱ་བརྙན་གྱི་རྣམ་པས་བསྐྲུན་འདུག དེ་མིན། གློག་བརྙན་འདི་ནི་པདྨ་ཚེ་བརྟན་ལགས་ཀྱི་གཞི་རྒྱ་ཆེས་ཆེ་བའི་བཟོ་སྐྲུན་དང་། CGལག་རྩལ་སྤྱད་པའི་གློག་བརྙན་ཐོག་མ་ཡིན་འདུག
རྒྱལ་སྤྱིའི་གཟིགས་འབུལ་བྱས་རྗེས། ཆེད་མཁས་བརྙན་དཔྱད་པ་མང་པོས་བཤད་རྒྱུར། གློག་བརྙན་འདིའི་དམིགས་བསལ་གྱི་མཐོང་ཚོར་གྱིས་བོད་པའི་རིག་གནས་ཀྱི་ཟབ་ཚད་དང་མཛེས་པའི་ཆ་མངོན་འདུག་ལ། མི་དང་རང་བྱུང་ཁམས་ཀྱི་མཉམ་གནས་འབྲེལ་བ་མཐོ་ཚད་གསར་བ་ཞིག་ཏུ་བསྟད་འདུག་ཟེར།དེ་མིན། ལྟད་མོ་བ་མང་པོས་པདྨ་ཚེ་བརྟན་གྱི་གློག་བརྙན་སྒྱུ་རྩལ་གྱི་མཐོ་ཚད་ལ་བསྟོད་པའི་མཐེ་བོང་ཅིག་ཅར་བསྒྲེངས་པར་མ་ཟད། འཁྲབ་ཁྲིད་པ་ཁོང་གི་བརྙན་ཞེན་པ་མང་པོས་བཤད་རྒྱུར། གློག་བརྙན་འདི་ནི་གློག་བརྙན་སྒྱུ་རྩལ་རྐྱང་བའི་རོལ་མྱོང་ཙམ་མིན་པར། དེ་ནི་མི་དང་རང་བྱུང་ཁམས། མི་དང་སྤྱི་ཚོགས། མི་དང་མིའི་བར་གྱི་འབྲེལ་བ་དང་རིན་ཐང་ལ་བསམ་གཞིགས་དང་ཞིབ་དཔྱད་བྱེད་པའི་གོ་སྐབས་ཐེངས་ཤིག་རེད་ཟེར།
འཁྲབ་ཁྲིད་པ་ཁོང་གིས་བོད་ཀྱི་རིག་གནས་དང་བོད་མིའི་དངོས་ཡོད་འཚོ་གནས་བརྗོད་པའི་གློག་བརྙན་གྱི་འཇིག་རྟེན་གསར་པ་ཞིག་བཞེངས་ཡོད་པ་ནི་སྨྲས་མི་དགོས་པ་ཞིག་རེད་ཨང་། དེ་ན་ཁོང་གི་གློག་བརྙན་ནི་མི་རིགས་རང་བཞིན་དང་། འཛམ་གླིང་རང་བཞིན་གྱི་བརྩམས་ཤིག་རེད་ཅེས་བརྗོད་ཆོག་ལ། ཁོང་གི་གློག་བརྙན་གྱིས་མཚོན་པའི་བོད་ཀྱི་མི་ཆོས་དང་དམིགས་བསལ་གྱི་རང་བྱུང་གི་མཛེས་པ་དག་ཁོང་གི་ཚེ་ཡི་མར་མེ་ཟད་ཚད་དུ་རྒྱལ་སྤྱིའི་སྒང་ལ་གྱ་ནོམ་པའི་ངང་བསྒྲགས་ཅི་ཐུབ་བྱས་པ་ཞིག་ཀྱང་རེད་ཨང་།
གློག་བརྙན་འདིར་ནན་ཅིས་དང་ཀྲིག་ཧའོ། པདྨ་ཚེ་བརྟན། ཀོང་ཡོས་སོགས་ནས་ཕབ་སྐྲུན་པའི་འགན་ཁུར་འདུག་ལ། ཝང་ལི་ནས་བཟོ་སྐྲུན་པ་དང་། ཚེ་མདོ་ནས་ལག་བསྟར་བཟོ་སྐྲུན་པ། དེ་མིན་བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་སྦྱིན་པ་དང་ཚེ་བརྟན་བཀྲ་ཤིས། རྒྱའི་འཁྲབ་སྟོན་པ་ཞོང་ཙི་ཆིས་བཅས་ཀྱིས་གཙོ་འཁྲབ་པའི་འགན་ཁུར་འདུག་པའི་མི་ཚད། དབང་སྒྲོན་འཚོ་ནས་ཆེད་ཞུས་འཁྲབ་སྟོན་པའི་འགན་ཡང་ཁུར་འདུག དེ་བཞིན་བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་རྒན་བློ་བཟང་ཆོས་འཕེལ་དང་། ན་གཞོན་གློག་བརྙན་འཁྲབ་སྟོན་པ་དགེ་འདུན་ཕུན་ཚོགས། ཀུན་བདེ། རྒྱའི་འཁྲབ་སྟོན་པ་ཏང་ཧའོ་ཡོས། བོད་ཀྱི་འཁྲབ་སྟོན་པ་འཇིགས་བྷ། དཀའ་ཐུབ་ཚེ་རིང་། བདེ་ཆེན་གཡང་འཛོམས། འཇུ་ཁྱུང་ཆེན་སོགས་ཡང་རེབ་འདིའི་གློག་བརྙན་ཁྲོད་འཁྲབ་ཞུགས་བྱས་འདུག
