གློག་བརྙན«ལོ་ཁུངས་དང་འཇིགས་མེད»ཀྱི་རོལ་མོའི་དོན་བརྗོད་ཁྱད་ཆོས་ལ་དཔྱད་པ།
རྩོམ་པ་པོ།:རྟ་མགྲིན་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-04-25
ཀློག་གྲངས།:
གླེང་སློང་བ།
གློག་བརྙན«ལོ་ཁུངས་དང་འཇིགས་མེད»ནི་རྒྱལ་ནང་གི་འཁྲབ་ཁྲིད་པ་ཁྲིན་ཀོ་ཆིན་དང་ལྷ་དཔལ་རྒྱལ་གཉིས་ཀྱིས་མཉམ་དུ་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཞིག་ཡིན་ལ། དེ་ནི་ལྷ་སའི་དངོས་བྱུང་མི་སྣའི་གཏམ་རྒྱུད་བཅོས་སྒྲིག་བྱས་ཏེ་ཕབ་སྐྲུན་བྱས་པའི་ཀྲུང་གོའི་གཙོ་རྒྱུགས་གློག་བརྙན་གྱི་རྣམ་པ་ཞིག་ཡིན་ཞིང་། གློག་བརྙན་དེའི་ཁྲོད་རོལ་མོ་ནི་གཏམ་རྒྱུད་ལྷུག་བརྗོད་ཀྱི་ཐབས་ལམ་གལ་ཆེན་ཞིག་ཏུ་མཐོང་ཡོད་དེ། གློག་བརྙན་གྱི་བྱུང་རིམ་འཕེལ་རྒྱས་དང་ཡུལ་དུས་སྙོམས་སྒྲིག གཤིས་ཉམས་འབུར་འདོན་བཅས་ལ་ནུས་པ་གལ་ཆེན་ཐོན་ཡོད་པར་འདོད།དང་པོ། གློག་བརྙན་རོལ་མོ་སྤྱིར་བསྟན་པ།
“གློག་བརྙན་རོལ་མོ་ནི་གློག་བརྙན་བརྩམས་ཆོས་ལ་ཆེད་དུ་གསར་རྩོམ་བྱས་པའི་རོལ་མོའམ་ཡང་ན་ད་ཡོད་ཀྱི་རོལ་མོ་གློག་བརྙན་གསར་རྩོམ་གྱི་དགོས་མཁོ་དང་བསྟུན་ནས་རམ་འདེགས་བྱེད་པའི་རྣམ་པ་ཞིག་རེད། དེ་ནི་གློག་བརྙན་ཕྱོགས་བསྡུས་སྒྱུ་རྩལ་ཁྲོད་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པར་མ་ཟད། རོལ་མོའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཀྱང་རེད།” “སྤྱིར་གློག་བརྙན་གྱི་སྒྲ་དབྱངས་ལ་རིགས་གཉིས་སུ་དབྱེ་ཆོག་སྟེ། འབྲེལ་ཡོད་སྒྲ་དབྱངས་དང་འབྲེལ་མེད་སྒྲ་དབྱངས་ཡིན”ཞེས་པ་ལྟར། གློག་བརྙན་རོལ་མོ་ལའང་འདྲ་ངོས་ནང་གི་རོལ་མོ་དང་འདྲ་ངོས་ཕྱི་ཡི་རོལ་མོ་དེ་རིགས་གཉིས་སུ་དབྱེ་ཆོག