logo

«བདག་གི་རྟ་ཕོ»ཞང་ཀང་མེ་ཏོག་མཆིན་ཁ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཀྱི་འགྲན་སྡུར་ནང་ཚུད།

རྩོམ་པ་པོ།:དབང་རྒྱལ་དོན་གྲུབ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2025-02-27 ཀློག་གྲངས།:
       ཟླ༢པའི་ཚེས༢༤ཉིན། ༢༠༢༥ལོའི་ཞང་ཀང་མེ་ཏོག་མཆིན་ཁ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་བཞི་པ་ནས་གཏམ་བཟང་འབྱོར་བ་སྟེ། མཚོ་བོད་མཐོ་སྒང་དུ་གནས་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་བརྗོད་གཞི་བྱས་ནས་གསར་རྩོམ་ཕབ་སྐྲུན་བྱས་པའི«བདག་གི་རྟ་ཕོ»གློག་བརྙན་ཐུང་གྲས་ཀྱི་འགྲན་སྡུར་ནང་ཚུད།
       «བདག་གི་རྟ་ཕོ»འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་སྐབས་ཉེར་གཅིག་པའི་ཁྲོད་མངོན་ནས་ནང་དུ་ཚུད་པའི་བྱ་དགའ་ཐོབ་མྱོང་ལ། ཐེངས་འདིར་སླར་ཡང་ཞང་ཀང་མེ་ཏོག་མཆིན་ཁ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནང་དུ་ཚུད་པར་རྒྱལ་སྤྱིའི་གློག་བརྙན་ལས་རིགས་ཀྱིས་དོ་ཁུར་ཆེན་པོ་ཐོབ་ནས་ཀྲུང་གོའི་མི་རིགས་རིག་གནས་དང་སྐྱེ་ཁམས་ཤེས་རིག་མངོན་པར་མཚོན་པའི་མིང་བྱང་ཞིག་ཏུ་གྱུར་ཡོད།
       གློག་བརྙན་ཐུང་གྲས«བདག་གི་རྟ་ཕོ»ནི་བོད་རིགས་འབྲོག་དམངས་གསེར་བཟང་སྐྱབས་དང་ཁོང་ཆེས་དགའ་བའི་རྟ་མཆོག་གཙོར་བཟུང་ནས་ཁོང་གཉིས་དབར་གྱི་གཏིང་ཟབ་ཅིང་ཡིད་སེམས་འགུལ་པའི་གཏམ་རྒྱུད་བརྗོད་ཡོད། གློག་བརྙན་འདིའི་ནང་སྙན་ཆ་ལྡན་པའི་བརྙན་མིག་ལ་བརྟེན་ནས་ཐེམ་ཆེན་རྫོང་གི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་། དྭངས་ཤིང་གསལ་བའི་མཚེའུ་སོགས་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའི་ཡུལ་སྐོར་རིག་གནས་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྟག་བརྟན་དང་གཏིང་ཟབ་པའི་བརྗོད་གཞི་དེར་དཔྱད་བསྡུར་བྱས་ཡོད་པས། ལྟད་མོ་བ་རྣམས་ལ་མཐོང་ཚོར་གྱི་ལོངས་སྤྱོད་དང་བསམ་བློའི་གཏིང་ཟབ་པའི་གློག་བརྙན་གྱི་གསོལ་སྟོན་ཆེན་པོ་ཞིག་མིག་ལམ་དུ་བསྟར་ཡོད།
       བརྙན་ལེན་སྐབས་སུ་བརྙན་ལེན་ཚོགས་པར་འགྲན་སློང་མང་པོར་འཕྲད་ཡོད་དེ། མཚོ་ངོས་ལས་མཐོ་ཚད་སྨི༣༥༠༠ཡོད་པའི་མཐོ་སྒང་དུ། བརྙན་ལེན་ཚོགས་པས་གྲང་ངར་ཆེ་ཞིང་དབྱང་རླུང་མི་འདང་བའི་གནོན་ཤུགས་ལ་བཟོད་བསྲན་བྱེད་དགོས་པར་མ་ཟད། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་བའི་རྒྱུ་རྐྱེན་ལ་ཁ་གཏད་གཅོག་དགོས་མོད། འོན་ཀྱང་ཁོང་ཚོས་ཡིད་ཆེས་བརྟན་པོ་དང་བྱང་ཆུད་པའི་ཆེད་ལས་ལ་བརྟེན་ནས་དཀའ་ངལ་རེ་རེ་བཞིན་འགག་སྒྲོལ་བྱས། དེ་བས་ཀྱང་དོ་ཁུར་བྱེད་འོས་པ་ཞིག་ནི་བརྙན་ལེན་