བོད་སྐད་སྤྲོ་གར་གློག་བརྙན«ཁྱིམ་ཚང་གཅིག་གི་མི»རིང་མིན་དྲ་སྒང་དུ་འགྲེམ་སྟོན་བྱེད་རྒྱུ་རེད།
རྩོམ་པ་པོ།:གསར་འགོད་པ། ཀྲོ་ཅི།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-01-19
ཀློག་གྲངས།:
བོད་ཀྱི་སྒྱུ་རྩལ་པ་གྲགས་ཅན་ཞི་བདེ་ཉི་མ་ལགས་ཀྱིས་འཁྲབ་གཞུང་བརྩམས་ཤིང་འཁྲབ་ཁྲིད་པ་དང་གཙོ་འཁྲབ་སོགས་ཀྱི་འགན་གཅིག་ལྕོགས་སུ་གནང་བའི་རིང་ཚད་ལ་ལེའུ་བཅུ་ཅན་གྱི་བོད་སྐད་མུ་འབྲེལ་སྤྲོ་གར་གློག་བརྙན«ཁྱིམ་ཚང་གཅིག་གི་མི»རིང་མིན་དྲ་ལམ་སོ་སོ་ནས་འགྲེམ་སྟོན་བྱེད་རྒྱུ་རེད།
གློག་བརྙན་འདིའི་ནང་། བོད་ཡུལ་ལུང་པ་ག་གེ་མོ་ཞིག་ཏུ། ཁྱིམ་བདག་མིང་ལ་སྐལ་བཟང་བྷ་ཁར་འབོད་པའི་མི་ཚང་ཞིག་གིས་ཉིན་རེ་བཞིན་དུ། མིང་ལ་སྐྱེས་ཆེན་ཀུ་རུ་རར་འབོད་པའི་ཁེ་ལས་པ་ཞིག་མགྲོན་དུ་ཕེབས་པར་རེ་སྒུག་བྱས་པའི་ཁྲོད། སྐད་ཆ་ནས་སྤྱོད་པའི་བར་ཕན་ཚུན་གོ་འཛོལ་ཐེབས་པ་སོགས། ཅི་ལྟར་བལྟས་ན་དེ་ལྟར་དགོད་བྲོ་བའི་གཏམ་རྒྱུད་གཅིག་འཕྲོར་གཅིག་འཁྲབ་ཡོད། ཕྱི་ཚུལ་ཙམ་དུ་བབ་ཆགས་པའི་ཁྱིམ་ཚང་ཕལ་བ་ཞིག་གི་ཉིན་རེའི་བྱུང་རིམ་ལྟར་ཡོད་མོད། ཞིབ་ཏུ་བསམས་ན། གཏམ་རྒྱུད་དེ་དག་རེ་རེའང་། འཚོ་བའི་རིན་ཐང་དང་མི་ཚེའི་དོན་སྙིང་གིས་མ་ཕྱུག་པ་གཅིག་ཙམ་མེད་ལ། ལྷག་པར་དེ་དག་ཐམས་ཅད་སྤྲོ་གར་སྒྱུ་རྩལ་གྱིས་རྩལ་དུ་བཏོན་ཡོད་པས། ཁྱོད་ལ་དགོད་ཁ་བསླངས་ཏེ་མིག་ཆུ་འཆོར་དུ་འཇུག་ངེས། མིག་ཆུའི་ཞོར་དུ་ད་དུང་མིག་ཆུ་གཞན་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་ཐོན་ཡོང་ངེས། དེ་ལས་ཀྱང་མི་སེམས་རྨང་ནས་སྒུལ་བར་བྱེད་པའི་བརྗོད་དོན་གླུ་གཞས་ཀྱིས་ཀྱང་ཁྱོད་ལ་དྲན་སེམས་ཟབ་མོ་ཞིག་བཟོས་ཡོང་བར་གདོན་མི་ཟའོ། །
སྤྲོ་གར་གློག་བརྙན་གྱི་འཁྲབ་གཞུང་རྩོམ་མཁན་དང་འཁྲབ་ཁྲིད་པ། འཁྲབ་གཙོ། ཞི་བདེ་ཉི་མ།
སྤྲོ་གར་གློག་བརྙན་འདིའི་ཁྲོད་དུ། བོད་ཡུལ་གྱི་སྐད་གྲགས་ཆོད་པའི་འཁྲབ་སྟོན་པ་དང་། གཞས་པ་གཞས་མ། དྲ་གྲགས་སོགས་ཀྱི་གསོན་ཉམས་ལྡན་པའི་འཁྲབ་སྟོན་གྱིས་ཀྱང་། ཁྱེད་ལ་སྒྱུ་རྩལ་གྱི་དགའ་སྟོན་གྱ་ནོམ་པ་ཞིག་གནང་ཡོང་ངོ་། །
སྤྲོ་གར་གློག་བརྙན་གྱི་ལག་བསྟར་འཁྲབ་ཁྲིད་པ། རྡོ་རྗེ་རྒྱལ་མཚན།
སྤྲོ་གར་གློག་བརྙན་འདི་ནི་ཞི་བདེ་ཉི་མ་ལགས་ཀྱིས«མོ་སྟོན་ཕག་མགོའི»རྗེས་སུ། ཡང་བསྐྱར་བོད་རོང་འབྲོག་མང་ཚོགས་ལ་ཁ་གཏད་དེ་བཟོས་པ་ཞིག་རེད་པས། རྒན་ཁོང་ལ་རྟེན་འབྲེལ་དང་ཐུགས་རྗེ་ཆེ་ཞུ་བའི་ཞར་དུ། ད་ལོའི་གནམ་ལོ་གསར་ཚེས་ཁྲོད། “སྐལ་བཟང་བྷ་ཁས”ཀྱང“མོ་བ་ཕག་ལོ”ཇི་བཞིན། བོད་ཡུལ“ཁྱིམ་ཚང་གཅིག་གི་མི”ཀུན་པོར། བཀྲ་ཤིས་ལྷན་འཛོམས་ཀྱི་བག་ཆགས་སྐྱིད་པོ་ཞིག་འཇོག་ཐུབ་པའི་སྨོན་འདུན་སྔོན་ལ་འདེབས་བར་བྱེད་དོ། །
གཙོ་འཁྲབ་པ་ཤེལ་དཀར་མཚོ་མོ། དམ་ཆོས་སྒྲོལ་མ། རིན་ཆེན་ཚེ་རིང་། བསྟན་འཛིན་རྡོ་རྗེ།
འཁྲབ་སྟོན་པ། དབང་འབུམ་ཚེ་རིང་། གནམ་ལྷ་འབུམ། གདུགས་དཀར་ཡག གཡང་མོ་སྐྱིད། རོལ་དབྱངས་རྩོམ་མཁན་དང་འཁྲབ་སྟོན་པ། སྙིང་བརྩེ་རྒྱལ།
འཁྲབ་སྟོན་པ། ཀླུ་མོ་མཚོ། བཀྲ་ཤིས་ལྷ་མོ། ཨ་ཏུང་། ཨ་མཆོག་ཀླུ་འབུམ། ཡོན་ཏན་གྲགས་པ།
འཁྲབ་སྟོན་པ། དགེ་འདུན་སྐྱབས། ཚེ་གཟུངས་སྒྲོལ་མ། མཁའ་མོ། ཨ་གནམ།
འབྲེལ་ཡོད་འོས་སྦྱོར།