འདྲ་ངོས་ནང་གི་རོལ་མོ་ནི་གཙོ་བོ་གློག་བརྙན་གྱི་དངོས་སྣང་རང་བཞིན་གསལ་བྱེད་དང་བྱུང་རིམ་འཕེལ་རྒྱས་ལ་རམ་འདེགས་བྱེད་པ་ཞིག་ཡིན་ལ། འདྲ་ངོས་ཕྱི་ཡི་རོལ་མོ་ནི་གློག་བརྙན་གྱི་མི་སྣའི་སྣང་བརྙན་བཞེངས་སྐྲུན་དང་ཡུལ་དུས་སྙོམས་སྒྲིག་བྱེད་པའི་མེང་ཐའེ་ཆི་ལག་རྩལ་གྱི་བྱེད་ནུས་ལྡན་པའི་ལྟ་བ་བཏོན་ཡོད། རོལ་མོ་སྒྲིག་བཟོ་པས་གློག་བརྙན་དང་རོལ་མོ་གཉིས་ཀྱི་བྱེད་ནུས་མཉམ་རེས་བྱེད་པའི་ཐབས་རྩལ་ལ་བརྟེན་ནས་རོལ་མོ་དང་འདྲ་ངོས་འགུལ་སྐྱོད་གཉིས་ལྷན་དུ་བསྡེབས་ནས་གློག་བརྙན་གྱི་བྱུང་རིམ་འཕེལ་རྒྱས་ལ་རམ་འདེགས་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པར་མ་ཟད། མི་སྣའི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་ཕྱི་རུ་ཕྱུང་པར་བྱེད་ནུས་གལ་ཆེན་ཐོན་ཡོད་པར་འདོད། དེ་བས་གློག་བརྙན་ཁྲོད་ཀྱི་རོལ་མོ་དེ་ནི་ཁེར་ཚུགས་སུ་གནས་པ་ཞིག་མིན་པར། བརྙན་གཟུགས་ཀྱི་རྒྱུན་མཐུད་ནུས་པ་དང་གློག་བརྙན་གྱི་སྐད་ཆར་འཕྱོར་འབྲི་བྱས་ཡོད་པས། དོན་བརྗོད་རང་བཞིན་གྱི་དམིགས་བསལ་ཁྱད་ཆོས་ལྡན། “སྒྲ་གདངས་བྱུང་བ་ནས་ཆ་འཕྲིན་བརྒྱུད་སྤྲོད་དང་བསམ་བློ་སྤེལ་རེས། བརྩེ་ཚོར་མཚོན་པར་བྱེད་པའི་དོན་བརྗོད་ཀྱི་བརྡ་རྟགས་མངོན་ནས་ཡོད”ཅེས་པ་ལྟར། གློག་བརྙན་རོལ་མོ་བྱུང་བ་ནས་གློག་བརྙན་དོན་བརྗོད་ཁྲོད་བརྩེ་ཚོར་བརྗེ་རེས་བྱེད་པའི་ཐབས་རྩལ་གསར་བ་བསྣན་ནས་ཡོད་པས། སྐབས་སུ་གཏམ་རྒྱུད་རྐྱང་བའི་སྣེ་ཐིག་ནས་བཟུང་སྟེ་གློག་བརྙན་ཕྱི་ནང་གི་རོལ་མོའི་དོན་བརྗོད་ཁྱད་ཆོས་ནས་བརྟག་ན་སྒྱུ་རྩལ་སྔོག་འདོན་གྱི་རིན་ཐང་ཆེ་བར་འདོད།
གཉིས་པ། འདྲ་ངོས་ནང་གི་རོལ་མོའི་དོན་བརྗོད་ཁྱད་ཆོས།
འདྲ་ངོས་ནང་གི་རོལ་མོ་ཞེས་པ་ནི“བརྙན་ངོས་ནང་དུ་གནས་པའི་རོལ་མོ་ཞིག་ཡིན་ལ། སྒྲ་གདངས་ཀྱི་ཁུངས་དེ་བརྙན་ངོས་ནས་དངོས་སུ་མཐོང་ཐུབ་པའམ་བརྒྱུད་ནས་ཤེས་ཐུབ་པ་ཞིག་ཡིན་ཏེ། དཔེར་ན། གཞས་གཏོང་བ་དང་རོལ་ཆ་དཀྲོལ་བ་ལྟ་བུ།” འདྲ་ངོས་ནང་གི་རོལ་མོ་མང་ཆེ་བ་ནི་དངོས་ཡོད་འཚོ་བ་དང་བར་ཐག་ཉེ་བའི་རྣམ་པའི་ཐོག་ནས་མངོན་གྱིན་ཡོད། གློག་བརྙན«ལོ་ཁུངས་དང་འཇིགས་མེད»ལ་མཚོན་ན། འདྲ་ངོས་ནང་གི་རོལ་མོའི་ཆ་ནས་འཚོ་བའི་རོལ་མོ་དང་ཁོར་ཡུག་གི་རོལ་མོ་བེད་སྤྱད་དེ་གློག་བརྙན་དེ་འཛིན་ཡོད་ཅན་དང་དངོས་ཡོད་ཅན་དུ་བཏང་ཡོད་དེ། གློག་བརྙན་ཁྲོད་དུ་བློ་མཐུན་ལོ་ཁུངས་ཐོག་དང་པོར་བོད་ནང་དུ་འབྱོར་རྗེས་རྫོང་དཔོན་དང་སྡེ་དམངས་ཀྱིས་བསུ་མ་བྱེད་པའི་གནས་སྐབས་དང་འཇིགས་མེད་ཆང་ས་རྒྱབ་པའི་འཁྲབ་ཚན་ཁག་ཏུ་ལྷ་སའི་དམངས་གཞས་ཁག་ཅིག་ཡུལ་དངོས་ནས་འཁྲབ་སྟོན་བྱས་ཡོད་པར།གློག་བརྙན་གྱི་དངོས་བཤུས་མཛེས་རིག་གི་གཤིས་ཉམས་དེ་འབུར་འདོན་བྱས་ཡོད་ལ། བར་བཅུག་རོལ་མོ་ལ་སྟོད་ཀྱི་འབྲོག་གཞས་དང་སྨད་ཕྱོགས་སྒོར་གཞས་ལྟ་བུ་འཚོ་བའི་རོལ་མོ་བཀོལ་བ་མང་སྟེ། དེས་ས་གནས་མི་དམངས་ཀྱིས་དུས་རབས་གསར་པ་དང་རིག་གནས་གསར་པའི་ཡོ་ལང་ཁྲོད་དགའ་འབོད་བྱེད་པའི་རྣམ་པ་ཞིག་མངོན་ནས་ཡོད་ལ། «དྲན་སེམས»ཞེས་པའི་ལ་གླུ་རིང་མོ་ཡིས་མི་སྣ་ལོ་ཁུངས་ཀྱིས་བོད་ཁུལ་གྱི་རྣམ་པ་གསར་པའི་འཛུགས་སྐྲུན་གྱི་ཆེད་དུ་ཕ་ཡུལ་དང་ཕ་མ་རྒྱང་དུ་བཞག་ནས་བོད་ཁུལ་གྱི་ཁོར་ཡུག་ཉམ་ཐག་ཁྲོད་དཀའ་ལས་མང་པོ་མྱངས་སོང་ཞེས་པའི་བཀའ་དྲིན་མཚོན་བྱེད་དུ་གྱུར་ཡོད། ལོ་ཁུངས་ཀྱི་མི་སྣའི་རྒྱབ་ལྗོངས་དང་བསྟུན་ནས་རང་གཤིས་གསལ་འདོན་བྱེད་པའི་ཁྱད་ཆོས་ལྡན་ལ། བློ་མཐུན་ལོ་ཁུངས་སྔར་ལས་བོད་ཁུལ་འཛུགས་སྐྲུན་གྱི་ལས་དོན་ལ་སེམས་ཤུགས་འབུལ་བའི་ཆོད་སེམས་བརྟན་པོ་ཡོད་པར་རམ་འདེགས་བྱེད་པའི་བྱུང་རིམ་འཕེལ་རྒྱས་ཀྱི་ནུས་པའང་ཐོན་ཡོད་པར་སྙམ། ཕྱིར་ཁྱིམ་ནང་དུ་ལོག་པའི་ལམ་བར་དུ་མི་སྣ་གཙོ་བོ་འཇིགས་མེད་ཀྱིས་འཛམ་གླིང་གི་གྲགས་ཅན་རོལ་མོ«བུ་ཆུང་ཏེན་ཉི»ཞེས་པ་དབྱིན་སྐད་ཀྱིས་བཏང་བར། རོལ་མོར་སྤྱིའི་ཆ་ནས་མཛའ་བརྩེ་དང་གྱེས་བྲལ་རྒྱབ་ལྗོངས་བྱས་པའི་སྐྱོ་ཉམས་ཀྱིས་ཁེངས་པ་ཞིག་ཡིན་པས། འཇིགས་མེད་དང་ལོ་ཁུངས་གཉིས་མཇུག་མཐར་གྱེས་བྲལ་འབྱུང་བའི་གཏམ་རྒྱུད་ལ་རྨང་བཏིང་ནས་ཡོད་པར་མ་ཟད། འཇིགས་མེད་ཀྱི་འདས་སོང་གི་སེམས་ངལ་མཐའ་དག་གླུ་གཞས་ལ་བརྟེན་ནས་ཕྱིར་དཀར་འདོན་བྱས་ཡོད་པས། གློག་བརྙན་མི་སྣའི་ཐོབ་ཐང་མཁོ་སྤྲོད་བྱེད་པ་དང་གློག་བརྙན་གྱི་སྣང་ཁམས་བཞེངས་སྐྲུན་ལ་སྤྲོས་བརྗོད་བྱས་ཡོད་ལ། ལྟད་མོ་མཁན་གྱི་མཐོང་ཐོས་མྱོང་ཚོར་ལ་སྐུལ་སློང་བྱས་ཏེ་མི་དང་ཁོར་ཡུག་གི་འབྲེལ་བ་དེ་གློག་བརྙན་སྤྱིའི་བརྩེ་ཚོར་འཕེལ་རྒྱས་ཀྱི་རྨང་འགྲོས་སུ་གྱུར་ཡོད།
གསུམ་པ། འདྲ་ངོས་ཕྱི་ཡི་རོལ་མོའི་དོན་བརྗོད་ཐབས་རྩལ།
འདྲ་ངོས་ཕྱི་ཡི་རོལ་མོ་ཞེས་པ་ནི“བརྙན་ངོས་ནང་དུ་གནས་པའི་སྒྲ་གདངས་ཤིག་མིན་པར། སྒྲའི་ཡོང་ཁུངས་དངོས་སུ་ཚོད་དཔག་བྱེད་མི་ཐུབ་པའི་རོལ་དབྱངས་ཀྱི་རྣམ་པ་ཞིག་ཡིན་ལ། གློག་བརྙན་མང་པོ་ཞིག་གི་ཁྲོད་དུ་གསར་རྩོམ་བྱེད་དགོས་ཀྱིན་ཡོད། དེ་ནི་རོལ་མོ་གསར་རྩོམ་པས་གློག་བརྙན་གྱི་གཏམ་རྒྱུད་ལ་གོ་བ་བླངས་པའི་བརྒྱུད་རིམ་ཁྲོད་ཀྱི་གསར་རྩོམ་ཞིག་ཡིན། དེས་གློག་བརྙན་གྱི་གཤིས་ཉམས་འབུར་འདོན་བྱེད་པར་ཕན་ཐོགས་པར་མ་ཟད། མི་སྣའི་སྣང་བརྙན་གསར་བཞེངས་དང་ཁོར་ཡུག་གི་རྣམ་པར་འཕྱོར་འབྲི་བྱེད་པར་རམ་འདེགས་བྱེད་པ་ཞིག་ཡིན།” གློག་བརྙན་འདིར་མཚོན་ན། འདྲ་ངོས་ཕྱིའི་རོལ་མོའི་ཆ་ལ་གནས་སྤོར་རོལ་དབྱངས་དང་རྒྱབ་ལྗོངས་རོལ་དབྱངས། བརྗོད་དོན་གཅིག་མཐུན་གྱི་རོལ་མོ་བཀོད་སྒྲིག་བྱས་ཡོད་ལ། དེ་ཡང་གཙོ་བོ་རོལ་མོའི་སྒྱུ་རྩལ་ཁྲོད་ཀྱི་མཚོན་ཐབས་དཔྱད་གཞིར་བཟུང་ཡོད་པ་ཞིག་ཡིན་ཞིང་། བསྐྱར་ཟློས་དང་སླར་མཚོན་གྱི་དོན་བརྗོད་བྱེད་ཐབས་བེད་སྤྱད་དེ་གློག་བརྙན་གྱི་གཏམ་རྒྱུད་དང་བྱུང་རིམ་ལ་རམ་འདེགས་བྱས་ཡོད། དེས་གཏམ་རྒྱུད་ལ་སླར་མཚོན་གྱི་དངོས་