logo

གློག་བརྙན«གཅིག་དང་བཞི»ལ་བལྟས་པའི་མྱོང་ཚོར།

རྩོམ་པ་པོ།:འཇིགས་བྱེད་འཚོ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-11-27 ཀློག་གྲངས།:
སྐྱེས་པ་བཞི་ལ་གར་སྟེགས་གཅིག
                              —གློག་བརྙན«གཅིག་དང་བཞི»ལ་བལྟས་པའི་མྱོང་ཚོར།

       གྲང་ཤུར་ཤུར་གྱི་ཞོགས་པ་ཞིག་ལ་གློ་བུར་སྒོ་བརྡུངས་པའི་ཁྲོག་སྒྲ་ཞིག་གིས་ནགས་སྲུང་པ་སངས་རྒྱས་ཀྱི་ཁང་མིག་གི་ལྷིང་འཇགས་དཀྲོགས་སོང་བར་མ་ཟད། ཁོའི་སེམས་ཀྱི་ལྷིང་འཇགས་ཀྱང་ཡོངས་སུ་དཀྲོགས། ཉིན་དེར་མ་བོས་མགྲོན་པོ་གཅིག་རྗེས་གཉིས་མཐུད་ཀྱིས་ཁོའི་ཁང་མིག་ཏུ་སླེབས་ཡོང་། ཐོག་མར་ཡོང་མཁན་ནི་ཀུན་བྷོ་སྟེ་ཁོའི་གྲོགས་པོའམ་སྡེ་བ་གཅིག་པའི་མི་ཡིན་པ་དང་སངས་རྒྱས་ཀྱི་ཆུང་མས་བསྐུར་བའི་གཉེན་འཐོར་ཡི་གེ་བསྐྱལ་ཡོང་བ་ཡིན་ཟེར། དེའི་རྗེས་ནས་ངོ་གདོང་ལ་རྨས་ཆེན་པོ་ཕོག་པའི་སྐྱེས་པ་ཞིག་ཡོང་བ་སྟེ། ཁོ་རང་ནགས་ཚལ་སྤྱི་བདེ་པ་ཡིན་པ་དང་རི་སྐྱེས་ཤྭ་བ་ལྐོག་རྔོན་མཁན་འཛིན་བཟུང་བྱེད་དུ་ཡོང་བ་ཡིན་ཚུལ་དང་དེའི་བརྒྱུད་རིམ་ཁྲོད་དོན་རྐྱེན་ཅི་ཞིག་བྱུང་བ་བརྙན་མིག་ཕྱིར་གཏོང་གི་ཚུལ་གྱིས་ལབ་པ་དང་། ཀུན་བྷོ་ནི་ལྐོག་རྔོན་མཁན་དག་གི་སྣེ་ཁྲིད་པ་ཡིན་པའི་དོགས་སེམས་བཅངས། ཀུན་བྷོས་རང་ཉིད་ལ་མ་ཉེས་ཁ་གཡོགས་ཐེབས་སོང་བ་དང་རང་ཉིད་ཡོང་དོན་ནི་སངས་རྒྱས་ལ་གཉེན་འཐོར་ཡི་གེ་བསྐྱལ་ཡོང་བ་ཡིན། ལམ་བར་ནས་ཉེན་རྟོག་པ་དང་ཇག་པའི་བར་གྱི་བདའ་འདེད་དོན་རྐྱེན་དེ་མིག་གིས་དངོས་སུ་མཐོང་སོང་བར་ལབ། ཆེས་མཇུག་མཐར་ཡོང་བའི་མགྲོན་པོ་ཡང་ངོ་གདོང་ཚང་མ་རྨ་ཁས་ཁེངས་ཤིང་ཁོས་རང་ཉིད་ད་གཟོད་ནགས་ཚལ་སྤྱི་བདེ་པ་ངོ་མ་ཡིན་པ་དང་སྔོན་མ་དེ་ལྐོག་རྔོན་མཁན་ཡིན་ཚུལ་བདེན་རབས་ཤིག་བཤད་པས། དོན་དམ་པར