logo

གཏིང་སྐྱེས་རྫོང་ཀོ་ཇག་ཤང་གྲུ་ཁ་གྲོང་ཚོའི་ལྷ་མོ་ཚོགས་པའི་ངག་ཐོག་ལོ་རྒྱུས།

རྩོམ་པ་པོ།:བསྟན་འཛིན་ནོར་བུ། ཚེ་རིང་མཚོ་མོ། ཡོང་ཁུངས།:ཇོ་མོ་གླང་མ། དུས་ཚོད།:2026-01-04 ཀློག་གྲངས།:
       བོད་རང་སྐྱོངས་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་མངའ་ཁོངས་སུ་གཏོགས་པའི་གཏིང་སྐྱེས་རྫོང་ནི་ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ༤༥༠༠ཙམ་ཡོད་པའི་རང་རྒྱལ་གྱི་མཐའ་མཚམས་སུ་གནས་པའི་རྫོང་ཞིག་ཡིན། ཡུལ་གྲུ་དེའི་མི་གྲངས་ཁྲི་ཚོ་གཉིས་ལྷག་ཙམ་ཡོད་པ་དེ་དག་ནི། གཙོ་བོ་བོད་རིགས་དང་ཀྲུང་གོའི་མཐའ་མཚམས་སུ་གནས་པའི་འདྲེན་ཐང་གྲོང་ཚོའི་ཤར་པའི་མི་རིགས་གཉིས་ཡིན་པ་དང་། ཤང་དང་གྲོང་རྡལ་བསྡོམས་བཅུ་ཡོད་པ་དེ་ཡང་འདྲེན་ཐང་གདོད་མའི་ནགས་ཚལ་དང་གྲོག་རོང་ལས་གྲུབ་པ་དང་། རི་འོག་དང་གཟར་འབྲོག་ལས། ལྕེབ་ལུང་ཞིང་ལས་བཅས་ཡུལ་གྱི་བཀོད་པ་ཕུན་སུམ་ཚོགས་པའི་གཏིང་སྐྱེས་རྫོང་ནི་བོད་ཀྱི་ལོ་རྒྱུས་ཐོག་ཆོས་ལུགས་དང་ཆབ་སྲིད། དཔལ་འབྱོར། སྒྱུ་རྩལ་སོགས་གང་གི་ཐད་ནས་ཀྱང་ཤུགས་རྐྱེན་ཆེན་པོ་ལྡན་པའི་ཡུལ་གྲུ་ཞིག་ཡིན། དེ་ཡང་ཡུལ་དེའི་ས་ཁོངས་སུ་སྔར་སོང་རྒྱ་གར་གྲུབ་ཆེན་བརྒྱ་བཅུའི་ཡ་གྱལ་ནག་པོ་སྤྱོད་པ་ཉིད་ཕེབས་པའི་ལོ་རྒྱུས་ཡོད་ལ། རྗེ་བཙུན་མི་ལའི་སློབ་མ་ངམ་རྫོང་སྟོན་པའི་འཁྲུངས་ཡུལ་དང་། རྗེ་བཙུན་ཏྰ་ར་ན་ཐྰ་ཡིས་མཛེ་ནད་བཅོས་ནས་འཕྲིན་ལས་བསྐྱངས་ཡུལ། བོན་གྱི་ཕྱི་དར་བསྟན་པའི་མངའ་བདག་གཤེན་ཆེན་ཀླུ་དགས་བོན་གཏེར་བཞེས་ཡུལ་གཙང་ལ་སྟོད་ལྷོ་ཡི་འབྲིག་མཚམས་མཐའ་དཀར་བཅས་གནས་ཡོད་ལ། འདི་ན་བཀའ་བརྒྱུད་ཀྱི་གྲུབ་མཐའ་ཡིན་པའི་བཀྲ་ཤིས་ཆོས་འཕེལ་གླིང་དང་། རྙིང་མ་བའི་གྲུབ་མཐའ་དགོན་པ་བྱང་དང་། སྔར་ཇོ་ནང་གྲུབ་མཐའ་ཡིན་པའི་གཟར་ཆོས་འཁོར་བདེ་ཆེན་གླིང་དང་། དགེ་ལུགས་དགོན་ཨེ་ཝམ་ཆོས་སྡེ། སྔར་སོང་མུ་ཁྲི་བཙན་པོས་ཞང་ཞུང་ནས་བོན་གྱི་བསྟན་པ་བོད་ཡུལ་རུ་བཞིའི་གནས་སུ་ནང་འདྲེན་བྱེད་སྐབས་བོན་ཀྱི་འདུ་གནས་ཆེན་པོ་སུམ་བཅུ་སོ་བདུན་གྱི་ཡ་གྱལ་མཚོ་རྔ་དྲིལ་ཆུང་དང་གཉན་རྩེ་གད་དམར་ཡང་འདི་གར་གནས་ཡོད་པ་དག་ཚང་མ་ནི་ལོ་རྒྱུས་ཀྱི་དཔང་པོ་ཡིན་པ་དང་། ད་ལྟ་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་སྲུང་སྐྱོབ་ལ་བརྟེན་ནས་གཏིང་སྐྱེས་རྫོང་གི་མང་ཚོགས་རྣམས་ཀྱི་བསམ་པའི་ལོངས་སྤྱོད་དུ་གནས་ཐུབ་པ་བྱུང་ཡོད། དམངས་ཁྲོད་སྒྱུ་རྩལ་རིག་གནས་ངོས་ནས་གནས་འདིར་ཤར་པ་མ་ནེ་དང་སྤ་ཀོང་ལྷ་མོ་སོགས་ཀྱི་ཟློས་གར་རིག་གནས་མང་པོ་ཞིག་རྒྱུན་འཛིན་དར་སྤེལ་གྱིས་སྔར་རྒྱུན་བཞིན་ཆོ་ག་ཕྱག་ལེན་བྱེད་བཞིན་ཡོད། སྐབས་བབས་ཀྱི་གླེང་བྱར་གཏིང་སྐྱེས་རྫོང་ཀོ་ཇག་ཤང་གྲུ་ཁ་གྲོང་ཚོའི་ལྷ་མོ་ཚོགས་པ་ནི་མི་རབས་ལྔ་ལ་ཉེ་བའི་ལོ་རྒྱུས་ལྡན་པའི་ལྷ་མོ་ཚོགས་པ་ཞིག་ཡིན།
དང་པོ། ཀོ་ཇག་ཅེས་པའི་ཡུལ་མིང་ཐོགས་ཚུལ།
       ཀོ་ཇག་ཤང་ཅེས་པའི་མིང་གི་བརྡ་ལ་དཔྱད་པར་བྱེད་པ་ལ་དང་ཐོག་མར་གྲུ་ཁ་གྲོང་ཚོ་ཞེས་པའི་མིང་ཇི་ལྟར་ཐོགས་མིན་ཤེས་དགོས། གྲུ་ཁ་ཡུལ་གྲུའི་ཤར་ན་གཡས་རུ་གཙང་པོ་དང་། ནུབ་ན་བང་ཆུ་གཙང་པོ་ཆགས་ཡོད་པ་དེ་ནི་དེ་སྔ་གྲུ་ཁ་རྫོང་ནས་ཉེ་འཁོར་གྱི་རྫོང་ཁག་ལ་ཁྲལ་ཟོག་སོགས་སྐྱེལ་འདྲེན་བྱེད་པར་ཀོ་གྲུས་ཟོག་སྐྱེལ་འདྲེན་བྱེད་པའི་ལོ་རྒྱུས་ཡོད། མ་ཟད་ཀོ་གྲུ་རྣམས་གྲུ་ཁ་ནང་པས་རྫོང་དཔོན་བྱས་པའི་འོག་གྲུ་མཁན་རྒན་པོ་ཞེས་གྲགས་པའི་འགན་འཁུར་གནང་གི་ཡོད་པ་རེད། གྲུ་ཁ་ནང་པའི་ཁྱིམ་རྒྱུད་ད་ལྟ་ཡང་ངེད་གྲུ་ཁ་གྲོང་ཚོར་ཡོད་པ་དང་། སྐྱེལ་འདྲེན་བྱེད་ཆེད་ཀྱི་ཀོ་གྲུ་རྣམས་ཉིན་ཞིག་ཇག་པ་ཤོར་རྐྱེན། མུ་མཐུད་ཀོ་གྲུ་གསར་པ་ཉོ་བསྒྲུབ་བྱེད་པའི་ནུས་པ་མེད་པས། ས་སྐྱ་དང་ཤེལ་དཀར་རྫོང་ལ་ཁྲལ་བསྐྱལ་མི་ཐུབ་ལ། གྲུ་ཁ་ནང་པ་རང་ཉིད་ལ་ཡོང་འབབ་ཀྱང་གང་ཡང་མེད་པས་རྫོང་དཔོན་འུ་ཐུག་ཐབས་ཟད་དུ་འགྱུར་པ་དང་། གྲུ་ཁའི་ཀོ་གྲུ་རྣམས་ལ་ཇག་པ་ཤོར་བས་ཡུལ་མིང་ལའང་ཀོ་ཇག་ཞེས་པས་མིང་དེ་ལྟར་ཐོགས་པ་རེད་ཅེས་གྲུ་ཁ་ནང་པའི་ཁྱིམ་བདག་པ་སངས་ནས་གསུངས་ཀྱིན་འདུག མ་གཞི་ལོ་རྒྱུས་ཀྱི་རྒྱབ་རྟེན་དེ་ཙམ་མེད་པའི་ཡུལ་མིའི་གསུང་རྒྱུན་རབ་རིབ་ཀྱིས་ལོ་རྒྱུས་དངོས་ཀྱི་བདེན་པ་སྤྲོད་མི་ཐུབ་ཀྱང་། ང་ཚོས་ཁོང་གི་གསུང་རྒྱུན་ལས་ཀོ་ཇག་ཅེས་པའི་ཡུལ་དེའི་མིང་གི་འབྱུང་རྐྱེན་ལ་རགས་ཙམ་ཚོད་བགམ་ཐུབ།
གཉིས་པ། གྲུ་ཁ་གྲོང་ཚོར་ཐོག་མར་ལྷ་མོ་དར་ཚུལ།
       དེང་སང་དིང་རི་རྫོང་ཁོངས་མཚོ་སྒོ་ན་གྲོང་མིང་སྦ་ཚང་ངམ་སྦ་ཐུག་པ་ཞེས་པའི་བུ་མོ་ཞིག་ལ་སྐྱོར་མོ་ལུང་ནས་མག་པ་དབང་ཕྱུག་ཟེར་བ་ཞིག་བླངས་པ་དང་། ཁོང་ནི་བོད་དུ་སྙན་པའི་གྲགས་པ་ཕྱོགས་བཞིར་ཁྱབ་པའི་ལྷ་མོའི་འཁྲབ་གཞུང་ཁག་འཁྲབ་པར་མཁས་ཤིང་། དེ་ལ་བརྟེན་ནས་ལྟོ་གོས་ནོར་འཚོལ་བྱེད་བཞིན་ཡོད་པ་གྲུ་ཁ་ནང་པ་ནས་གོ་ཐོས་བྱུང་། དེ་ཡང་གྲུ་ཁ་ནང་པ་ནས་སྐྱེལ་འདྲེན་གྱི་ཚོང་ལམ་མེད་པར་སོང་བས་རང་ཉིད་གཞིས་ཀ་ནས་སློབ་བུ་བཏང་སྟེ་ལྷ་མོ་སྦྱངས་འདོད་བློ་ཁ་སྐྱེས་ཀྱང་། ལྷ་མོའི་འཁྲབ་གཞུང་རྣམས་མཚོ་སྒོ་རང་གི་གྲོང་མི་ལས་གཞན་ལ་འཁྲིད་མི་ཆོག་པའི་ལམ་སྲོལ་ཡོད་པ་རེད། དིང་རིར་སྨན་གྲོང་སྲས་མ་ཟེར་བའི་ཁྱིམ་རྒྱུད་ཅིག་ཡོད་པ་དེ་ནི་གྲུ་ཁ་ནང་པའི་སྤུན་མཆེད་ཡིན་པ་དང་། ཐེངས་ཤིག་སྨན་གྲོང་སྲས་མའི་ཁྱིམ་དུ་གྲུ་ཁ་ནང་པའི་གྲུ་དཔོན་བསྟན་པ་དར་རྒྱས་ཉིད་ཕེབས་ནས་རང་གི་ཡབ་ཉི་མ་སྐལ་བཟང་གྲོངས་ཚུལ་དང་ཀོ་གྲུ་རྣམས་ཇག་པ་ཤོར་བའི