logo

གློག་བརྙན«བཀྲ་ཤིས»ལ་གསེར་བྱ་རྟགས་མའི་མིང་འདོན་བྱ་དགའ་གཉིས་ཐོབ་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། དུས་ཚོད།:2025-11-21 ཀློག་གྲངས།:
འཁྲབ་ཁྲིད་པ་དར་རྒྱས་བསྟན་འཛིན་གྱི་བརྩམས་ཆོས་ཐོག་མ«བཀྲ་ཤིས»ལ་ཀྲུང་གོའི་གློག་བརྙན་གསེར་བྱ་རྟགས་མ་སྐབས༣༨པའི་ཁྲོད་མིང་འདོན་བྱ་དགའ་གཉིས་ཐོབ་པ།
 
       ཉེ་ཆར། ཀྲུང་གོའི་གློག་བརྙན་གསེར་བྱ་རྟགས་མའི་བྱ་དགའ་སྐབས38པའི་མིང་འདོན་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་ཞ་མོན་རྒྱལ་སྤྱིའི་འགྲེམ་ཚོགས་ལྟེ་གནས་སུ་འཚོགས་པ་དང་། མཚོ་སྔོན་ཡུལ་ཤུལ་ནས་ཡོང་བའི་གསར་སྐྱེས་འཁྲབ་ཁྲིད་པ་དར་རྒྱས་བསྟན་འཛིན་གྱིས་ལག་བསྟར་འཁྲབ་ཁྲིད་བྱས་པའི་གློག་བརྙན་རིང་གྲས«བཀྲ་ཤིས»(《月光里的男孩》)ཞེས་པར་འཁྲབ་ཁྲིད་པའི་བརྩམས་ཆོས་ཐོག་མ་རྩེ་གྲ་དང་བྱིས་པའི་དོན་བརྗོད་གློག་བརྙན་རྩེ་གྲ་ཡི་བྱ་དགའ་གཉིས་ཐོབ་ཡོད་པས། ཐེངས་འདིའི་གསེར་བྱ་རྟགས་མའི་བྱ་དགའི་ཁྲོད་ཆེས་མིག་ལ་ཐོགས་པ་དེར་གྱུར་ཡོད་ལ། དེའི་གཞན་དང་མི་མཚུངས་པའི་མི་རིགས་ཀྱི་ཞིབ་བརྗོད་བྱེད་སྟངས་དང་གསར་རྩོམ་གྱི་རང་མདངས་ལ་རྐྱེན་བྱས་ཏེ་ཀུན་གྱིས་དོ་སྣང་དང་གདེང་འཇོག་རྒྱ་ཆེར་ཐོབ་ཡོད།
       གློག་བརྙན«བཀྲ་ཤིས»ནི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཁྲི་སེམས་དཔའ་ཡི་སྒྲུང་ཐུང«བཀྲ་ཤིས་ཞེས་པའི་ཁྱི་རྒན་ཞིག་རྗེས་སུ་དྲན་པ»དང«རིག་ལྡན་གྱི་ནུ་བོའི་མིང་ལ་ལོ་ལོ་ཟེར»ཞེས་པ་གཉིས་གཞིར་བཟུང་ནས་བཅོས་སྒྲིག་བྱས་ཤིང་། དར་རྒྱས་བསྟན་འཛིན་གྱིས་འཁྲབ་ཁྲིད་བྱས་པའི་བརྩམས་ཆོས་ཐོག་མ་ཡིན་པའི་ཆ་ནས། «བཀྲ་ཤིས»ནི་བྱིས་དུས་ཀྱི་ཕྱིར་དྲན་ལ་གཞི་བཅོལ་ཏེ། འཚར་ལོངས་ཀྱི་ཁྲོད་ཀྱི་དཀའ་སྡུག་དང་བདེན་དོན་འདྲི་རྩད་ཀྱི་རྣོ་ཁ་བརྡར་བའི་གཏམ་རྒྱུད་ཅིག་བརྗོད་ཡོད།
       བཀྲ་ཤིས་ཀྱིས་ཆུང་བྱིས་པའི་དུས་སུ་རང་ཉིད་དང་མིང་གཅིག་པའི་ཁྱི་རྒན་ཞིག་ལ་བརྡུངས་ནས་དེའི་མིག་ཞར་དུ་བཅུག་སྟབས་ལོ་མང་རིང་འགྱོད་པ་སྐྱེས། ཕྱིས་སུ་ཁོ་རང་ཕྱིར་ཕ་ཡུལ་དུ་ལོག་རྗེས་བསམ་ཡུལ་ལས་འདས་པའི་གནས་ཚུལ་ངོ་མ་དེ་ཤེས་རྟོགས་བྱུང་བའི་གཏམ་རྒྱུད་བརྗོད་ཡོད། གློག་བརྙན་འདིར་བྱིས་པ་ཞིག་གི་མཐོང་སྣེ་སྤྱད་དེ། ཕྲ་ཞིབ་ཀྱི་བྱུང་རིམ་ཁྲོད་ནས་ཕྱིར་དྲན་གྱི་སྣེ་མང་རང་བཞིན་དང་རྒྱུ་འབྲས་ཀྱི་གཏོལ་མེད་རང་བཞིན་གཅལ་དུ་བཀྲམས་ཤིང་། མི་ཞིག་གི་འཚར་ལོངས་དང་དུས་རབས་ཀྱི་མཚོན་རྟགས་ལེགས་པར་སྦྲེལ་ཡོད་པས། བྱིས་པའི་དོན་བརྗོད་གློག་བརྙན་གྱི་དག་གཙང་དང་དངོས་ཡོད་ཀྱི་ཟབ་ཚད་མངོན་ནས་ཡོད།
       གློག་བརྙན་ལས་རིགས་ཀྱི་བརྙན་དཔྱད་པ་གྲགས་ཅན་དག་གིས་ཀྱང་། “«བཀྲ་ཤིས»ནི་ལོ་འདི་གའི་རིང་གི་གྲངས་ཉུང་མི་རིགས་ཀྱི་གློག་བརྙན་ཁྲོད་ཀྱི་བརྩམས་ཆོས་དཔེ་མེད་ཅིག་སྟེ། འདི་ལ་དམིགས་ཀྱིས་བསྒོས་པའི་ཡུལ་ཁོངས་ཀྱི་ཁྱད་རྟགས་མེད་ཀྱང་། ཀུན་ལ་ཁྱབ་པའི་འཚར་ལོངས་ཐད་ཀྱི་བརྗོད་གཞི་དེ་མི་རིགས་རིག་གནས་ཀྱི་ངོ་བོ་དང་གཅིག་ཏུ་སྦྲེལ་འདུག་པར་མ་ཟད། བྱིས་པའི་དོན་བརྗོད་གློག་བརྙན་གྱི་དག་གཙང་གི་ཆ་དེ་སྲུང་ཐུབ་ཡོད་ལ། དངོས་ཡོད་ཀྱི་བརྗོད་བྱའི་ཟབ་ཚད་དང་གཏིང་ཚད་མངོན་པར་གསལ་བས། སྒྱུ་རྩལ་གྱི་མཚམས་ཚིགས་དང་ཤན་སྟོབས་ཆེས་ཆེར་ལྡན་ཡོད”ཅེས་བསྔགས་བརྗོད་གནང་ཡོད་ལ། ད་དུང་། “གློག་བརྙན་འདིའི་ནང་གི་ཕྱིར་དྲན་གྱི་སྣ་འདུས་རང་བཞིན་དང་རྒྱུ་འབྲས་འབྲེལ་བའི་ཐད་ཀྱི་དཔྱད་གླེང་དེ། བྱིས་པ་ཞིག་གི་མཐོང་སྣེ་བརྒྱུད་ནས་ཕྲ་ཞིང་ཞིབ་པར་བཀྲལ་ཡོད་པས། འཁྲབ་ཁྲིད་པའི་བརྗོད་བྱ་ཞིབ་བརྗོད་ཀྱི་སྟངས་འཛིན་དང་ཚོར་བའི་འཕྱོ་འཇགས་ཀྱི་ལྡེམ་ཤུགས་མཐའ་དག་ནི་ཆེས་མཐོ་བའི་ཆེད་ལས་ཚད་ཐིག་ཏུ་སླེབས་ཡོད་པར་བརྗོད་ཆོག་པས། འདི་ནི་བསམ་བློའི་རང་བཞིན་དང་མྱོང་རོལ་བྱེད་རི་བའི་བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་རེད”ཅེས་ཀྱང་དཔྱད་འཇོག་གནང་ཡོད།
       དར་རྒྱས་བསྟན་འཛིན་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་པ་དང་། ཕྱིས་སུ་ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན་དང་པེ་ཅིན་གློག་བརྙན་སློབ་གླིང་ནས་འཁྲབ་གཞུང་བཅོས་སྒྲིག་དང་འཁྲབ་ཁྲིད་པའི་ཆེད་ལས་ཤེས་བྱ་འཐུས་ཚང་བར་སྦྱངས་པས། ཆེད་ལས་ཀྱི་ཤེས་བྱ་དང་མི་རིགས་རིག་གནས་ཀྱི་རྨང་གཞི་བརྟན་པོ་ལ་བརྟེན་ནས། ཁོའི་བརྩམས་ཆོས་ལ་ཆེད་ལས་རང་བཞིན་གྱི་ཆུ་ཚད་མཐོན་པོ་བདོག་ཅིང་ཐུན་མོང་མ་ཡིན་པའི་ཡུལ་ཁོངས་མི་ཚུལ་གྱི་དྲོད་ཁོལ་འཁྱིལ་ཡོད། ཐེངས་འདིར། «བཀྲ་ཤིས»ནི་འགྲན་རྩོད་ཛ་དྲག་ཡིན་པའི་གསེར་བྱ་རྟགས་མའི་དཔྱད་འདེམ་ཁྲོད་འབུར་དུ་ཐོན་པ་ནི་འཁྲབ་ཁྲིད་པ་དར་རྒྱས་བསྟན་འཛིན་གྱི་འཇོན་ཐང་ལ་གདེང་འཇོག་གནང་བ་ཙམ་མ་ཟད། ཀྲུང་གོའི་གློག་བརྙན་ལས་རིགས་ཀྱིས་སྣ་མང་ཞིབ་བརྗོད་དང་། མི་རིགས་བརྗོད་བྱ་ཅན་གྱི་ཕུལ་བྱུང་གསར་རྩོམ་ལ་སྐུལ་ལྕག་དང་མཐོང་སྤྲད་པ་ཞིག་ཀྱང་ཡིན།
       རེབ་ཐེངས་འདིའི་གསེར་བྱ་རྟགས་མའི་བྱ་དགའ་ལས་འཁྲབ་ཁྲིད་པའི་བརྩམས་ཆོས་ཐོག་མའི་མིང་འདོན་ལ་ཤིན་ཏུ་འགྲན་རྩོད་ཆེ་ཞིང་། དར་རྒྱས་བསྟན་འཛིན་ནི་ལི་ཅི། ཆིན་ཐེན་སོགས་ཕུལ་བྱུང་འཁྲབ་ཁྲིད་པ་མང་པོ་དང་མཉམ་དུ་འོས་མིང་དུ་ཚུད། ཁོའི་བརྩམས་ཆོས་ཁྲོད་ཀྱི་མི་གཤིས་ཀྱི་ཟབ་ཚད་སྔོག་འདོན་དང་བྱང་ཆུད་པའི་ཞིབ་བརྗོད་བྱེད་སྟངས་ལ་བརྟེན་ནས་འགྲན་ཞུགས་བརྩམས་ཆོས་མང་པོ་ལས་ཀྱང་འབུར་དུ་ཐོན། དུས་མཚུངས་སུ། གློག་བརྙན་འདི་ཡང«ངོ་ཚ་མི་དགོས»ལྟ་བུའི་ཕུལ་བྱུང་གློག་བརྙན་སྐོར་ཞིག་དང་མཉམ་དུ་བྱིས་པའི་དོན་བརྗོད་གློག་བརྙན་རྩེ་གྲའི་མིང་འདོན་མིང་ཐོ་རུ་ཚུད་པ་རེད།