ཚོགས་པས་ས་གནས་དེ་གའི་འབྲོག་དམངས༢༠༠ལྷག་འཁྲབ་སྟོན་ནང་ཞུགས་པར་གདན་འདྲེན་ཞུས་པ་དང་གློག་བརྙན་གྱི༩༠%ཡི་ཁ་བརྡ་ཨ་མདོ་བོད་སྐད་སྤྱད་ཡོད་པ་མ་ཟད། རྒྱ་ཡིག་དང་དབྱིན་ཡིག་གཉིས་བཀོད་ཡོད་པས་ས་གནས་དེ་གའི་འབྲོག་པ་མང་ཚོགས་ཀྱི་འཚོ་གནས་ཀྱི་རྣམ་པ་ཚད་གཞི་ཚད་མཐོ་བའི་སྒོ་ནས་མངོན་ཡོད། རྒྱུ་རྐྱེན་དེའི་དབང་གིས་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གིས་གློག་བརྙན་དེར་ཚད་མཐོའི་གདེང་འཇོག་བྱས་ཏེ“མི་སེམས་འགུལ་བའི་མཐོང་ཚོར་མཛེས་དཔྱོད་དང་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ལ་བརྟེན་ནས་དཔལ་ཡོན་མི་འདྲ་བའི་བར་གླེང་མོལ་བྱེད་པའི་ཟམ་པ་བདེ་བླག་ངང་བསྐྲུན་ཡོད”ཅེས་བསྔགས་བརྗོད་བྱས།
       གཙོ་བསྐྲུན་ཚོགས་པའི་འགན་ཁུར་པས“ཐེམ་ཆེན་རྫོང་གི་མཛེས་སྡུག་ལྡན་པའི་རི་ཆུའི་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་གཞི་རྒྱུ་ནི་གློག་བརྙན་འདིའི་བླ་སྲོག་ཡིན་ལ། ང་ཚོས་གློག་བརྙན་སྒྱུ་རྩལ་འདི་ལ་བརྟེན་ནས་འཛམ་གླིང་ཡོངས་ཀྱིས་གནས་འདིའི་དབྱར་མཚོ་རྒྱས་པའི་གསོན་ཤུགས་མཐོང་ཐུབ་རྒྱུ་ནི་རེ་བ་ཡིན”ཞེས་བཤད། གཞན་ཡང་གློག་བརྙན་གཙོ་བསྐྲུན་མི་སྣས་ད་དུང«བདག་གི་རྟ་ཕོ»ཐེངས་འདིའི་གློག་བརྙན་དུས་ཆེན་གྱི་འགྲེམས་སྟོན་བྱེད་སྒོ་དང་རྒྱལ་སྤྱིའི་གླེང་སྟེགས་ནང་ཞུགས་རྒྱུ་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཀྲུང་གོའི་ན་གཞོན་གློག་བརྙན་པའི་གསར་རྩོམ་འདུ་ཤེས་རྒྱལ་སྤྱི་དང་འབྲེལ་མཐུད་བྱེད་པ་ཇེ་མཐོར་བཏང་ནས་རིག་གནས་སྤེལ་རེས་དང་ཁྱབ་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པར་བརྗོད་ཡོད།
       ལས་རིགས་ནང་ཁུལ་གྱི་མི་སྣས་དབྱེ་ཞིབ་བྱས་ནས་བསྟན་དོན། «བདག་གི་རྟ་ཕོ»རྒྱལ་སྤྱིའི་གར་སྟེགས་ཐོག་མངོན་པ་ཡིས་ཐེམ་ཆེན་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་ཞིག་བསྣན་པར་མ་ཟད། ཀྲུང་གོའི་གསར་སྐྱེས་འཁྲབ་ཁྲིད་པས་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ལྟ་ཕྱོགས་ནས་རྒྱལ་སྤྱིའི་ཁྱབ་སྤེལ་ཐབས་ལམ་གསར་བ་ཞིག་གཏོད་བཞིན་ཡོད་པ་མཚོན་ཡོད། གློག་བརྙན་གྱི་ཚ་རླབས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཐེམ་ཆེན་རྫོང་གི“རྟ་མཆོག་གི་ཕ་ས”ཡི་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཚད་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཏེ། མཐོ་སྒང་འདིའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མགྱོགས་མྱུར་ངང་འཛམ་གླིང་གི་གར་སྟེགས་སུ་མངོན་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།