་སུ་ལྐོག་རྔོན་མཁན་ཡིན་པ་དང་སུ་སྤྱི་བདེ་པ་ཡིན་པ་བདེན་རྫུན་གྱི་དབྱེ་བ་འབྱེད་དཀའ་བར་གྱུར་ཏེ་གཏམ་རྒྱུད་དེ་ར་ཤོ་མོནགྱི་དོན་རྐྱེན་ཞིག་གི་སྒོ་རུ་ཚུད། སྐྱེས་པ་བཞི་པོ་ཁང་མིག་གཅིག་ཏུ་འཛོམས་ཏེ་ཕན་ཚུན་གདོང་ཐུག་ཁུངས་སྐྱེལ་བྱེད་པའི་སྐབས་སུ། གློག་བརྙན་གྱི་མིང་སྟེ་གཅིག་དང་བཞི་ཞེས་པའི་བརྗོད་དོན་ཀྱང་དོན་དངོས་གཅིག་ལ་བཤད་སྟངས་བཞི་ཟེར་བ་མིན་ནམ་སྙམ་ལ། ཡང་ན་སྐྱེས་པ་བཞི་ལ་གར་སྟེགས་གཅིག་ཅེས་ནའང་མི་ཆོག་པ་མེད་པར་སྙམ།  ཡིན་ཡང་གཅིག་གིས་གཅིག་ལ་གཏད་པའི་བོའུ་སྐད་དང་བཅས་ཏེ་གློག་བརྙན་གྱི་མཇུག་གློ་བུར་དུ་བསྡུས་པས། དོན་དངོས་ཅི་ཞིག་ཡིན་པ་དེ་དུས་གཏན་དུ་འགྲེལ་མེད་ཀྱི་གབ་ཚིག་ཅིག་ཏུ་གྱུར།
       ཐོག་མར་འདི་ནི་ཉེན་རྟོག་པ་དང་རྐུན་མའི་བར་གྱི་བདའ་འདེད་ཀྱི་གཏམ་རྒྱུད་ཀྱི་སྤྱི་ཁོག་ལ། གློག་བརྙན་རིགས་དབྱེའི་ཁྲོད་ཀྱི་དོགས་ཚོམ་གློག་བརྙན་གྱི་རིགས་སུ་ཕབ་འདུག་མོད། དོན་བརྗོད་ཀྱི་རྣམ་པ་ནི་ཁི་རོ་ས་ཝ་ཡི«ར་ཤོ་མོན»གྱི་སྣེ་མང་དོན་བརྗོད་ཀྱི་ལུགས་ཇི་བཞིན་དུ་སོང་ཡོད་པ་སྟེ། མི་སྣ་སོ་སོའི་དོན་རྐྱེན་གྱི་འགྲེལ་སྟངས་ནི་ཁོ་རང་ཉིད་ཀྱི་མཐོང་སྣེ་བརྒྱུད་དེ་བརྙན་མིག་ཕྱིར་གཏོང་གིས་རང་ཉིད་ལ་ཕན་པའི་སྐད་ཆ་ཁོ་ན་བཤད་པ་དང་། རང་ཉིད་ལ་དཀར་འདོན་ཅི་ཐུབ་བྱེད་པའི་མི་གཤིས་ཀྱི་སྒེར་སེམས་དང་ཐ་ཤལ་པའི་རང་བཞིན་མངོན་པར་མཚོན་པའི་ལག་ཐབས་སྤྱད་འདུག ཡིན་ཡང་། འཇིགས་མེད་འཕྲིན་ལས་ཀྱི་ཤུགས་འདོན་ས་གཙོ་བོ་ནི་མི་གཤིས་ལ་སུན་འབྱིན་བྱེད་རྒྱུ་དེ་མ་ཡིན་པར་རོལ་རྩེད་ཀྱི་སྟེང་དུ་བབས་ཡོད་པར་བསམ། འདི་ནི་ཁོ་རང་གི་ལོ་ཚོད་དང་ཧ་ཅང་མཐུན་པའམ་དང་ཡང་ན་ལོ་ཚོད་འདི་ལ་ཆེས་ཡོད་འོས་པའི་ཚུགས་ཀ་ཞིག་ཏུ་འདོད་དེ། མི་ཟབ་ཟབ་མདོག་གིས་མི་ཚེ་ལ་ལམ་སྟོན་