       ཀྲུང་གོའི་གློག་བརྙན་གསེར་བྱ་རྟགས་མའི་བྱ་དགའ་ནི་ཀྲུང་གོའི་གློག་བརྙན་ཁྱབ་ཁོངས་ཀྱི་བྱ་དགའ་མཐོ་ཤོས་ཏེ། ཐོག་མཐའ་བར་གསུམ་དུ་གློག་བརྙན་གྱི་གསར་བྱུང་སྟོབས་ཤུགས་སྔོག་འདོན་དང་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཐའ་གཅིག་ཏུ་གཞོལ་ཞིང་མཆིས་པ་ཞིག་ཡིན། མིང་འདོན་བྱ་དགའ་སྤྲོད་པའི་མཛད་སྒོའི་སྟེང་། དར་རྒྱས་བསྟན་འཛིན་གྱིས་བྱ་དགའ་ཐོབ་མཁན་མང་པོ་དང་ལྷན་དུ་བྱ་དགའི་གཟེངས་རྟགས་བླངས་ཤིང་། གློག་བརྙན་ལས་རིགས་ཀྱིས་ཕུལ་བྱུང་གསར་རྩོམ་མཁན་ལ་བསྩལ་བའི་གདེང་འཇོག་དང་རེ་ལྟོས་སེམས་ཀྱིས་མྱངས་ཡོད། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གསེར་བྱ་རྟགས་མའི་མཇུག་མཐའི་བྱ་དགའ་ཐོབ་པའི་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་པའི་ཁྲོད་གློག་བརྙན«བཀྲ་ཤིས»ལ་མཇུག་མཐའི་གཟེངས་རྟགས་མ་ཐོབ་ཀྱང་། འཁྲབ་ཁྲིད་པའི་བརྩམས་ཆོས་ཐོག་མ་འདིར་གསེར་བྱ་རྟགས་མའི་སྟེགས་བུ་འདི་བརྒྱུད་དེ་ཀུན་གྱིས་དོ་ཁུར་དང་གདེང་འཇོག་བླ་མེད་ཐོབ་ཡོད་པས། འདི་ཡིས་དར་རྒྱས་བསྟན་འཛིན་གྱི་འཁྲབ་ཁྲིད་ཀྱི་ལམ་བུར་རྨང་གཞི་བརྟན་པོ་བཏིང་ཡོད།
       ཀྲུང་གོའི་གློག་བརྙན་གྱི་ཁྲོམ་རར་སྔར་མེད་ཀྱི་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། དར་རྒྱས་བསྟན་འཛིན་ལྟ་བུའི་མི་རིགས་ཀྱི་མཐོང་སྣེ་དང་གསར་རྩོམ་གྱི་ནུས་པ་ལྡན་པའི་འཁྲབ་ཁྲིད་པ་གསར་པ་ཟམ་མི་ཆད་པར་བྱུང་ཡོད། «བཀྲ་ཤིས»ལ་མིང་འདོན་བྱ་དགའ་གཉིས་ཐོབ་པ་འདིས་འཁྲབ་ཁྲིད་པའི་བརྩམས་ཆོས་ཐོག་མ་འདིའི་གསར་རྩོམ་གྱི་གསོན་ཤུགས་ངོམ་པར་མ་ཟད། སྔར་ལས་མང་བའི་ལྟད་མོ་པའི་ཚོགས་ལ་གྲངས་ཉུང་མི་རིགས་ཀྱི་བརྗོད་བྱ་ཅན་གྱི་གློག་བརྙན་གྱི་ཐུན་མིན་མཛེས་པ་མྱོང་དུ་བཅུག་ཡོད། མ་འོངས་པར་དར་རྒྱས་བསྟན་འཛིན་གྱིས་མུ་མཐུད་དུ་མི་རིགས་ས་ཁུལ་གྱི་གཏམ་རྒྱུད་མང་དུ་འཆད་ཐུབ་ཅིང་། བསམ་བློའི་ཟབ་ཚད་དང་སྒྱུ་རྩལ་གྱི་ཤན་སྟོབས་ཆེ་བའི་ཕུལ་བྱུང་བརྩམས་ཆོས་མང་པོ་མུ་རུ་བཞེངས་ཏེ། ཀྲུང་གོའི་གློག་བརྙན་ལ་ཟུངས་ཁྲག་གསར་པ་སྣོན་ཐུབ་པའི་སྨོན་འདུན་ཞུ། །
འབྲེལ་ཡོད་འོས་སྦྱོར།