གློག་བརྙན«མེ་ཏོག་དཀར་པོ»དང་འབྲེལ་བའི་བརྙན་དཔྱད་གཉིས།
རྩོམ་པ་པོ།:ཁྲི་སེམས་དཔའ། བྱང་གྲོལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-10-28
ཀློག་གྲངས།:
གློག་བརྙན«མེ་ཏོག་དཀར་པོ»ལ་བལྟས་རྗེས་ཀྱི་མྱོང་ཚོར་སྣ་ཟིན་སྤུ་ཟིན།
ཁྲི་སེམས་དཔའ།
«མེ་ཏོག་དཀར་པོ»ནི་དངོས་བཤུས་གློག་བརྙན་ཞིག་གི་མིང་རེད་ལ། མེ་ཏོག་དཀར་པོ་ནི་དངོས་བཤུས་གློག་བརྙན«མེ་ཏོག་དཀར་པོའི»ནང་གི་མི་སྣ་གཙོ་བོ་རེད།
ངས་ཁ་པར་ལས་དངོས་བཤུས་གློག་བརྙན«མེ་ཏོག་དཀར་པོ»ལ་ལན་གཅིག་བལྟས་ཚར་རྗེས། ངའི་སེམས་པ་ལྗིད་ཏིག་གེར་གྱུར་སོང་། གློག་བརྙན་གྱི་གཏམ་རྒྱུད་ངོས་ཐད་ནས་གླེང་ཚེ། གཏམ་རྒྱུད་མཚར་བོ་དང་ཡང་ན་གཏམ་རྒྱུད་རྙོག་དྲ་དེ་འདྲ་མ་རེད། བུ་མོ་ཆུང་ཆུང་མེ་ཏོག་དཀར་པོའི་སློབ་གྲྭའི་འཚོ་བ་དང་ཡུལ་གྱི་འཚོ་བ། ད་དུང་ཨ་ཕའི་གམ་དུ་ལོག་པའི་ཡུན་ཐུང་གི་འཚོ་བ་བཅས་ཚན་པ་གཙོ་བོ་གསུམ་གྱིས་གྲུབ་ཅིང་། དུས་ཀྱི་ཆ་ནས་དབྱར་དགུན་སྟོན་དཔྱིད་བཞི་བོར་བྱུང་བའི་གཏམ་རྒྱུད་ཕལ་བ་ཞིག་རེད་དོ། །དེ་ཡང་མདོར་དྲིལ་ན། འདི་ནི་བཟའ་ཟླ་ཁ་འཐོར་དུ་སོང་རྗེས་ཕའི་བྱམས་བརྩེ་བོར་བའི་བུ་མོ་ཞིག་གིས་རང་གི་ཕ་ལ་བཅངས་པའི་བརྩེ་འདང་དང་ཕ་ལ་འཕྲད་དུ་ཕྱིན་པའི་བརྒྱུད་རིམ་མོ། །ཡིན་ནའང་བུ་མོ་ཆུང་ཆུང་མེ་ཏོག་དཀར་པོ་ཉི་མར་ཕྱོགས་ཤིང་། ཉི་མས་གཙེས་ཏེ་མིག་ཟུང་ཟིམ་སྒང་དུ་གློག་བརྙན་དལ་གྱིས་མཇུག་རྫོགས་པ་ན། ང་ལའང་ཉི་མས་མིག་ལ་གཙེས་པའི་སྣང་བ་ཞིག་བཅོས་མིན་དུ་སྐྱེས་བྱུང་། བདག་གིས་མིག་གཉིས་ཟིམ་ཞིང་ཕྱེས་པ་ན་མིག་ཆུ་དྲོན་མོ་ཞིག་ངང་གིས་བབས། ངའི་སྣང་བ་ཞིག་ལ་བརྙན་ཡོལ་ངོས་ཀྱི«མེ་ཏོག་དཀར་པོ»ཞེས་པའི་གློག་བརྙན་ཡོངས་སུ་རྫོགས་ཟིན་ཀྱང་། ངའི་ཀླད་པའི་ནང་གི་གློག་བརྙན«མེ་ཏོག་དཀར་པོ»ད་སོ་མ་མགོ་བརྩམས་བྱུང་།
དངོས་བཤུས་གློག་བརྙན་ནི་དངོས་བྱུང་འཚོ་བ་གསར་རྩོམ་གྱི་རྒྱུ་ཆར་རྩི་ཞིང་། མི་དང་དོན་དག་ངོ་མ་ལ་བརྟེན་ནས་གཏམ་རྒྱུད་བརྗོད་པར་མ་ཟད། དེར་སྒྱུ་རྩལ་གྱི་ལས་སྣོན་དང་བཞེངས་སྐྲུན(མངོན་པར་མཚོན་པ)བྱེད་པ་དང་། དེས་མི་ལ་བསམ་གཞིག་གི་བར་སྟོང་སྩོལ་བའི་གློག་བརྙན་གྱི་རྣམ་པ་ཞིག་ཡིན་ལ། དེའི་སྲོག་ཤིང་ནི་བདེན་པ་ཉིད་ཡིན་སྐད་དོ། །ང་ཚོས་གོང་གི་མཚན་ཉིད་འདི་འདྲ་ཞིག་ལ་གཞི་བཅོལ་ཏེ་གླེང་ཚེ། «མེ་ཏོག་དཀར་པོ»ཞེས་པའི་གློག་བརྙན་འདིར་གོང་གི་མཚན་ཉིད་དེ་དག་ཡོངས་སུ་ཚང་བར་མ་ཟད། གློག་བརྙན«མེ་ཏོག་དཀར་པོར»གོ་བ་འདྲོངས་པའི་དཀའ་ཁག་རྣམས་ཀྱང་མ་བསལ་རང་སེལ་དུ་གྱུར་འགྲོ།གློག་བརྙན་ལ“ཚེ་སྲོག”གཉིས་ཡོད་པར་བཤད་ཆོག་ཚེ། གཅིག་ནི་གློག་བརྙན་གསར་རྩོམ་མཁན་གྱིས་བསྩལ་པ་སྟེ། བརྙན་ཆས་སྤྱད་ནས་བརྙན་དུ་བླངས་པའི་བརྙན་རིས་དེ་ཡིན་པ་དང་། ཅིག་ཤོས་ནི་གློག་བརྙན་རང་སྟེང་གི་རིན་ཐང་ངམ་གློག་བརྙན་གཟིགས་འབུལ་གནང་རྗེས། དེས་གཟིགས་མཁན་གྱི་སེམས་ལ་བྱིན་པའི་ཚོར་བ་ཅི་རིགས་དེ་ཡིན། ངས་བསམས་ན«མེ་ཏོག་དཀར་པོ»ལྟ་བུར་མཚོན་ན་གློག་བརྙན་གྱི“ཚེ་སྲོག”གཉིས་པ་སྟེ་གཟིགས་མཁན་གྱི་ཚོར་བར་བརྒྱུས་པའི“ཚེ་སྲོག”དེས་