logo

«ཤན་འདན་སྟག་སེང་ཁ་སྤྲོད»མཚོ་སྔོན་ཟློས་གར་ཁང་ནས་འཁྲབ་སྟོན་བྱས།

རྩོམ་པ་པོ།: ཡོང་ཁུངས།:ཨ་མདོ་བརྙན་འཕྲིན། དུས་ཚོད།:2023-09-29 ཀློག་གྲངས།:
གེ་སར་སྒྲུང་གར་སྟེགས་ཟློས་གར་ཆེན་མོ«ཤན་འདན་སྟག་སེང་ཁ་སྤྲོད»ཅེས་པ་མཚོ་སྔོན་ཟློས་གར་ཁང་ནས་གཟིགས་འབུལ་འཁྲབ་སྟོན་བྱས།
 
       སྤྱི་ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ཀའི་སྟེང་། ཞིན་ཧེ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། རྫོང་རིག་གནས་ཁང་གིས་འཁྲབ་སྟོན་བྱས་པའི་གེ་སར་སྒྲུང་གར་སྟེགས་ཟློས་གར་ཆེན་མོ«ཤན་འདན་སྟག་སེང་ཁ་སྤྲོད»ཅེས་པ་གནའ་མཁར་ཟི་ལིང་གི་མཚོ་སྔོན་ཟློས་གར་ཁང་ཆེན་མོ་ནས་གཟིགས་འབུལ་འཁྲབ་སྟོན་བྱས།

       གེ་སར་སྒྲུང་གི་གར་སྟེགས་ཟློས་གར་ཆེན་མོ«ཤན་འདན་སྟག་སེང་ཁ་སྤྲོད»ཅེས་པ་འདི་ནི། ཞིན་ཧེ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོང་འོག ཞིན་ཧེ་རྫོང་རིག་གནས་ཁང་གིས་ལོ་ངོ་གསུམ་གྱི་ཡར་སྔོན་ནས་རྩོམ་སྒྲིག་དང་འཁྲབ་སྦྱོང་གི་མགོ་བརྩམས་ཤིང་། ད་ལོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ལེགས་སྐྱེས་སུ་རྒྱལ་སྟོན་དུས་ཆེན་གྱི་སྐབས་དང་བསྟུན་ནས་ཀུན་ལ་གཟིགས་འབུལ་གནང་བའི་གར་སྟེགས་ཟློས་གར་ཆེན་མོ་ཞིག་ཡིན་པ་རེད།


       གར་སྟེགས་ཟློས་གར་ཆེན་མོ་འདིས་ཧོར་ཤན་པ་རྨེ་རུ་རྩེ་དང་བློན་ཚ་ཞང་འདན་མ་བྱང་ཁྲ་གཉིས་ཀྱི་བར་ལ་འཁྲུག་རྩོད་ཛ་དྲག་བྱུང་བའི་གླིང་སྒྲུང་གི་གཏམ་རྒྱུད་དེ་གསོན་ཉམས་ལྡན་པའི་སྒོ་ནས་གར་སྟེགས་ཟློས་གར་ཏུ་བཅོས་སྒྲིག་གནང་སྟེ། གར་སྟེགས་ཀྱི་འཁྲབ་ལྗོངས་བཀོད་པ་དང་། འཁྲབ་ཆས་ཀྱི་ཇུས་འགོད། མི་སྣའི་འཁྲབ་སྟོན། རོལ་མོའི་སྡེབ་སྒྲིག་ལ་སོགས་པ་ཆེད་ལས་གར་སྟེགས་ཟློས་གར་གྱི་ཚད་གཞི་རུ་མཐོར་འདེགས་བཏང་ནས་འཁྲབ་སྟོན་བགྱིས་ཡོད་པས་སྒྱུ་རྩལ་གྱི་ཁྱད་འཕགས་རང་བཞིན་ཆེས་ཆེར་མངའ་ཞིང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ལྟད་མོ་བའི་གསན་གཟིགས་མྱོང་རོལ་གྱི་དགོས་མཁོ་བསྐང་ཕྱིར་འཁྲབ་ཚིག་ཇུས་འགོད་ཀྱི་ཆ་ནས་ཁ་སྐད་དང་བསྟུན་ཅི་ཐུབ་བྱས་ཡོད་པས་གོ་བདེ་ཞིང་ཟློས་གར་གྱི་བརྗོད་དོན་བདེ་བླག་ཏུ་རྟོགས་ཐུབ་པའི་དགེ་མཚན་ཆེན་པོ་ལྡན་པས། ཡུལ་དངོས་ཀྱི་ལྟ་མཁན་མང་པོས་དགའ་བསུ་དང་གདེང་འཇོག་ཆེན་པོ་ཐོབ།
འབྲེལ་ཡོད་འོས་སྦྱོར།