བྱེད་ཀྱིན་མེད་ལ། ནད་མེད་འཁུན་སྒྲ་ཡིས་དུས་རབས་ལ་སྨྲེ་སྔགས་ཀྱང་འདོན་གྱིན་མེད་པར། གསང་པོ་ཟོལ་མེད་དང་ཁུར་བོ་མེད་པའི་སེམས་ཁམས་སྤྲོ་པོ་ཞིག་གིས་ལྟད་མོ་པ་དང་གབ་རྩེད་བྱེད་པའི་གཞོན་ནུ་ཞིག་གི་རང་གཤིས་མཐོང་ཐུབ། འདིར་བཤད་པའི་རོལ་རྩེད་ཀྱང་གཞན་མ་ཡིན་པར་གློག་བརྙན་གྱི་རྩལ་ལ་མངའ་དབང་བརྙེས་པའི་ནུས་པ་ཞིག་ལ་ཟེར་བ་ཡིན་ཏེ། དཔེར་ན། མི་སྣའི་ངོ་གདོང་གི་ཞིབ་འབྲི་ཐེངས་མང་སྤྱད་དེ། མི་སྣ་དང་མི་སྣའི་བར་འཐབ་རྩོད་འཐེན་འཁྱེར་བྱེད་པའི་རྐྱོང་ཤུགས་དང་གནོན་ཤུགས་ཆེས་ཆེར་བཏང་འདུག་ལ། མི་སྣའི་བར་གྱི་བློ་མི་བདེ་བ་དང་ཕན་ཚུན་དོགས་སེམས་བཅངས་པའི་ཤུགས་སུ་ལྷོག་ལྷོག་ཏུ་འཁྲུགས་ཀྱིན་པའི་ནང་སེམས་ཀྱི་འགྱུར་བག་མཚོན་སྟངས་ནི་ཚད་དང་རན་པ་དང་། གློག་བརྙན་ནང་གི་མི་སྣ་དག་གར་སྟེགས་སུ་གཅིག་རྗེས་གཅིག་མཐུད་ཀྱིས་འཛུལ་ཡོང་བའི་གཏམ་རྒྱུད་ཀྱི་སྒྲིག་གཞི་དང་ཇུས་འགོད་ཐབས་མཁས་ཡིན་པ། ད་དུང་ཁྲོག་ཁྲོག་གི་སྒོ་རྡུང་སྒྲ་ཡིས་ཀྱང་གློག་བརྙན་ལ་སྐྲག་སྣང་ངམ་དོགས་ཚོམ་གྱི་ཉམས་སྣང་ཕུན་སུམ་ཚོགས་པ་ཞིག་བསྣན་ཡོད་པ་དང་། མི་སྣ་ཚང་མ་མཉམ་འཛོམས་བྱུང་རྗེས་ཀྱི་ཟིང་ཆ་དང་ཉེན་ཚབས་ཀྱི་མཁའ་དབུགས་བསྐྲུན་པའང་གནད་དུ་སོང་ཡོད་པས། གློག་བརྙན་གྱི་དོགས་སྣང་གི་སྤྱིའི་གཞི་གདངས་ངང་གིས་གྲུབ་པར་བྱས་ཡོད་པ་སོགས་བརྙན་མིག་སྐད་བརྡའི་སྤྱོད་སྟངས་དང་གཏམ་རྒྱུད་དང་དོན་བརྗོད་ལ་ཁ་ལོ་བསྒྱུར་བར་རྩལ་དང་ནུས་པ་འདི་འདྲ་ཞིག་ངོམ་ཐུབ་པ་ནི་ན་ཚོད་འདི་འདྲ་ཞིག་དང་མི་ཚེ་ཡི་ཐོག་མའི་བརྩམས་ཆོས་ཤིག་ལ་མཚོན་ན་ཆེད་ལས་ཆུ་ཚད་ཧ་ཅང་སྨིན་ཡོད་པའི་རྟགས་སུ་མཐོང་།