ཀུན་ལ་བསམ་གཞིག་གི་སྒོ་འཕར་ཡངས་པོར་འབྱེད་སྲིད། དེ་ལྟར་བཤད་པའི་རྒྱུ་མཚན་ནི། ང་ཚོས་བལྟས་མྱོང་བའི་གློག་བརྙན་མང་ཤས་ཤིག་ནི་གློག་བརྙན་རང་སྟེང་གི་བསམ་གཞིག་གི་མཛེས་པ་བོར་བ་འབའ་ཞིག་སྟེ། མཐོང་སྣེ་དང་ཐབས་རྩལ་ཁོ་ནས་རྒྱན་ཆ་བཏགས་ཏེ་ཀུན་ལ་ངོམ་སོ་བྱེད་པ་ལས་མ་འདས། དེ་བས། གློག་བརྙན«མེ་ཏོག་དཀར་པོ»ཡིས་ཁྱད་མཚར་བའི་སྒྲིག་གཞི་དང་ཐབས་རྩལ་ལ་མ་བརྟེན་པར། འཁྲབ་ཁྲིད་པས་དྲན་ཚུལ་དང་མཐོང་ཕྱོགས་ལྟར་ང་ཚོའི་ཉེ་གམ་གྱི་གཏམ་རྒྱུད་ཅིག་བརྗོད་ཡོད་པས། གློག་བརྙན་འདིར་ལྟ་བའི་གོ་རིམ་ཁྲོད་ང་ཚོ་གློག་བརྙན་ལ་ལྟ་མཁན་ཀུན་ཡང་འཁྲབ་སྟོན་པ་བཞིན་གློག་བརྙན་ནང་དངོས་སུ་ཞུགས་པ་ལྟ་བུའི་ཚོར་བ་སྦྱིན། དེ་བཞིན་དུ། གློག་བརྙན་ལེགས་པོ་ཞིག་ཡིན་ཚེ་དེས་མི་ལ་བདེ་སྐྱིད་ཀྱི་ལོངས་སྤྱོད་ཅིག་སྟེར་བ་ནི་གདོན་མི་ཟ། སྐབས་འགར་བདེ་སྐྱིད་ཀྱི་ལོངས་སྤྱོད་དེ་སྤྲོ་གར་དང་འབྲེལ་ཞིང་། ཡང་ལན་རེར་བདེ་སྐྱིད་ཀྱི་ལོངས་སྤྱོད་དེ་སྐྱོ་གར་དང་འབྲེལ་ཡོད། མེ་ཏོག་དཀར་པོས་བྱིན་པ་ནི་དགའ་སྐྱོ་འདྲེས་མའི་བདེ་སྐྱིད་ཀྱི་ལོངས་སྤྱོད་ཅིག་སྟེ། ཚོར་བ་དེ་མེ་ཏོག་དཀར་པོས་ཡང་ཡང་མཛུབ་རྩེ་བརྒྱུད་ནས་མཐོང་བའི་འོད་ཀྱི་ཟེར་མ་དང་འདྲའོ། །
དེང་གི་དུས་རབས་ནི་འགྱུར་ལྡོག་རྒོད་པ་འབྲོག་ཐང་གི་གནམ་ངོ་ལྟ་བུ་ཞིག་ཡིན་ཀྱང་། མི་དང་མིའི་བར་གྱི་བྱམས་བརྩེ་ནི་འོད་ཀྱི་ཞགས་པ་ཞིག་དང་འདྲ་བར་ང་ཚོ་ཕན་ཚུན་དམ་དུ་བསྡམས་ཡོད་པར་འདོད། གློག་བརྙན«མེ་ཏོག་དཀར་པོའི»ནང་གི་མེ་ཏོག་དཀར་པོའི་ལས་དབང་ནི་སྐྱོ་ལ་སྡུག་པ་ཞིག་ཡིན་ཡང་། ང་ཚོས་གློག་བརྙན་ལས་མཐོང་བའི་རྨོ་མོ་དང་མེ་ཏོག་དཀར་པོའི་བར་གྱི་བརྩེ་བ་དང་། དྭ་ཕྲུག་སློབ་གྲྭའི་ཞིབ་ཚགས་ཀྱི་བདག་སྐྱོང་། སློབ་གྲོགས་བར་གྱི་མཛའ་མཐུན་སོགས་ལས་མིའི་རིགས་ཀྱི་མ་བསླད་པའི་བྱམས་བརྩེ་མྱོང་ཐུབ་ཅིང་། ལྷག་ཏུ་སློབ་གཙོས“ཡི་གེ་ཡག་པ་ཞིག་ཤེས་ཀྱང་རུང་མ་ཤེས་ཀྱང་རུང་མདོར་ན་མི་ཡག་པོ་ཞིག་བཅའ་རྒྱུ་དེ་གཙོ་བོ་ཡིན”ཞེས་གསུང་བ་ལྟར། དེ་ནི་སློབ་གསོའི་མཐར་ཐུག་ཡིན་ལ་དེང་གི་སྤྱི་ཚོགས་སྟེང་ཆེས་མཁོ་བའི་སློབ་གསོ་ཡང་དེ་ལས་མ་འདས་པས། གློག་བརྙན་འདི་ནི་སྐྱོ་གར་ཁོ་ན་ཙམ་དུ་མ་ཟད་པར། གློག་བརྙན་འདི་ལས་མིའི་སེམས་ཀྱི་བྱམས་པ་དང་སྙིང་རྗེ་ཡང་མངོན་པར་བསྟན་འདུག་སྙམ།
སྨྱུག་ཐོགས་པའི་བརྒྱུད་རྒྱུད་དང་དངོས་རྒྱུད་ཀྱི་མྱོང་བ་གང་ཡིན་ཡང་། ཉེ་བའི་ལོ་འདི་དག་གི་རིང་དུ་བོད་ཁུལ་གྱི་ཡུལ་གྲུ་མང་པོར་དྭ་ཕྲུག་སློབ་གྲྭ་མང་ནས་མང་དུ་འཕེལ་བཞིན་པའི་སྣང་བ་སྟེར། དྭ་ཕྲུག་སློབ་གྲྭ་དེ་དག་ཏུ་སློབ་སྦྱོང་བྱེད་པའི་སློབ་མར་བྱེ་བྲག་ཏུ་རྒྱུ་མཚན་མང་པོ་བགྲང་རྒྱུ་ཡོད་དུ་སྲིད་མོད། ང་རང་གི་བསམ་ཚོད་དུ་རིགས་ཆེ་བ་གསུམ་དུ་བགར་ཆོག་པ་འདྲ། དང་པོ་ནི་རང་བྱུང་གནོད་འཚེ་ཡིས་རྐྱེན་དུ་བྱས་པ་དང་། གཉིས་པ་ནི་ཆག་སྒོ་དོན་རྐྱེན་གྱི་དབང་དུ་གྱུར་བ། གསུམ་པ་ནི་ཕ་མ་གཉེན་འཐོར་གྱིས་དྭ་ཕྲུག་ཏུ་ལུས་པ་བཅས་སོ།། མེ་ཏོག་དཀར་པོ་ནི་ཏག་ཏག་ཕྱི་མའི་ཁོངས་སུ་གཏོགས་ཤིང་། དེ་ནི་མེ་ཏོག་དཀར་པོ་རང་གིས་བཤད་པ་ལྟར་གནམ་གྱིས་བཀོད་སྒྲིག་བྱས་པའི་ལས་དབང་ཡིན་མིན་བརྗོད་དཀའ་མོད། ཕ་མ་ཡོད་བཞིན་དུ་དྭ་ཕྲུག་ཏུ་ལུས་པའི་སྐྱོ་གར་འདིར་བསམ་གཞིག་ནན་དུ་གཏོང་བའི་དགོས་པ་ཆེན་པོ་འདུག་སྙམ།
འདི་ནི་དངོས་བཤུས་གློག་བརྙན་ཞིག་ཡིན་པའི་དབང་གིས། ངས«མེ་ཏོག་དཀར་པོ»ཞེས་པའི་གློག་བརྙན་འདི་ལ་ཚོང་ལས་གློག་བརྙན་དང་སྒྱུ་རྩལ་གློག་བརྙན་སོགས་ནང་བཞིན་ལྟ་ས་མི་འགྲོ་ལ། རྟོག་བཟོ་དང་རྟོག་བཟོ་མ་ཡིན་པའི་དབྱེ་མཚམས་ནས་མེ་ཏོག་དཀར་པོ་དང་མེ་ཏོག་དཀར་པོ་སོགས་ཀྱི་ལས་དབང་ལ་གདུང་སེམས་མི་ཤོར་དབང་མེད་དུ་གྱུར་འགྲོ། ཡང་གཅིག་བཤད་ན། དངོས་བཤུས་གློག་བརྙན«མེ་ཏོག་དཀར་པོར»ལྟ་དུས། ང་ཚོས་གློག་བརྙན་ཁོ་ན་ཙམ་བལྟས་པ་མ་ཡིན་པར། ང་ཚོས་མེ་ཏོག་དཀར་པོའི་ལས་དབང་ལ་ཉམས་ལེན་ཐེངས་ཤིག་བྱས་པ་ཡིན།མིའི་རིགས་ཀྱི་བརྩེ་དུངས་ནི་གཅིག་སེམས་གཅིག་ཏུ་འདྲེས་པ་ཞིག་མ་ཡིན་པས། མི་དང་མིའི་བར་འདྲ་མཚུངས་ཀྱི་ཚོར་བ་ནི་སྐྱེས་དཀའ། ཡིན་ནའང་ཅི་ནུས་གང་ཐུབ་ཀྱིས་རྒྱུས་ལོན་དང་དོ་ཁུར་བྱ་རྒྱུ་ནི་ཤིན་ཏུ་གཙོ་ཆེའོ། །ང་ཚོས་གློག་བརྙན་འདི་བརྒྱུད་ནས་ང་ཚོའི་ཉེ་གམ་དུ་བྱུང་དང་འབྱུང་བཞིན་པའམ། ཡང་ན་མིག་ལ་ཐོགས་ཀྱང་སེམས་ལ་མི་ཐོགས་པའི་མེ་ཏོག་དཀར་པོ་དང་མོ་རང་ཚོའི་ལས་དབང་ལ་རྒྱུས་ལོན་དང་དོ་ཁུར་རེ་བྱ་རྒྱུ་ནི་གློག་བརྙན་འདི་ཕབ་པའི་ཉིང་དགོས་ཀྱང་ལོས་ཡིན་སྙམ།
མཇུག་ཏུ་མེ་ཏོག་དཀར་པོ་དང་མེ་ཏོག་དཀར་པོ་ཚོས་འོད་ཀྱི་ལམ་སྣེ་ཟིན་པར་སྨོན། །
གློག་བརྙན«མེ་ཏོག་དཀར་པོ»ལ་བལྟས་པའི་མྱོང་སྣང་།
བྱང་གྲོལ།
དངོས་བཤུས་གློག་བརྙན«མེ་ཏོག་དཀར་པོ»མ་གླེང་སྔོན་དུ་འཁྲབ་ཁྲིད་པ་མཁའ་བྱམས་རྒྱལ་རགས་ཙམ་གླེང་འདོད་དེ། ངེད་གཉིས་ལ་མཚོན་ན་ངོ་ཤེས་རྙིང་པ་ཡིན། སློབ་མའི་དུས་ནས་ངོ་ཤེས་ཤིང་གང་ནས་འཕྲད་ཀྱང་དགའ་དུང་དུང་དང་སྙིང་ཉེ་ཉེ་ཡིས་ལག་མགོར་འཇུས་ནས་འཚམས་འདྲི་བྱེད་པའི་གྲོགས་པོ་ཡིན། ཡིན་ན་ཡང་ཆེས་རྒྱུས་ཡོད་ཀྱི་རིགས་ཏེ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་མྱོང་བ་ཞིག་ཀྱང་མ་ཡིན། གང་ལྟར་ཁོ་ནི་སློབ་མའི་དུས་ནས་མི་སྒེར་གཤིས་ཅན་ཞིག་ཏུ་སྣང་། ཕྱིའི་ཆ་ལུགས་དང་ངག་གི་སྐད་ཆ། ནང་གི་བསམ་བློ། གདོང་གི་རྣམ་འགྱུར། ལུས་ཀྱི་ཀུན་སྤྱོད་གང་གི་ཆ་ནས་ཀྱང་སྐབས་ཐོག་དེའི་ན་མཉམ་དག་ལས་ཅུང་ཁྱད་པར་བ་ཞིག་ཏུ་སྣང་བས་སུས་ཀྱང་ཁོ་ལ་ལྟ་སྟངས་ཀྱང་ཁྱད་པར་བ་ཞིག་བཟུང་ཡོད་ས་ཡིན། ངས་ནི་ཏག་ཏག་དེ་འདྲ་ཞིག་ཏུ་བཟུང་ཡོད་པས། ཟླ་འགྲོགས་ལོ་འགྲོགས་ཀྱི་གྲོགས་པོའི་རིགས་མ་ཡིན་ཡང་ངེད་གཉིས་ཀའི་བར་ལ་དུངས་ཁ་ལྷག་མ་ཞིག་གིས་བཅིངས་ཡོད་པར་འདོད་ཡོད། འདི་ལྟར་འཁྲབ་ཁྲིད་པ་གླེང་དོན་ནི་བརྩམས་ཆོས་ལ་འཁྲབ་ཁྲིད་པའི་བསམ་བློ་དང་རྣམ་འགྱུར་འདྲེས་ཡོད་པས། དངོས་བཤུས་གློག་བརྙན«མེ་ཏོག་དཀར་པོ»ཡང་གཞན་དང་མ་འདྲ་བར་ཅུང་སྒེར་གཤིས་ལྡན་པའི་སྒལ་ཚིགས་ཅན་ཞིག་རེད་འདོད་ཡོད།