་གནས་ཚུལ་རྣམས་ཞིབ་པར་ཞུས་པ་མ་ཟད། ཀོ་གྲུ་གསར་པ་བསྒྲུབ་པའི་དཔལ་འབྱོར་དབེན་ལུགས་སོགས་རང་ཉིད་ལ་འཕྲད་པའི་དཀའ་ངལ་རྣམས་ཇི་མ་ཇི་བཞིན་དུ་ཞུས་ཤིང་། དེ་འབྲེལ་སྦ་ཚང་དུ་ཡོད་པའི་ལྷ་མོའི་འཁྲབ་གཞུང་ཁག་ལ་སྦྱངས་ནས་གྲུ་ཁ་ནང་པའི་འཚོ་རྟེན་བྱེད་འདོད་སོགས་མ་གསང་དྲང་པོར་གླེང་།
       དེ་ནས་གྲུ་དཔོན་ཉིད་ལོ་ཤས་རིང་སྨན་གྲོང་སྲས་མའི་ཁྱིམ་རྒྱུད་ཀྱི་བྲན་གཡོག་ཏུ་རྫུས་ནས་སྦ་ཐུག་པ་དབང་ཕྱུག་ལས་འགྲོ་བ་བཟང་མོ་དང་། སྣང་ས་འོད་འབུམ། ཆོས་རྒྱལ་ནོར་བཟང་བཅས་ལྷ་མོའི་འཁྲབ་གཞུང་བསླབས་པ་དང་། འཁྲབ་གཞུང་རྣམས་བྱང་ཆུབ་པར་ཤེས་རྗེས་ཕྱིར་གྲུ་ཁ་ནང་པ་རུ་ལོག་ཕེབས། དེ་རྗེས་རང་གི་བུ་བཀྲ་ཤིས་དང་ཡུལ་གྱི་མི་སྣ་སྤྱང་གྲུང་ལྡན་པ་ལོ་ན་གཞོན་པ་རྣམས་སློབ་མར་བསྡུས་ཏེ་ལྷ་མོའི་འཁྲབ་གཞུང་དེ་ཉིད་བླ་སློབ་ཀྱི་རྒྱུན་མགོ་ཚུགས་པ་རེད་ཅེས་གསུངས།
       གཞན་ཡང་མཚོ་སྒོ་སྡེ་པ་གཞུང་ཞེས་པ་མ་བྱུང་གོང་ལ་དམངས་ཁྲོད་དུ་ལོ་གསར་དང་དུས་ཆེན་ཆེ་གྲས་ཁག་གཏོང་སྐབས་ཞབས་གཞས་ཀྱི་བྱེད་སྒོ་ཆེ་ཆུང་ལ་མ་ལྟོས་པར་ལྷ་མོ་འཁྲབ་བཞིན་ཡོད་དེ། སྐབས་དེ་དུས་མང་ཚོགས་ཕལ་མོ་ཆེའི་རེ་བ་ལྟར་ལྷ་མོ་འཁྲབ་རྒྱུར་གྲོས་འཆམ་བྱུང་བ་དང་། དེ་དུས་ཀྱི་དགེ་རྒན་ནི་རྒན་དབང་ཕྱུག་ཅེས་པ་ཞིག་ཡོད་པ་རེད། ལྷ་མོའི་འཁྲབ་རྩལ་གྱི་འབྱུང་ཁུངས་རྩ་བར་གཏུགས་ན་སྟོད་ལུང་སྐྱོར་མོ་ལུང་གི་ལྷ་མོའི་ཁོངས་སུ་གཏོགས་པ་སྟེ། ལྷ་མོའི་རྣམ་ཐར་གཏོང་སྟངས་དང་། རྣམ་ཐར་གྱི་གདངས་མཐོ་དམན། དེ་བཞིན་འཁྲབ་སྟངས། འཁྲབ་ཆས་བཟོ་སྟངས་བཅས་ཚང་མ་སྐྱོར་མོ་ལུང་གི་ལྷ་མོའི་ལུགས་ཡིན། དེ་ནས་རྒན་དབང་ཕྱུག་ལགས་ཀྱི་སྐབས་སུ་མཚོ་སྒོའི་ལྷ་མོ་ཚོགས་པ་དེ་བཙུགས་མ་ཐག་ཡིན་ཀྱང་སྐད་གྲགས་ཆེན་པོ་བྱུང་ཡོད་དེ་ཐེངས་གཅིག་ཤེལ་དཀར་གