logo

རང་བྱུང་རིགས་ཀྱི་དངོས་བཤུས་གློག་བརྙན་ཆེ་གྲས«གསང་བའི་གནས་མདོ་ལ་རི་བོ»ཞེས་པ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་གཏོང་མགོ་བརྩམས་པ།

རྩོམ་པ་པོ།:ཕག་གྲུ་ཡིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་ཉིན་རེའི་ཚགས་པར། དུས་ཚོད།:2025-01-13 ཀློག་གྲངས།:
       གསར་འགོད་པས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ནས་ཤེས་གསལ་ལྟར་ན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་མཉམ་འབྲེལ་ཐོག་པར་ལེན་བྱས་པ་དང་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ(མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ)དང་། པེ་ཅིན་ནགས་ལས་སློབ་ཆེན། ཡུན་ནན་སྒྱུ་རྩལ་སློབ་གླིང་གི་དངོས་བཤུས་གློག་བརྙན་གསར་གཏོད་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་པར་ལེན་བྱེད་རོགས་བྱས་པ་དང་། པའོ་ཡུང་ཆིང་དང་ལི་སི་ཧན་གཉིས་ཀྱིས་ཐུན་མོང་ཐོག་ཁྲིད་སྟོན་བྱས་པའི་རང་བྱུང་རིགས་ཀྱི་དངོས་བཤུས་གློག་བརྙན་ཆེ་གྲས«གསང་བའི་གནས་མདོ་ལ་རི་བོ»ཞེས་པ་དེ་ཟླ1པོའི་ཚེས8ཉིན་གྱི་ཆུ་ཚོད23:11ཐོགCCTV-1ཕྱོགས་བསྡུས་འཕྲིན་ལམ་ཐོག་བསྟན་པ་དང་ཀྲུང་དབྱང་བརྙན་ལམ་སོགས་སྨྱན་སྦྱོར་གསར་པའི་སྟེགས་བུའི་ཐོག་དུས་མཉམ་དུ་དྲ་རྒྱ་ཡོངས་སུ་ཐོག་མར་བསྟན་པ་རེད།
       «གསང་བའི་གནས་མདོ་ལ་རི་བོ»ཞེས་པའི་གཏམ་རྒྱུད་དེ་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་འདེམ་བསྡུའི་ཁུལ་དུ་བྱུང་བ་དང་། ཡངས་ཤིང་རྒྱ་ཆེ་བའི་རི་རྒྱུད་ཀྱིས་རི་སྐྱེས་སྲོག་ཆགས་མང་པོ་ཞིག་ལ་འཚོ་སའི་བདེ་ཐང་དང་ཕུན་སུམ་ཚོགས་པའི་ཟས་རིགས་ཀྱི་འབྱུང་ཁུངས་མཁོ་འདོན་བྱས་ཡོད་པ་མ་ཟད། འགྲན་སློང་དང་འཚོ་གནས་ཀྱི་ཚོད་བགམ་གྲངས་མེད་ཀྱང་མངོན་ཡོད། རྒྱ་མཚོའི་མཐོ་ཚད་མཐོ་བའི་རི་མཐོའི་བྲག་རྡོ་གཅེར་ཁུལ་དུ“གངས་རིའི་རྒྱལ་པོ”ཞེས་པའི་གཟའི་ཕྲུ་གུ་སྐྱེས་མ་ཐག་ཡིན་པ་དང་། གཟའི་ཨ་མས་དཀའ་ངལ་མྱངས་ནས་ཕྲུ་གུ་གསོ་སྐྱོང་བྱས་ནས་འཚར་ལོངས་བྱུང་བ་དང་། པུའུ་ཧ་གཙང་བོའི་འགྲམ་དུ། ལོ་ཚོད་མི་འདྲ་བའི་ཤྭ་ཕོ་རིགས་ཀྱིས་ཤྭ་མོའི་བརྩེ་བ་ཐོབ་ཆེད་ཤྭ་རྭ་འགྲན་བཞིན་པ་དང་། གཙང་འགྲམ་གྱི་གཡང་གཟར་སྟེང་དུ་ངང་མགོ་ཁྲ་ཅན་གྱི་ཕྲུ་གུ་སྐྱེས་ཚུན་གྱི་འགྲན་སློང་ཐེངས་དང་པོ་འཕྲད་བཞིན་ཡོད་ལ། སྔོ་ལྗང་གི་རྩྭ་ཐང་སྟེང་དུ། རི་བོང་ཁྱིམ་ཚང་གང་བོས་འཛེར་སྒྲ་ཆེ་བའི་ཁྱིམ་མཚེས་ལ་བཟོད་བསྲན་མི་ཐུབ་པས། མཇུག་མཐར་ཁྱིམ་ཚང་ཚང་མ་གནས་སྤོ་བྱ་རྒྱུའི་ཐག་གཅོད་བྱེད་བཞིན་ཡོད།
       དངོས་བཤུས་གློག་བརྙན་ནང་མངོན་པའི་གཟུགས་བརྙན་ནི་ཧ་ཅང་མཐོང་དཀོན་པ་དང་། ཐེངས་དང་པོ་མང་པོ་བཏོད་ཡོད་པ་སྟེ། གཟའི་ཨ་མས་ཕྲུ་གུ་སྐྱེས་པ་དང་འབྲེལ་གསོ་སྐྱོང་བྱས་པ་དང་། རི་བོང་གནས་སྤོ་བྱེད་པ། རྒྱལ་ནང་དུ་ངང་མགོ་ཁྲའི་བྱ་ཕྲུག་བྲག་ནས་མཆོང་བ་དང་། ཤྭ་བ་ནུབ་རྒྱུད་ཨེ་ཤ་མའི་རིགས(ཤྭ་བ་འཕོངས་དཀར་པོ)ཁྱུ་ཚོགས་ཀྱིས་ཆུ་བོ་བརྒལ་བ་དང་སྐྱེ་འཕེལ་བྱེད་པའི་བྱ་སྤྱོད་ཐེངས་དང་པོ་ཟིན་ཐོར་བཀོད་པ་དེ་རེད། འཁྲབ་ཁྲིད་པ་པའོ་ཡུང་ཆིང་གིས“དངོས་བཤུས་གློག་བརྙན་དེ་བརྒྱུད་ཚང་མས་རི་སྐྱེས་ཚེ་སྲོག་ལ་རྒྱུས་ལོན་དང་དོ་ཁུར་བྱེད་པའི་རེ་བ་ཡོད་ལ། ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་དེ་སྲུང་སྐྱོང་བྱ་རྒྱུའི་རེ་སྒུག་ཀྱང་བྱེད་བཞིན་ཡོད”ཅེས་བཤད།
       «གསང་བའི་གནས་མདོ་ལ་རི་བོ»ཞེས་པའི་ཐོག་ནས་ཀྲུང་གོའི་རང་བྱུང་སྲུང་སྐྱོང་གི་གྲུབ་འབྲས་གཡུར་དུ་ཐོན་པ་མངོན་པ་ཡོད་པ་རེད། །
འབྲེལ་ཡོད་འོས་སྦྱོར།