མེ་ཏོག་དཀར་པོ་ནི་བུ་མོ་ཆུང་ཆུང་ཞིག་རེད། མགོ་ལོག་གི་བུ་མོ་ཆུང་ཆུང་ཞིག་རེད། དྭ་ཕྲུག་སློབ་གྲྭའི་བུ་མོ་ཆུང་ཆུང་ཞིག་རེད། ཕ་མ་གཉིས་གཉེན་འཐོར་བྱུང་རྗེས་ཀྱི་དྭ་ཕྲུག་བུ་མོ་ཞིག་རེད། གློག་བརྙན་བརྩམས་ཆོས་ཁྲོད་ཀྱི་གཏམ་རྒྱུད་བྱུང་རིམ་ལ་བརྒྱུས་པའི་མི་སྣ་ཆུང་ཆུང་ཞིག་རེད། ཡིན་ནའང། མེ་ཏོག་དཀར་པོའི་འཇིག་རྟེན་ནི་རྒྱ་ཆེན་པོ་ཞིག་ཏུ་སྣང་།
ཨ་ཕ་དྲན་བཞིན་པའི་མེ་ཏོག་དཀར་པོ།
“…… རང་ང་རང་ང་མྱི་ཞིག་དྲན་གི་འདུག་པ་དེ་ཅི་ཡིན་ནམ།” འདི་ནི་དངོས་བཤུས་གློག་བརྙན«མེ་ཏོག་དཀར་པོ»ནང་གི་མི་སྣ་གཙོ་བོ་མེ་ཏོག་དཀར་པོས“བརྙན་མིག”ལ་བཏོན་པའི་དྲི་བ་ཞིག་རེད། དེ་ནི་ཡང་སྙིང་ཅིའི་ཕྱིར་ཡིན་ནམ། སུས་ཀྱང་ལན་གདབ་པར་དཀའ་ཚོད་འདུག ཐ་ན་འཁྲབ་ཁྲིད་པས་ཀྱང་ལན་བཏབ་མེད་པ་འདྲ། དེས་ན་མེ་ཏོག་དཀར་པོ་ནི་བཙས་ནས་རིང་བོ་མ་ལོན་པར་ཕ་མ་གཉིས་བཟའ་འཐོར་བྱུང་སྟེ། ཕ་དང་ཁ་བྲལ་བའི་མ་ཤི་གསོན་བྲལ་གྱི་དྭ་ཕྲུག་ཅིག་ཏུ་ཆགས་པས། མོ་ལ་མཚོན་ན་ཨ་ཕ་ནི་མག་མོག་དང་རབ་རིབ། ངག་སྒྲོས་ཀྱི་ཨ་ཕ་ཞིག་ཏུ་གྱུར་འདུག ཡིན་ནའང་མོས་ཨ་ཕ་ཟེར་བ་ཞིག་ཡོད་པ་གཏན་ནས་བརྗེད་མ་མྱོང་བའི་ཁར་ནམ་རྒྱུན་དྲན་བཞིན་འདུག་སྟེ། ལོ་ཟླ་ཁྱད་མེད། དུས་ཚིགས་ཁྱད་མེད། ཉིན་མཚན་ཁྱད་མེད། ནངས་དགོང་ཁྱད་མེད་དུ་དྲན་བཞིན་འདུག “……ཨ་ཕར་འཕྲད་འདོད་ཤིན་ཏུ་ཆེ་ཡང་། འཕྲད་པའི་ཚེ་ན་ཨ་ཕར་འབྱར་མི་ཕོད་ལ། གདོང་ལ་ཡང་ལྟ་མི་ཕོད།” འདི་ནི་རང་གི་ཤ་ཁྲག་ལས་མཆེད་པའི་བུ་ཕྲུག་གིས་ཕ་ལ་བཅངས་པའི་བརྩེ་བ་ཞིག་རེད་བསམས་ན་སྤྱིར་བཏང་ལྟད་མོ་པ་ཞིག་གི་ངོས་ནས་ཀྱང་སྙིང་ལ་སིམ་འགྲོ་བའི་ན་ཟུག་ཅིག་རེད། དོན་དུ་ཡང་། མེ་ཏོག་དཀར་པོས“གླིང་གེ་སར་དང་སྒ་ཇོ་རུ་གཉིས”ཀྱི་གཏམ་རྒྱུད་ཤེས་བཞིན་དུ། ཨ་ཕར་འཕྲད་དུས་མགོ་བོ་ཕ་ལགས་ཀྱི་མཆན་ཁུང་ལ་བཅུག་ནས་གདོང་ལ་ལྟ་མི་ཕོད་པར། གླིང་གེ་སར་རྒྱལ་པོའི་གཏམ་རྒྱུད་ལ་ཉན་འདོད་པའི་རེ་བ་ཞུས་པའི་བརྙན་མིག་འདི་ཁོ་ནས་ཀྱང་མེ་ཏོག་དཀར་པོའི་ལྷད་མེད་དྭངས་གཙང་གི་མིག་ཟུང་དེས་འཇིག་རྟེན་འདི་ལ་གཏམ་རྒྱུད་གཞན་ཞིག་འཆད་ཀྱིན་འདུག ཡང་ན་འཁྲབ་ཁྲིད་པ་མཁའ་བྱམས་རྒྱལ་གྱིས་མེ་ཏོག་དཀར་པོའི་མིག་ཟུང་དེ་གཡར་ནས་ང་ཚོར་གླིང་སྒྲུང་ལྟ་བུའི་གསང་བ་གཞན་ཞིག་ལབ་ཀྱིན་འདུག
«མེ་ཏོག་དཀར་པོ»ནི་འགྲེལ་བཤད་མེད་པའི་དངོས་བཤུས་གློག་བརྙན་ཞིག
གློག་བརྙན་འགོ་བརྩམས་མ་ཐག་ནས་བརྙན་མིག་མེ་ཏོག་དཀར་པོ་དང་རྨོ་མོ་གཉིས་ཀྱི་གདོང་ལ་གཏད་འདུག་པས། ངས་ཅི་ཞིག་གོ་འདོད་ཀྱི་རྣ་བ་ཇི་ལྟར་ཅོར་ཀྱང་མེ་ཏོག་དཀར་པོས་ཨ་ཕ་དྲན་བཞིན་པ་ལས་ཅི་ཡང་མ་ཐོས། དེ་བཞིན་དུ་ངས་ཅི་ཞིག་མཐོང་འདོད་ཀྱི་མིག་ཟུང་ཇི་ལྟར་ཅེར་ཀྱང་མེ་ཏོག་དཀར་པོ་དང་རྨོ་མོ་གཉིས་ཀྱི་ལྷད་མེད་དག་གཙང་གི་ངོ་གདོང་དེ་གཉིས་ལས་ཅི་ཡང་མ་མཐོང་། ཞིབ་ཏུ་བསམས་ན། དེ་དག་ལས་གཞན་ཅི་ཞིག་ཐོས་དགོས་སམ། ཅི་ཞིག་མཐོང་དགོས་སམ། དེ་བས། ང་ལ་མཚོན་ན་འགྲེལ་བཤད་ལྷག་མ་ཅི་ཡང་མི་མཁོ་སྟེ། མེ་ཏོག་དཀར་པོ་དང་རྨོ་མོ། སྤོ་བོ། ཕུ་ནུ་མིང་སྲིང་དག་གི་ཁ་བརྡ་ནི་ཏག་ཏག་ཚིག་རྒྱན་གྱིས་སྤྲོས་ཤིང་བརྗིད་ཆགས་པའི་ཐ་སྙད་དག་སྤུངས་ནས་བྲིས་པའི་འགྲེལ་བཤད་ལས་ཀྱང་ལྷག་པར་མཐོང་། ད་དུང་མེ་ཏོག་དཀར་པོས་བཏོན་པའི་དྲི་བ་རྣོ་དབལ་ཅན་དེ་དག་དང་