       འཇིགས་མེད་འཕྲིན་ལས་གློག་བརྙན་གྱི་ལམ་དུ་ཞུགས་པ་ནི་ཁོ་རང་ཉིད་ཀྱི་ཨ་ཕ་སྟེ་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་གྱི་ཤན་ཤུགས་དང་ལམ་སྟོན་ལ་འབྲེལ་བ་ཐད་ཀར་ཡོད་པ་སྨོས་མ་དགོས་ཤིང་། ཕ་རྒན་གྱི་རྐྱེན་གྱིས་དོ་སྣང་དང་ཐུགས་ཁུར་མང་པོ་ཐོབ་པའི་ཞོར་དུ། ཁོའི་གྲུབ་འབྲས་ལ་དོགས་འདྲི་བྱེད་སྲིད་པ་ནི་ད་སྔ་ཁོའི་གཡོལ་ཐབས་མེད་པའི་དོན་དག་ཅིག་སྟེ། ནང་སྒོས་སུ་གློག་བརྙན་འདི་ནི་པདྨ་ཚེ་བརྟན་ཚེ་ཐོག་ཏུ་ཡོད་དུས་ཕབ་སྐྲུན་བྱས་པ་དང་པདྨ་ཚེ་བརྟན་གྱིས་བརྙན་སྐྲུན་པའི་འགན་ཁུར་ཡོད་པས། སྲ་ཆས་མཉེན་ཆས་གང་རུང་གི་ཕྱོགས་ནས་ཁོའི་ལས་དོན་གྱི་མགོ་འཛུགས་ས་མཐོ་བ་སོགས་ལ་བསྙད་དེ། ཁོ་རང་སྟེང་གི་བརྩོན་པ་དང་འཇོན་ནུས་ལ་སྣང་ཆུང་དང་དོགས་འདྲི་བྱེད་མཁན་མི་ཉུང་བར་མཐོང་། བློ་ཡུལ་ལས་འདས་པ་ཞིག་ནི་ཁོའི་ཐོག་མའི་བརྩམས་ཆོས་འདི་རུ་ང་ཚོས་པདྨ་ཚེ་བརྟན་གྱི་གྲིབ་གཟུགས་ཅུང་ཙམ་ཡང་མཐོང་དཀའ་ལ། ཐ་ན་ཁོའི་བརྩམས་ཆོས་འདི་པདྨ་ཚེ་བརྟན་གྱིས་ལམ་སྣེ་ཁྲིད་པའི“བོད་ཀྱི་རླབས་རྒྱུན་གསར་པ”ཡི་ཁོངས་སུ་བསྡུ་འོས་མིན་ཡང་དྲི་རྟགས་འགོད་དགོས་ས་ཞིག་ཏུ་འཁུམས་ཏེ། གློག་བརྙན་འདི་ནི་བོད་མི་རྐྱང་པའི་འཁྲབ་སྟོན་མིན་པ་དང་། བོད་སྐད་རྐྱང་པ་མིན་ཐོག་བོད་ཀྱི་རིག་གནས་དང་འཚོ་བ་མཚོན་པའི་ངེས་པའང་མ་མཆིས་པར། རིག་གནས་དང་ས་ཁོངས་བརྒལ་བའི་སྤྱིའི་སྐད་ཁུངས་ཤིག་ཏུ་གདའ། འདི་ལས་འཇིགས་མེད་འཕྲིན་ལས་ཀྱི་རྒྱུད་དུ་གསར་སྙེག་གི་བསམ་བློ་དང་ཐོད་རྒལ་གྱི་བློ་སྤོབས། ཡང་ན་ལམ་རྙིང་མི་འདེད་པའི་རྒྱབ་གཏོད་ཀྱི་སྙིང་སྟོབས་སམ་སྒེར་ཚུགས་ཀྱི་འདུ་ཤེས་ལྡན་པ་མཐོང་ཐུབ་པས། ཁོའི་གྲུབ་འབྲས་ལ་དོགས་འདྲི་བྱེད་པ་ནི་དྲང་བདེན་དང་འདྲ་མཉམ་མིན་ཡང་། སེམས་ཅན་གྱི་ཁ་སངས་རྒྱས་ཀྱིས་ཀྱང་མི་ཆོད་པས་བྱ་ཐབས་ཅི། ཁོས་ཕ་རྒན་དང་ཡོངས་སུ་མི་གཅིག་པའི་གསར་རྩོམ་གྱི་ལམ་བུ་ཞིག་བདམས་པ་འདི་ནི་ཁོ་རང