logo

བོད་ལྗོངས་ཀྱི་བྱིས་པའི་གར་སྟེགས་ཟློས་གར་ཐོག་མ་འཁྲབ་སྟོན་བྱས་འདུག

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲི དུས་ཚོད།:2025-02-17 ཀློག་གྲངས།:
       སྤྱི་ཟླ2ཚེས11ཉིན། བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ལྷ་མོའི་ཟློས་གར་སྒྱུ་རྩལ་ལྟེ་གནས་སུ་སྤྲོ་སྣང་གི་རྣམ་པས་ཁེངས་ཤིང་། དགའ་བསུ་ཞུ་བའི་ཐལ་མོའི་རྡེབ་སྒྲ་བར་མེད་དུ་གྲགས་བཞིན་མཆིས།
       སྤྱི་ལོ2024ལོའི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་གར་སྟེགས་ཟློས་གར་ཆེ་གྲས་དང་ཟློས་གར་གསར་རྩོམ་གྱི་རོགས་སྐྱོར་རྣམ་གྲངས་སྟེ། སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས་ཀྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་དམངས་ཕན་འཁྲབ་སྟོན། བོད་ལྗོངས་ཀྱི་བྱིས་པའི་གར་སྟེགས་ཟློས་གར་ཐོག་མ«གཅུང་པོ་དོན་ཡོད་དོན་གྲུབ»དེ་གར་འཁྲབ་སྟོན་བྱས་ཡོད་ཅིང་། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཆེད་ཡིད་དབང་འཕྲོག་པའི་རིག་གནས་ཀྱི་དགའ་སྟོན་ཆེན་པོ་ཞིག་བཤམས་ཡོད་ལ། ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་ལྷ་མོའི་ཟློས་གར་དེ་ཉིད་དུས་རབས་གསར་པའི་ནང་བཀྲག་མདངས་གཞན་ཞིག་འཚེར་ཐུབ་པ་བྱུང་ཡོད།
       ཤེས་རྟོགས་བྱུང་བར་གཞིགས་ན། བྱིས་པའི་མཐོང་ལམ་ཐོག་ནས་ཕུལ་བྱུང་གི་ལྷ་མོའི་ཟློས་གར«གཅུང་པོ་དོན་ཡོད་དོན་གྲུབ»འཁྲབ་སྟོན་བྱས་ཡོད་ལ། གར་སྟེགས་ཐོག་འཁྲབ་སྟོན་པ་ཆུང་ཆུང་ཚོས་ལུས་ལ་ལྷ་མོའི་ཟློས་གར་གྱི་རྒྱན་གོས་ལེགས་པར་སྤྲས་ཤིང་། ངག་ལས་སྙན་པོའི་དབྱངས་ཀྱི་འགྱུར་ཁུག་འཐེན་ཏེ། སྟངས་སྟབས་རེ་རེར་བདེ་ལྕག་འཁྱུག་པ་དང་། ཀུན་ཏུ་དགའ་བ། ཁྱད་ཆོས་འབུར་ཐོན་བཅས་ཀྱི་རྣམ་པས་ཕྱུག་པར་བྱས་ཡོད། ཁོང་ཚོས་དྲི་མས་མ་གོས་པའི་བྱིས་པའི་དྭངས་གཙང་དང་གསོན་ཉམས་དོད་པའི་འཁྲབ་རྩལ་ལ་བརྟེན་ནས་ལྷ་མོའི་ཟློས་གར་ནང་གི་མི་སྣའི་དགའ་སྐྱོ་ཆགས་སྡང་སོགས་ལ་གསལ་འགྲེལ་བརྒྱབ་ཡོད་པ་སྟེ། གཅེན་གཅུང་དབར་གྱི་བརྩེ་དུང་རྣལ་མ་དང་། དཀའ་ངལ་བཟོད་བསྲན་བྱེད་པའི་བློ་བརྟན་འགྱུར་མེད་སོགས་ཟློས་གར་གྱི་ནང་དོན་རབ་དང་རིམ་པ་འཁྲབ་སྟོན་བྱས་པས། དེ་གའི་སྒྱུ་རྩལ་གྱི་དབྱིངས་སུ་ཞུགས་པའི་ལྟད་མོ་བ་རྣམས་ཀྱིས་དགའ་ཞིང་མགུ་བའི་ཐལ་མོ་རྡེབ་སྒྲ་ཡང་ཡང་ཕུལ་ཡོད།
       བོད་ཀྱི་བྱིས་པའི་གར་སྟེགས་ཟློས་གར་ཐོག་མ་དེ་ཡིན་པའི་ངོས་ནས། ད་ཐེངས་ཀྱི་ཟློས་གར་འཁྲབ་སྟོན་དེས་གཞོན་ནུ་ལོ་ཆུང་དེ་བས་མང་བ་བོད་ཀྱི་ལྷ་མོའི་ཟློས་གར་སྒྱུ་རྩལ་རྒྱུན་འཛིན་གྱི་ལས་ལ་གཞོལ་རྒྱུར་སྐུལ་མ་ཐེབས་རྒྱུ་དང་། སླད་ཕྱིན། ཕུལ་བྱུང་གི་བོད་ཀྱི་ཟློས་གར་བརྩམས་ཆོས་དེ་བས་མང་བ་ཐོན་ནས་དུས་རབས་གསར་པར་བོད་ཀྱི་ལྷ་མོའི་ཟློས་གར་ལ་སྐྱེ་སྟོབས་སྔར་ལས་ལྷག་པ་རྒྱས་ཤིང་གསོན་ཤུགས་ཀྱིས་ཁེངས་པར་འགྱུར་ཐོག མི་རྣམས་ལ་མུ་མཐུད་དེ་མཛེས་སྡུག་གི་ལོངས་སྤྱོད་དང་རིག་གནས་ཀྱི་འཚོ་བཅུད་འདོན་སྤྲོད་བྱ་ངེས་ཡིན་པའི་ཡིད་ཆེས་ཀྱི་ཁེངས་ཡོད།
འབྲེལ་ཡོད་འོས་སྦྱོར།