ལོ་ཚོད་ཆུང་ཆུང་གི་བསམ་བློ་དང་ཤེས་དཔྱོད་ལས་རིང་དུ་བརྒལ་བའི་གློ་བུར་བའི་གཏམ་དང་དྲན་པ་དེ་དག་གིས་གློག་བརྙན་འདི་གཟུགས་མེད་ནས་གཟུགས་ཅན་དང་སྲོག་མེད་ནས་སྲོག་ལྡན་དུ་བསྒྱུར་འདུག་པས། ངས་མགོ་རྔ་ཀུན་ལ་དངོས་བཤུས་གློག་བརྙན་ཞིག་གི་མཐོ་ཚད་ནས་བལྟས་པ་ཡིན། ཉན་པ་ཡིན། བསམ་པ་ཡིན། དེས་ན་ཨ་ཕ་དྲན་བཞིན་པའི་མེ་ཏོག་དཀར་པོས་རྒྱུན་དུ་ཨ་ཕ་དྲན་དོན་ཅི་ཡིན་ནམ། མེ་ཏོག་དཀར་པོས་བཤད་པ་ནང་བཞིན་དོན་མེད་དུ་མི་ཞིག་དྲན་རྒྱུ་ཡོད་པ་འདི་ཅི་ཡིན་ནམ།ཕ་ཡུལ་དྲན་བཞིན་པའི་མེ་ཏོག་དཀར་པོ།
“……གཤམ་གྱི་གན་ཕ་ཡུལ་མ་རེད། ང་ད་ལྟའི་སྡོད་ས་རེད། རང་ཉིད་སྐྱེས་ས་དེ་ཕ་ཡུལ་རེད།” འདི་ནི་མེ་ཏོག་དཀར་པོས་འཁྲབ་ཁྲིད་པ་ལ་བཤད་པའི་སྐད་ཆ་དུམ་བུ་ཞིག་རེད། ཡང་ན་མོས་རང་ཉིད་ལ་བཤད་པའི་སྐད་ཆ་ཞིག་རེད། འདི་ནི་ཆེས་སྤྱིར་བཏང་གི་སྐད་ཆ་ཞིག་ཡིན་ན་ཡང་མེ་ཏོག་དཀར་པོའི་ངག་ནས་ཤོར་མ་ཐག་སྐད་ཆ་འདི་ལ་ལྗིད་ཚད་གཞན་ཞིག་སླེབས་ཡོང་། དེས་ན་མེ་ཏོག་དཀར་པོ་སྐྱེས་ས་སྐྱེས་ཡུལ་དེ་གང་ཡིན་ནམ། མོའི་ཕ་ཡུལ་ལ་དེ་འདྲའི་ཁྱད་པར་ཞིག་འབྱེད་དོན་ཅི་ཡིན་ནམ། མེ་ཏོག་དཀར་པོས་སྤོ་བོ་དང་རྨོ་མོ་གཉིས་ལ་རང་གི་ཨ་ཕར་འཕྲད་ཆོག་པའི་རེ་ཞུ་བརྒྱབ་རྗེས། ཨ་ཕར་མཇལ་བའི་ལམ་བསྙེགས་ཤིང་། ལམ་ཁ་དག་ཏུའང་དྲན་པ་སྣ་ཚོགས་ཤིག་རུམ་ནས་རང་གི་སྐྱེས་ས་སྐྱེས་ཡུལ་ཨ་ཕའི་སར་འགྲོ་བཞིན་འདུག བརྙན་མིག་ལས་མོའི་དགའ་སྐྱོ་ཅི་ཡང་མཐོང་མི་ཐུབ་སྟེ། མོ་ཡང་བྱིས་པ་གཞན་དག་ནང་བཞིན་རླངས་འཁོར་གྱི་སྒེའུ་ཁུང་ཕྱི་རོལ་དུ་འཆར་བའི་ཡུལ་ལྗོངས་ལ་ཆགས་འདུག་པ་འདྲ། ཡང་ན་རང་གི་ལྟེ་ཁྲག་འཕོ་སའི་ཕ་ས་ཕ་ཡུལ་ལ་བློས་བསླངས་བྱས་ནས་འཆར་ཡན་གྱི་ཀློང་དུ་ཚུད་འདུག་པ་འདྲ། ཡང་ན་ཕ་གཅིག་མ་གཅིག་གི་ཨ་ཅེ་དང་མ་གཅིག་གི་བྱང་ཁོག་མ་བརྒྱུད་པའི་ནུ་མོ་དང་ནུ་བོ། ཨ་ཡེ། རང་གི་མ་གཡར་དུ་མ་གྱུར་པའི་མ་གཡར་སོགས་ལ་ཇི་ལྟར་འཕྲད་པ་དང་ཅིའི་ཕྱིར་འཕྲད་པ་སོགས་ལ་བསམ་བློ་བཏང་ནས་བག་འཁུམས་འདུག་པ་འདྲ། ཡང་ན་རང་གི་སྐྱེས་ས་སྐྱེས་ཡུལ་ཡང་ད་ལྟ་སྡོད་སའི་གྲོང་གསེབ(མེ་ཏོག་དཀར་པོའི་སྐད་ཆ་ལྟར་ན་རྒྱ་གྲོང)དེ་འདྲ་ཞིག་ཨེ་ཡིན་སྙམ་པའི་སེམས་ཁྲལ་ལྷག་མ་ཞིག་གིས་མནར་འདུག་པ་འདྲ། གང་ལྟར་འཁྲབ་ཁྲིད་པས་ང་ཚོར་སྐད་ཆ་ཅི་ཡང་བཤད་མི་འདུག་ལ། མེ་ཏོག་དཀར་པོས་ཀྱང་ཅི་ཡང་བསྟན་མི་འདུག་པས། འདི་ཡོད་ཚད་རང་རང་སོ་སོའི་འཆར་རྟོགས་ཀྱིས་ཟིན་དགོས་པ་འདྲ།
«མེ་ཏོག་དཀར་པོ»ནི་འཁྲབ་གཞུང་མེད་པའི་གློག་བརྙན་ཞིག
མེ་ཏོག་དཀར་པོ་ཨ་ཕར་ཐོག་མར་འཕྲད་ཅིང་རང་གི་སྐྱེས་ས་སྐྱེས་ཡུལ་ཏེ། ཨ་ཕའི་ཁྱིམ་ལ་འབྱོར་རྗེས། ཧ་ཅང་གུས་ཆུང་དང་བག་མ་བདེ་བའི“མགྲོན་པོ”ཞིག་གི་ཚུལ་དུ་བསྡད། སྐབས་དེ་དག་ཏུའང་བརྙན་མིག་ལ་ཆེད་དམིགས་བཙུགས་ནས་སྐད་ཆ་ཅི་ཡང་བཤད་མི་འདུག་སྟེ། “ཁྱོད་འདིར་ཤོག