་མི་སྒེར་ལ་མཚོན་ན་དོན་བཟང་ཞིག་ཡིན་སྲིད་དེ། མི་རིགས་དང་ཚོགས་སྤྱིའི་ཐོབ་ཐང་གི་འཆིང་རྒྱ་ལས་གྲོལ་ཏེ་གློག་བརྙན་ཞེས་པའི་རིག་པ་འདིའི་སྤྱི་དོན་དང་དེ་ཉིད་ལ་འཇུག་ཐབས་བྱས་ཡོད་པས་མིག་རྒྱང་ཞིག་དང་བློ་གདེང་ཞིག་ཡིན་ངེས་ལ། བོད་ཀྱི་གློག་བརྙན་ལ་མཚོན་ན་གྲི་ངོས་གཉིས་མ་ཞིག་ཡིན་སྲིད་དེ། འདི་ནས་བཟུང་བོད་ཀྱི་གློག་བརྙན་ལ་འདབ་ལག་གསར་པ་རྒྱས་ཤིང་། པདྨ་ཚེ་བརྟན་གྱི་རྗེས་ནས་བོད་ཀྱི་གློག་བརྙན་ལ་ཡང་བསྐྱར་ཟུངས་ཁྲག་གསར་པ་བསྣན་ཞིང་གསོན་ཤུགས་གསར་པ་སྦྱིན་པའམ་ཡང་ན་བོད་ཀྱི་གློག་བརྙན་གྱི་ཁྱད་ཆོས་རྨེག་མེད་དང་མག་མོག་ཏུ་བསྒྱུར་བའི་ཉེན་ཁ་ཞིག་ཡིན་ཀྱང་སྲིད། གང་ལྟར་ཡང་། ཁོ་རང་སྟེང་གི་ནུས་པ་ཡིན་ཡང་ཆོག བོད་ཀྱི་གློག་བརྙན་ལ་ཐེབས་པའི་ཤུགས་རྐྱེན་ཡིན་ཡང་ཆོག བརྩམས་ཆོས་གཅིག་གིས་ནི་ཁ་ཚོན་གཅོད་དཀའ་ལ། ཁོ་རང་ཡང་ལམ་དུ་ཆས་མ་ཐག་ཡིན་ལ་ད་ནས་བཟུང་ཕ་རྒན་ཟེར་བའི་བརྟེན་ས་དེའང་མེད་པས། མ་འོངས་པའི་ལམ་ཐག་རིང་མོ་ནི་ཁོ་རང་ཉིད་ཀྱིས་དངོས་སུ་རང་ཉིད་བདེན་དཔང་བྱེད་པའི་ལམ་ག་དེའོ། །

① ཉི་ཧོང་གི་སྐད་དེRashomon(罗生门)ཞེས་པའོ། །ཉི་ཧོང་གི་རྩོམ་པ་པོ་ཨ་ཀུའུ་ཏ་ག་བཱ་ཀེའུ་ནཱ་སུའུ་ཁི་ཏེ་སི་ཡི་བརྩམས་སྒྲུང་ཞིག་ཡིན་པ་དང་། རྗེས་སུ་ཁི་རོ་སཱ་ཝ་ཡིས་བཅོས་སྒྲིག་བྱས་ཏེ་གློག་བརྙན་དུ་ཕབ། མི་ཚང་མས་རང་ཉིད་ཀྱི་ཁེ་ཕན་གྱི་ཆེད་དུ་རྫུན་སྨྲ་བ་དང་རང་ཉིད་ལ་ཕན་པའི་གཏམ་ཁོ་ན་བཤད་དེ་བདེན་རྫུན་གྱི་དབྱེ་བ་མི་ཁོར་བ་དང་། དོན་དམ་གྱི་དོན་དངོས་ཅི་འདྲ་ཞིག་ཡིན་པ་ནམ་ཡང་ཤེས་ཐབས་བྲལ་བའི་གཏམ་རྒྱུད་ཅིག་བརྗོད་ཡོད་པ་དང་། རྗེས་ནས་རིམ་བཞིན་འདི་འདྲའི་སྣང་ཚུལ་ལ་ར་ཤོ་མོན་གྱི་དོན་རྐྱེན་ཞེས་འབོད་ཀྱིན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།