སྣང་རང་བཞིན་དང་ཚེ་སྲོག་གི་འདུ་སྟོབས་བསྩལ་ཡོད་པས། དཔེ་མཚོན་ཅན་གྱི་དབྱངས་དཀྲོལ་རྣམ་པའི་སྒྲིག་གཞི་མངོན་ཡོད། དེའི་ཁྲོད་ཆེས་མངོན་གསལ་དོད་ཤོས་ཤིག་ནི་བརྗོད་དོན་གཅིག་མཐུན་གྱི་རོལ་མོའི་བསྐྱར་ཟློས་དེ་ཡིན་ཞིང་། དེས་གཏམ་རྒྱུད་ཀྱི་བྱུང་རིམ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པར་མ་ཟད། མི་སྣ་གཙོ་བོ་ལོ་ཁུངས་དང་འཇིགས་མེད་གཉིས་ཀྱི་འཚོ་བའི་ཁྲོད་འཕྲད་པའི་དཀའ་ཁག་དག་ཕན་ཚུན་གྱིས་བསམ་ཤེས་དང་དང་ལེན་བྱེད་པའི་སེམས་འགྱུ་སྣ་ཚོགས་པ་མཚོན་པར་རོགས་དན་ཆེན་པོ་བགྱིས་ཏེ། གློག་བརྙན་ཁྲོད་ཀྱི་མི་སྣའི་གཤིས་ཀ་དང་ལས་དབང་ལ་རྟོག་འཇུག་བྱས་་ཡོད། རོལ་མོའི་སྡེབ་སྒྲིག་གི་རོལ་ཆས་ལ་སྒྲ་སྙན་དང་མན་ཐོ་ལིན་ལྟ་བུ་གཙོ་རྒྱུགས་ཀྱི་རོལ་ཆ་བེད་སྤྱད་དེ་ལོ་ཁུངས་དང་འཇིགས་མེད་གཉིས་ཀྱི་ཐོག་མའི་ཐུག་ཕྲད་ལ་བཞད་གད་དང་རྩེད་མཚར་རང་བཞིན་གྱི་རོལ་མོ་བཀོད་སྒྲིག་བྱས་ཏེ་མི་སྣ་ཕན་ཚུན་བསྣོལ་མར་འདྲེས་པའི་ཚུལ་གྱིས་འཁྲབ་ཚན་གྱི་དོན་བརྗོད་ནུས་པ་ཇེ་ཆེར་བཏང་ཡོད། གཞན་རྣོ་སྦྲེང་དང་ཀེར་ཐཱ། ལག་རྔ་ལྟ་བུ་རོལ་ཆས་གཞན་དག་མཉམ་དུ་བསྡེབས་ནས་རོལ་མོའི་བར་སྟོང་གི་ཚད་ཆེར་བསྐྱེད་ནས་མཐོ་སྒང་གི་ཡུལ་ཁམས་ཁྱད་ཆོས་དམིགས་སུ་བཟུང་སྟེ། དེར་གནས་པའི་མི་རིགས་ཀྱི་བྱམས་བརྩེ་དང་ལྷག་བསམ། དཔའ་གདེང་དང་སྙིང་སྟོབས་དེ་མངོན་པར་བྱས་ཡོད། གློག་བརྙན་མཇུག་གི་ལོ་ཁུངས་ཀྱི་རྨི་ལམ་གྱི་འཁྲབ་ཚན་དེ་ནི་ལྷུག་བརྗོད་ཁྲོད་དུ་འཁྲབ་ཚན་ཆེས་གཙོ་བོ་ཞིག་ཏུ་ཆགས་ཡོད་པས། བོད་ཀྱི་སྲོལ་རྒྱུན་རོལ་ཆ་དང་ཆོས་ལུགས་རོལ་མོ་ལ་བརྟེན་ནས་མི་སྣ་ལོ་ཁུངས་ཀྱི་སྒྱུ་འཕྲུལ་གྱི་རྨི་ལམ་ཁྲོད་དུ་ཡིད་བརྙན་གྱི་ཁུག་པ་བརྐྱངས་ནས་ངོ་མཚར་བའི་མཐོང་ཐོས་ཀྱི་ལྟད་མོས་མཛེས་རྟོག་གི་རྒྱུན་རིང་དུ་བསྲིངས་ཡོད། །
འབྲེལ་ཡོད་འོས་སྦྱོར།