ངས་ལེགས་སྐྱེས་འདི་དག་ཇི་ལྟར་སྟེར་དགོས་མིན་མི་ཤེས་ཀི” མེ་ཏོག་དཀར་པོས་འཁྲབ་ཁྲིད་པ་ལ་དེ་ལྟར་དྲིས་རྗེས་ཡུན་རིང་སེམས་ལ་བརྣག་ཅིང་ལམ་རིང་བོར་ཡིད་ལ་ཉར་ནས་ཡོང་བའི་ལེགས་སྐྱེས་དེ་དག་ཨ་ཕ་དང་ཨ་ཅེ། ནུ་མོ། ནུ་བོ་བཅས་ལ་བྱིན། “ད་ཐེངས་ལེགས་སྐྱེས་ཆེན་པོ་ཞིག་གྲ་སྒྲིག་བྱེད་མ་ཐུབ་ཐལ། ཁྱོད་རི་མོར་འབྲི་རྒྱུར་དགའ་བས……”མེ་ཏོག་དཀར་པོ་ངུས་བྱུང་ལ། མེ་ཏོག་དཀར་པོའི་ཨ་ཅེ་ཡང་ངུས་བྱུང་། མེ་ཏོག་དཀར་པོའི་ཨ་ཕ་ངུས་བྱུང་ལ། ངའི་གམ་གྱི་ལྟད་མོ་བ་ལོ་ཆུང་དེ་ཡང་ངུས་བྱུང་། འཁྲབ་ཁྲིད་པ་ངུས་ཡོད་དམ། བརྙན་ལེན་པ་ངུས་ཡོད་དམ། སྒྲིག་སྦྱོར་བ་ངུས་ཡོད་དམ། དེས་ན་ཁྱོད་ངུས་ཡོད་དམ། མེ་ཏོག་དཀར་པོས་ཧ་ཅང་བག་ཡོད་ཀྱིས་རང་གི་ཨ་ཕར་མིང་སྲིང་དག་ངོ་སྤྲོད་ཐུང་ངུ་ཞིག་བྱེད་དུ་བཅུག་རྗེས་རང་གི་དྲིན་ཆེན་ཨ་ཕར་འཕྲད་པའི་དགའ་བ་གདོང་ལ་མངོན་པར་མ་ཟད། རང་གི་སྐྱེས་ས་སྐྱེས་ཡུལ་ལ་ཐོན་པའི་དགའ་བའང་ཟ་ཟུར་ནས་མངོན་གྱིན་འདུག དེ་ལྟར་ཡང་ཟླ་གཅིག་དང་ཚེ་གཅིག་ལ་བསྡད་ཀྱང་ཡིད་ཚིམས་པ་མེད་པའི་གཏམ་དང་སྤྱོད་པ་དག་གིས་ང་རང་གཞི་ནས་སྔུན་བྱུང་།“ང་རང་སྐྱེས་ས་དེ་ཕ་གི་ཨེ་རེད།”
“རེད། ཕ་གིའི་གྲིབ་མ་གོན་ཡོད་ས་དེ་རེད།”
གློ་བུར་གློ་བུར་དུ་བཤད་པའི་སྐད་ཆ་འདི་དག་དང་བརྙན་རིས་འདི་དག་ནི་སུས་ཀྱང་བསྐྲུན་དུ་མི་ནུས་པའི་རང་བཞིན་ལྷུན་གྲུབ་ཀྱི་སྐད་ཆ་དག་རེད་ཨང་། མེ་ཏོག་དཀར་པོས་རང་ཉིད་སྐྱེས་ས་དེ་གསལ་ཐག་བཅད་ཟིན། རི་མོར་ཕབ་ཟིན། སེམས་ལ་བཟུང་ཟིན། ད་ནི་མོའི་ནང་སེམས་ཀྱི་འཇིག་རྟེན་འདི་ཅུང་ཙམ་འཐུས་ཚང་དུ་གྱུར་ཡོད་དམ། ཡང་ན་མི་ལོ་མང་པོར་རྨ་ཤུལ་བཏོད་པའི་ན་ཟུག་དེ་ཨེན་ཙམ་འཇགས་ཡོད་དམ།
རི་མོའི་གསེང་གི་མེ་ཏོག་དཀར་པོ།
“……ཁྱོད་རི་མོར་འབྲི་རྒྱུར་དགའ་བས། འདི་ཁྱོད་ལ་ཉོས་འོང་བ་ཡིན།” མེ་ཏོག་དཀར་པོས་རང་གིས་སྔ་ས་ནས་གྲ་སྒྲིག་བྱས་ཡོད་པའི་ལེགས་སྐྱེས་དག་རེ་རེ་བཞིན་བྱིན་རྗེས། ཕ་ལགས་ལ་རི་མོ་འབྲི་བྱེད་ཀྱི་ཅ་ལག་ཅིག་ཉོས་འདུག གློག་བརྙན་མགོ་བརྩམས་མ་ཐག་ནས་མེ་ཏོག་དཀར་པོ་རི་མོར་འབྲི་རྒྱུར་དགའ་བ་དང་ཡང་ན་མེ་ཏོག་དཀར་པོས་རི་མོ་བྲིས་པ་དེ་ཚོ་ཏག་ཏག་ང་ཚོའི་མིག་མདུན་དུ་བཤམས་ཀྱིན་འདུག་པས། ངས་དེའི་རྒྱུ་མཚན་བཙལ་བ་ཡིན། ཏག་ཏག་གོང་གི་ཁ་བརྡ་དེ་ལས་ངས་གཞི་ནས་ཧ་གོ་བྱུང་། མ་གཞི་མེ་ཏོག་དཀར་པོའི་ཕ་ལོ་རི་མོ་འབྲི་རྒྱུར་དགའ་བོ་ཡོད་ས་རེད། དེ་བས། མེ་ཏོག་དཀར་པོས་ཀྱང་རང་གི་དྲན་པ་དང་འདུན་པ་ཡོད་ཚད་རི་མོར་བཅོལ་ནས་བསྡད་ཡོད་པ་འདྲ། ཨ་ཕ་མ་འཕྲད་ཡར་སྔོན་གྱི་དྲན་པ། ཕ་ཡུལ་ལ་མ་འབྱོར་གོང་གི་དྲན་པ། ཨ་ཕར་མཇལ་རྗེས་ཀྱི་དྲན་པ། ཕ་ཡུལ་གྱི་ལྗོངས་རྣམ་སེམས་ལ་རུམ་རྗེས་ཀྱི་དྲན་པ། རྨོ་མོ་དང་ཨ་མ་མ་འཆམ་པའི་སྡུག་བསྔལ་གྱི་དྲན་པ། ཨ་མ་དང་རྨོ་མོ། མིང་སྲིང་དག་ལྷན་འཛོམས་བདེ་སྐྱིད་ལ་བཅངས་པའི་དྲན་པ། ད་རུང་ཕྱི་རོལ་གྱི་མཛེས་སྡུག་དང་ནང་སེམས་ཀྱི་བདེ་སྐྱིད། ལུས་ཕུང་གི་བདེ་ཐང་དང་ཁོར་ཡུག་གི་དྲོད་གྲང་ཡོད་ཚད་རི་མོར་བཅོལ་འདུག་པས། མེ་ཏོག་དཀར་པོས་རྒྱུན་དུ་མེ་ཏོག་འབྲི་ཞིང་འཇའ་ཚོན་འབྲི། མེ་ཏོག་དཀར་པོས་རྒྱུན་དུ་བཟའ་མི་འབྲི་ཞིང་རི་ཆུ་འབྲི། མེ་ཏོག་དཀར་པོས་རྒྱུན་དུ་ནམ་མཁའ་འབྲི་ཞིང་ཉི་མའང་འབྲི། དེ་བཞིན་དུ་འཁྲབ་ཁྲིད་པས་ཀྱང་རྒྱུན་དུ་ནམ་མཁའ་སྟོན་ཞིང་སྤྲིན་དཀར་སྟོན། ཆར་བ་སྟོན་ཞིང་ཁ་བའང་སྟོན། རླུང་བུ་སྟོན་ཞིང་ཉི་མའང་སྟོན། དེ་བས་རི་མོ་གསེང་གི་མེ་ཏོག་དཀར་པོ་ནི་མེ་ཏོག་དང་འཇའ་ཚོན་ཁྲོད་ཀྱི་མེ་ཏོག་དཀར་པོ་དེ་ཡང་ཡིན་ཏེ། མེ་ཏོག་ནི་བདེ་སྐྱིད་དང་འཇའ་ཚོན་ནི་མཛེས་སྡུག་གི་མཚོན་བྱེད་ཡིན། མཐར་དེད་ན་མེ་ཏོག་དཀར་པོས་བདེ་སྐྱིད་འཚོལ་བཞིན་འདུག མཛེས་སྡུག་ལ་སྙེག་བཞིན་འདུག འོད་ལ་སྙེག་བཞིན་འདུག
