logo

དམངས་སྲོལ་དངོས་བཤུས་གློག་བརྙན«བདག་གི་རྟ་ཕོ»ལ་རྒྱལ་སྤྱིའི་བྱ་དགའ་ཆེན་པོ་ཐོབ།

རྩོམ་པ་པོ།:དོན་གྲུབ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-06-20 ཀློག་གྲངས།:
       ཉེ་ཆར། འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་སྐབས་ཉེར་གཅིག་པའི་བྱ་དགའ་གནང་བའི་མཛད་སྒོའི་སྟེང་། མཚོ་ནུབ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་སེ་འབྲུ་རིག་གནས་སྨྱན་བྱད་ལས་སྒྲུབ་ཁང་གིས་མཉམ་དུ་ཕབ་སྐྲུན་བྱས་པའི་དམངས་སྲོལ་དངོས་བཤུས་གློག་བརྙན«བདག་གི་རྟ་ཕོ»ལ་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་སྐབས་ཉེར་གཅིག་པའི་རྒྱལ་སྤྱིའི་དངོས་བཤུས་གློག་བརྙན་འགྲན་སྡུར་ཁྲོད་དངོས་བཤུས་གློག་བརྙན་ཐུང་གྲས་ཀྱི་བྱ་དགའ་ཐོབ།
       «བདག་གི་རྟ་ཕོ»ཞེས་པའི་གློག་བརྙན་འདི་ནི་ཐེམ་ཆེན་རྫོང་གི་འབྲོག་དམངས་གསེར་བཟང་སྐྱབས་ཀྱི་རྟ་གསོ་བའི་བརྒྱུད་རིམ་དེར་བརྟེན་ནས། རྟ་ཡི་རིག་གནས་ཀྱི་འགྱུར་ལྡོག་གོ་རིམ་དང་རྟ་ཡི་སྨན་བཅོས་བྱེད་ཐབས་སོ་སོ་དང་འདུལ་ཐབས་ཀྱི་མན་ངག དེ་མིན་རྟ་རྒྱུག་འགྲན་ཚོགས་ནང་ཞུགས་པ་སོགས་ཀྱི་ནང་དོན་ལྔར་བགོས་ནས་རྟ་ཡི་རིག་གནས་ཀྱི་སྣ་མང་རང་བཞིན་དང་ཁྱད་འཕགས་རང་བཞིན་གསལ་བོར་བསྟན་ཏེ། རྟ་ཡིས་ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་གོ་གནས་གལ་ཆེན་ཟིན་པས། ས་གནས་དེ་གའི་འབྲོག་པ་མང་ཚོགས་ཀྱིས་འབད་བརྩོན་ལྷོད་མེད་དང་དཀའ་སྤྱད་སྡུག་རུས། ཞུམ་མེད་མདུན་སྐྱོད་བཅས་ཀྱི་སྙིང་སྟོབས་མངོན་མཚོན་བྱས་ཡོད།
       མཚོ་ནུབ་ཁུལ་ལ་ཕུན་སུམ་ཚོགས་པའི་ཡུལ་སྐོར་གྱི་ཐོན་ཁུངས་མངའ་ཞིང་། གློག་བརྙན་འདི་ལ་རྒྱལ་སྤྱིའི་སྟེང་བྱ་དགའ་ཐོབ་པ་དེ་ཡུལ་སྐོར་དྲིལ་སྒྲོག་གི་རྒྱུ་ཆ་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཡུལ་སྐོར་བ་མང་པོས་ས་གནས་དེ་གའི་རང་བྱུང་མཛེས་ལྗོངས་དང་དམངས་སྲོལ་རིག་གནས་ལ་ཉམས་ལེན་བྱེད་དུ་ཡོང་བར་མིག་དབང་བཀུག་ནས། ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ངེས་ཡིན།
འབྲེལ་ཡོད་འོས་སྦྱོར།