logo

«ལས་དབང་གི་མཇལ་འཛོམས»ནན་ཅིན་ནས་འཁྲབ་སྟོན་བྱེད་པར་སྟ་གོན་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2023-10-26 ཀློག་གྲངས།:
«ལས་དབང་གི་མཇལ་འཛོམས»ཞེས་པའི་མི་རིགས་རོལ་དབྱངས་ཟློས་གར་ཆེན་མོ་ནན་ཅིན་ནས་སྐོར་བསྐྱོད་འཁྲབ་སྟོན་བྱེད་པར་སྟ་གོན་བྱས།
 
       ཟླ10བའི་ཚེས25ཉིན། མི་རིགས་རོལ་དབྱངས་ཟློས་གར་ཆེན་མོ«ལས་དབང་གི་མཇལ་འཛོམས»ཞེས་པའི་འཁྲབ་སྟོན་མི་སྣས་ནན་ཅིང་གྲོང་ཁྱེར་ལི་ཀྲི་ཟློས་གར་ཁང་ཆེན་མོའི་ནང་དུ་སྦྱོང་བ་བྱེད་བཞིན་ཡོད། མཚོ་ལྷོ་ཁུལ་གྱི་འཁྲབ་སྟོན་མི་སྣ60ལྷག་ནན་ཅིང་དུ་འབྱོར་རྗེས་མྱུར་དུ་འཁྲབ་ཚན་ནང་སྦྱོང་དང་སྒྲིག་ཆས་སྙོམས་སྒྲིག་ཚོད་ལྟའི་བྱ་བའི་ནང་ཞུགས་ནས་ཅང་སུའུ་ཡི་ལྟད་མོ་བར་སྟོན་མོ་གཟབ་རྒྱས་ཤིག་སྟོན་ཐུབ་པར་འབད་བརྩོན་བྱེད་བཞིན་ཡོད་པ་རེད།
       རྒྱབ་ལྗོངས་དང་འོད་གློག་སྒྲིག་ཆས་སྒྲིག་སྦྱོར་དང་སྙོམས་སྒྲིག་ཚོད་ལྟ་མགྱོགས་མྱུར་གྱིས་མགོ་བརྩམས་པ་དང་། ཟློས་གར་འཁྲབ་ཁྲིད་པས་ངོ་སྤྲོད་བྱས་པ་ལྟར་ན་མིག་སྔར་སྒྲིག་སྦྱོར་སྟེགས་བུ་ལེགས་འགྲུབ་བྱུང་ཡོད་ནའང་གར་སྟེགས་ཆེ་ཆུང་མི་འདྲ་བ་དང་། འཁྲབ་སྟོན་པའི་ས་ཚིགས་དང་གློག་འོད་སོགས་ཚང་མ་གནས་སྐབས་ལེགས་སྒྲིག་བྱེད་དགོས་པས་འཁྲབ་སྟོན་པ་ཚང་མས་ངེས་པར་དུ་མགྱོགས་མྱུར་ངང་རྒྱུས་མངའ་ལོན་པར་བྱ་དགོས། འཁྲབ་སྟོན་ཚན་ཆུང་དང་གར་སྟེགས་སྒྲིག་སྦྱོར་ཚན་ཆུང་། འཁྲབ་ཆས་ཚན་ཆུང་། མཛེས་འཆོས་ཚན་ཆུང་སོགས་ཚང་མར་ཚན་ཆུང་གི་མགོ་འཛིན་དང་མགོ་འཛིན་གཞོན་པ་བཀོད་སྒྲིག་བྱས་ཡོད་པ་དང་ཚན་ཆུང་རེ་རེར་འགན་འཁྲི་གཏན་འཁེལ་བྱས་ཡོད། གནད་དོན་དང་སྐྱོན་ཆ་གང་ཞིག་ཡོད་ཀྱང་འཕྲལ་མར་ཡར་ཞུ་བྱས་ནས་ཐག་གཅོད་བྱེད་དགོས་ཞེས་འཁྲབ་ཁྲིད་པས་བཤད།
       ཡུལ་དངོས་སུ་རྒྱུས་ལོན་བྱུང་བ་ལྟར་ན། ཕྱི་དྲོ་དེར་མཛེས་ཆས་སྤྲས་ནས་སྔོན་སྦྱོང་ཐེངས་དང་པོ་བྱས་པ་དང་། མདོ་འཛིན་དང་གློག་འོད། སྒྲ ཡི་གེ། པར་རིས་བཅས་ཚུད་པའི་གོ་རིམ་སོ་སོ་ཕྱོགས་ཡོངས་ནས་གཞོགས་འདེགས་བྱེད་དགོས་པ་དང་མཛེས་ཆས་སྤྲས་ནས་སྔོན་སྦྱོང་བྱེད་པའི་ཁྲོད། ཚན་ཆུང་རེ་རེར་ཡིས་འཁྲབ་སྟོན་གོ་རིམ་གྱི་མི་འདང་ས་འཚོལ་ཞིབ་བྱས་ཏེ། འཁྲབ་སྟོན་ཡག་པོ་ཞིག་ཡོང་བར་ཧུར་བརྩོན་བྱེད་བཞིན་ཡོད།
       སྐོར་བསྐྱོད་འཁྲབ་སྟོན་གྱི་ལས་འགན་འབྱོར་རྗེས་ཁུལ་མི་རིགས་གླུ་གར་ཚོགས་པའི་འཁྲབ་སྟོན་པ་མང་པོ་ཞིག་གིས་རང་འགུལ་ངང་ངལ་གསོ་མཚམས་བཞག་སྟེ་ཉིན་མཚན་དབྱེར་མེད་ངང་སྦྱོང་བ་བྱས་ནས་ཟླ་བ་གཉིས་ཙམ་སོང་ཡོད། ད་ལྟ་མཐོ་སྒང་གི་དབྱང་རླུང་མི་འདང་བའི་ཁོར་ཡུག་ནས་དབྱང་རླུང་མང་བའི་འབྲི་ཆུའི་ལྷོ་རྒྱུད་དུ་ཐོན་ཡོད་པས་འཁྲབ་སྟོན་པ་ཚོར་ངལ་དུབ་ཀྱིས་གཉིད་ཅོག་རྒྱག་པ་སོགས་ཀྱི་སྣང་ཚུལ་བྱུང་ཡང་ཚང་མས་དཀའ་བ་ཁྱད་བསད་བྱས་ཏེ། སྙན་འཇེབས་ཀྱི་གླུ་སྐད་དང་གར་གྱི་སྟངས་སྟབས་ལ་བརྟེན་ནས་མཚོ་ལྷོའི་མི་དམངས་ཀྱིས་ཅང་སུའུ་ལ་བཅངས་པའི་དྲིན་ཚོར་གྱི་བརྩེ་སེམས་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་བསྐྱལ་བ་རེད།
འབྲེལ་ཡོད་འོས་སྦྱོར།