«མེ་ཏོག་དཀར་པོ»ནི་སྒྲ་དང་བརྙན་རིས་བརྩེགས་པའི་བརྩམས་སྒྲུང་ཞིག
སྤོ་བོ་འཇིག་རྟེན་མི་ཡུལ་དང་ཞལ་གྱེས་ཟིན། བྱི་ལས་ཀྱང་རྨོ་མོ་དང་མེ་ཏོག་དཀར་པོ་བསྐྱུར་ནས་འཇིག་རྟེན་གཞན་ཞིག་ལ་སོང་ཟིན། རྨོ་མོས་ཙི་གུ་གཉིས་གསོས་ཏེ་ཚེ་ཐར་དུ་གཏོང་འཆར་འདུག འཁྲབ་ཁྲིད་པ་ཁྱོད་ཀྱིས་ཅི་ཞིག་བརྗོད་འདོད་དམ། འདི་ལྟར་མི་ཆོས་ཀྱི་གཏམ་རྒྱུད་ཅིག་བྱི་ལ་དང་ཙི་གུའི་སྟེང་དུ་འཇོག་དོན་ཅི་ཡིན། བྱི་ལ་གསོ་དོན་ཙི་གུ་གསོད་པའི་ཆེད་དུ་ཡིན་ན། བྱི་ལ་ཤི་རྗེས་ཙི་གུ་གསོ་དོན་ཅི་ཡིན། རྨོ་མོའི་བྱང་སེམས་ཡིན་ནམ། རྨོ་མོའི་སྙིང་རྗེ་ཡིན་ནམ། དྲིས་ལན་མེད་ཆོག་སྟེ། མེ་ཏོག་དཀར་པོ་ཡང་རྨོ་མོས་ཕྲུ་གུ་དམར་རྗེན་ནས་བཟུང་སྟེ་འོ་མ་བླུད་ནས་ཡོང་བ་མ་ཡིན་ནམ། མེ་ཏོག་དཀར་པོ་ལ་དམིགས་བསལ་ཆེད་བཙུགས་ཀྱི་བརྙན་མིག་མང་པོ་ཞིག་མེད་ནའང་བྱི་ལ་དེ་ཡང་ནས་བསྐྱར་དུ་མིག་ལམ་དུ་སྟོན་པ་ལ་རྒྱུ་མཚན་ཞིག་ཅིས་ཀྱང་ཡོད་འོས། སྤོ་བོ་འདས་ཤུལ་དུ་རྨོ་མོའི་སྟོད་ལ་དམར་ཁྲ་དེ་རྡང་ལ་འཕངས་པའི་རྣམ་པ་དེ་ད་ལྟ་ད་དུང་ཡང་བརྗེད་ཐབས་ཤིག་མི་འདུག དེ་ནི་ངས་མི་སྣ་དང་བྱུང་རིམ་གསལ་བའི་བརྩམས་སྒྲུང་ཞིག་སྒྲ་དང་བརྙན་གྱི་ལམ་ནས་ལྟ་བཞིན་པ་དང་ཇི་འདྲའི་མཚུངས་ཨང་། རང་གི་སྐྱེས་ས་སྐྱེས་ཡུལ་གྱི་རི་བོ་དང་ཆུ་བོ་དག་རི་མོར་ཕབ་རྗེས། མེ་ཏོག་དཀར་པོས་བག་ལྷོད་པའི་བདེ་མོ་ཙམ་ཡང་འཇོག་མ་ཐུབ་པར་མགོ་བོ་སྨད་དེ་ཅི་ཡང་མ་བརྗོད་ཀྱང་། རྨོ་མོ་དང་ཨ་མའི་མདུན་དྲུང་གི་རྣམ་པ་དང་རྣམ་འགྱུར། སློབ་ཁང་དང་ཉལ་ཁང་དུ་ཡོད་པའི་ཆ་ལུགས་དང་སྤྱོད་པ། ཨ་ཕ་དང་མིང་སྲིང་ཚོའི་གམ་དུ་ཡོད་པའི་འཛུམ་མདངས་དང་དགོད་སྒྲ། ཚེ་གང་བོར་བསྡད་ཀྱང་ཡིད་ཚིམས་པ་མེད་པའི་ཧམ་པ་དང་འདོད་འདུན། ཡང་ནས་བསྐྱར་དུ་འཕྲད་འདོད་ཀྱི་རེ་སྒུག་དང་འཕྲད་སྐབས་མ་ཡོད་པའི་བློ་ཕམ་དང་ཡིད་ཆད། དེ་མིན་མེ་ཏོག་དཀར་པོའི་སྟོང་བསམ་དང་འཆར་ཡན། ངང་སྒུག་དང་དོགས་པ། ཐེ་ཚོམ་དང་འཚེར་སྣང་། ཡོད་ཚད་བྱུང་རིམ་མེད་པའི་བརྩམས་སྒྲུང་ཞིག་དང་འདྲ་བར་ང་ཚོའི་མིག་ལམ་དུ་བཀྲམས་ནས་འོང་དུས། འཁྲབ་ཁྲིད་པས་ཅི་ཞིག་བརྗོད་འདོད་ཀིན་ཡོད་དམ། ཡང་མེ་ཏོག་དཀར་པོས་ཅི་ཞིག་འཚོལ་བཞིན་ཡོད་དམ།
བདེ་སྐྱིད་འཚོལ་བཞིན་པའི་མེ་ཏོག་དཀར་པོ།