གློག་བརྙན་འདི་ཕབ་སྐྲུན་བྱ་ཡུལ་ནི་མགོ་ལོག་རྨ་སྟོད་ཀྱི་རི་ཆུའི་བཀོད་པ་རབ་ཏུ་མཛེས་པའི་སྟོང་རི་མཚོ་རྒན་གྱི་ཉེ་འདབས། རི་དྭགས་གསའ་རྒྱུན་སྡོད་བྱ་ཡུལ་ནས་ཕབ་སྐྲུན་བྱས་པ་ཡིན།
ཐེངས་འདིའི་བརྙན་ལེན་པ་ནི་བྷིས་ལིས་ཧྲིའི་ན་གཞོན་བརྙན་ལེན་པ་མར་ཐིས་ཡཱ་སི་དང་། གདུགས་དཀར་ཚེ་རིང་གིས་སྒྲ་དང་རོལ་མོའི་འཛུབ་སྟོན། སྟག་རྩེ་དོན་འགྲུབ་ནས་མཛེས་རིས་འཛུབ་སྟོན་པ། དེ་མིན། ཁྱད་རྩལ་འཛུབ་སྟོན་པ་ནི་ཀྲང་ཧན་སུའུ་དང་། ཁྱད་རྩལ་སྤྱི་བ་ཀྲང་པའེ་ཕིན། ཧྥང་ཞའོ་པིན་སོགས་ཀྱིས་གྲུབ་པའི་རྒྱལ་ནང་གི་ཁྱད་རྩལ་ལག་རྩལ་རྩེར་སོན་རུ་ཁག་གིས་གློག་བརྙན་འདིའི་མཇུག་གི་ཁྱལ་རྩལ་བཟོ་སྐྲུན་གྱི་ལས་ཀ་ལེགས་པར་བསྐྱངས་འདུག
གློག་བརྙན་འདི་ནི་པེ་ཅིང་ནན་ཅིས་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་དང་། པེ་ཅིང་རིག་ལའེ་ཁའེ་ཁྲང་རིག་གནས་སྨྱན་སྦྱོར་ཀུང་ཟི། མཚོ་སྔོན་མ་ཎི་རྡོ་འབུམ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི། ཧྲིན་ཀྲིན་མཛོ་སྣ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི། ཨེ་ཆིས་ཡིས་གློག་བརྙན་ལས་རིགས་པེ་ཅིང་ཀུང་ཟི། པེ་ཅིང་ཝིན་ཐིག་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི། ཧང་ཀྲིག་ཧའེ་ཞིས་གློག་ཆས་ཚོང་དོན་ཚད་ཡོད་ཀུང་ཟི། ཧྲང་ཧའེ་ཧྥང་ཐན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི། པེ་ཅིན་ཡུན་ཧྭ་ཧྲི་ཀང་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་འབྲེལ་གྱིས་ཕབ་སྐྲུན་བྱས་ཤིང་། མཚོ་སྔོན་མ་ཎི་རྡོ་འབུམ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་དང་ཀྲུང་གོ་མཛེས་རྩལ་སློབ་གླིང་གློག་བརྙན་སྨྱན་སྦྱོར་ཚད་ཡོད་ཀུང་ཟི་གཉིས་ནས་བཟོ་སྐྲུན་ལས་ཁུངས་ཀྱི་འགན་ཁུར་ཡོད།
འབྲེལ་ཡོད་འོས་སྦྱོར།