“…… དེ་བས། ངས་བདེ་སྐྱིད་ཅེས་པ་དེ་ཅི་ཞིག་ཡིན་མིན་མི་ཤེས་ཀི” བདེ་སྐྱིད་ནི་མ་གཞི་ནས་བརྗོད་དོན་ཆེན་པོ་ཞིག་ཡིན་པས་མེ་ཏོག་དཀར་པོར་ཅི་ཁག མ་གཞི་ནས་བདེ་སྐྱིད་ཅེས་པ་ཞིག་མྱངས་མ་མྱོང་བའི་མེ་ཏོག་དཀར་པོ་ལ་མཚོན་ན་བདེ་སྐྱིད་ནི་མོས་བྲིས་པའི་འཇའ་ཚོན་དེ་ལྟ་བུ་ཞིག་ཡིན་ངེས། ཡང་ན་མོས་བྲིས་པའི་ཕ་མ་གཉིས་ཀྱི་ལག་མགོར་མོ་རང་ཁྲིད་པ་དེ་ལྟ་བུ་ཞིག་ཡིན་ངེས། ཆེད་ཡིན་ཆེད་ཡིན། མོའི་བསམ་པ་དེ་དག་ལས་རིང་དུ་བརྒལ་འདུག “ཨ་ཕ་བདེ་མོ་སྐྱིད་པོར་བསྡད་ཡོད་པ་མཐོང་ན་ང་རང་ཞེ་དྲག་སྐྱིད་པོ་རེད།” མོས་ཨ་ཕ་དཀྱིལ་སྙིང་དུ་བཟུང་སྟེ་བདེ་སྐྱིད་དང་སྡུག་བསྔལ་གྱི་དབྱེ་བ་འབྱེད་ཀྱིན་འདུག ཨ་ཕའི་སར་རྩྭ་ཐང་དང་རི་ཆུ་འདུག་པས་སྐྱིད་པོ་འདུག ཨ་ཕར་བཟའ་ཟླ་དང་བྱིས་པ་ཡོད་པས་སྐྱིད་པོ་འདུག ཨ་ཕར་ནོར་ལུག་དང་རྟ་ཕོ་ཡོད་པས་སྐྱིད་པོ་འདུག ངས་སྐྱོན་ཆ་བཟོས་ནའང་སྤོ་བོས་ཕ་ལགས་ལ་སྡིགས་དམོད་བྱེད་པས་ང་རང་ཧ་ཅང་སྐྱོ་ཞིང་སྡུག ང་ལ་བཀྱོན་ཡང་མི་སྐྱོན་ཏེ། ཕ་ལགས་ལ་སྡིགས་ན་ང་རང་ཧ་ཅང་སྡུག མེ་ཏོག་དཀར་པོས་བདེ་སྐྱིད་དང་སྡུག་བསྔལ་མཐའ་དག་རི་མོར་ཕབ་སྟེ་ཨ་ཕ་སྐྱིད་ན་ང་ཡང་སྐྱིད་པའི་བདེ་སྐྱིད་ཅིག་འཚོལ་བཞིན་འདུག མེ་ཏོག་དཀར་པོས་དགའ་སྐྱོ་དང་ཆགས་སྡང་ཐམས་ཅད་ཚོན་དུ་བཏབ་སྟེ་ཨ་ཕ་སྡུག་ན་ང་ཡང་སྡུག་པའི་བདེ་སྐྱིད་ཅིག་འཚོལ་བཞིན་འདུག
«མེ་ཏོག་དཀར་པོ»ནི་འོད་ལ་སྙེག་བཞིན་པའི་མེ་ཏོག་ཅིག
མེ་ཏོག་དཀར་པོས་ཁང་ཀླད་དུ་བབས་པའི་སྐྱ་ཀ་ཆ་གཅིག་བྲིས་འདུག བློ་དང་དྲན་པའི་གཏིང་རིམ་ནས་འཕྱུར་བའི་ཚོར་བ་ཟ་ཟི་དེ་དག་རི་མོར་བྲིས་ཤིང་ཚོན་དུ་བཏབ་རྗེས། མོའི་ལག་ཟུང་གིས་རྒྱུན་དུ་ཉི་མའི་འོད་ལ་རེག་རེག་བྱེད་ཀྱིན་འདུག དེ་ནི་ཕ་དང་འཕྲད་འདོད་ཀྱི་འདུན་པ་ཇི་ལྟར་དྲག་ཀྱང་འཕྲད་སྐབས་མེད་པ་དང་ཇི་འདྲའི་མཚུངས་ཨང་།
འོད་ནི་རང་ཉིད་དང་ཆེས་ཉེ་ས་ན་གནས་ཀྱང་རུམ་ལ་འཇུག་མི་ནུས་པས། འུ་ལ་ཐུག་དུས་ཉི་འོད་དེ་ཡང་ཆེས་རྒྱང་རིང་རྒྱང་རིང་གི་ས་ན་གནས། ཡིན་ནའང་མེ་ཏོག་དཀར་པོས་རང་གིས་འཚོལ་བཞིན་པ་དེ་ནམ་ཡང་ཡིད་ཆེས་ཀྱིས་ཁེངས་ནས་ཉི་འོད་ལ་ལྟ་ཞིང་རེག་ཀྱིན་པ་ནི། མོས་ཡིག་གཟུགས་འབྲི་སྐབས་སྟབས་མ་ལེགས་པར་ཤོག་བུ་སྣག་ཚས་བརྫད་རྗེས། ཡང་བསྐྱར་སྤོབས་པ་བསྐྱེད་དེ་དགེ་རྒན་གྱི་སར་ཤོག་བུ་སློང་དུ་སོང་ནས་མ་འོངས་པར་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པ་ཡོད་པ་ཇི་བཞིན། འཁྲབ་ཁྲིད་པས་ཀྱང་མེ་ཏོག་དཀར་པོ་ཐེངས་དུ་མ་ལ་ཉི་འོད་ཀྱི་ཁུད་དུ་གཅུད་ཀྱིན་འདུག་ལ། མེ་ཏོག་དཀར་པོས་ཀྱང་ཏག་ཏག་གཟུགས་མེད་མཐའ་དག་གཟུགས་ཅན་དུ་སྤྲོས་ཏེ་རང་གི་ལག་པས་བཟུང་སྟེ་བློ་ལ་ཉར་ཀྱིན་འདུག འོད་ནི་མེ་ཏོག་གསོ་མཁན་དེ་ཡིན་ནམ། མེ་ཏོག་ནི་འོད་ལ་སྙེག་མཁན་དེ་ཡིན་ནམ། མེ་ཏོག་དཀར་པོ་འོད་ལ་ཕྱོགས……
མེ་ཏོག་དཀར་པོས་སློབ་གྲྭའི་གདམ་ཚིག་ངག་ནས་སྐྱོར་བཞིན་སློབ་གྲོགས་ཚོའི་གསེང་དུ་འཛུལ་ནས་འདུག སློབ་གྲྭའི་ཁོར་ཡུག་ཀུན་ཏུ་དགེ་སློབ་དང་ཁྱིམ་བདག་གིས་བཀང་སྟེ་དགུན་གནང་སྟེར་ཀབཞིན་འདུག མེ་ཏོག་དཀར་པོ། སྤོ་བོ་བཞུད་ཟིན་ལ། བྱི་ལའང་བཞུད་ཟིན། རྨོ་མོས་བསྒུགས་འདུག རྨོ་མོས་གསོས་པའི་ཙི་གུ་དེ་གཉིས་ཚེ་ཐར་དུ་གཏོང་རྒྱུ་མ་བརྗེད།མེ་ཏོག་དཀར་པོ། ཁྱོད་ཀྱིས་ཉི་འོད་ཀྱི་ཀློང་ནས་བདེ་སྐྱིད་རྙེད་པར་སྨོན།
༢༠༢༤ལོའི་ཟླ༡༠པའི་ཚེས༢༠ཉིན་མེ་ཏོག་དཀར་པོར་བལྟས་རྗེས།
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། གྲོ་ཞིང་ཁ།
འབྲེལ་ཡོད་འོས་སྦྱོར།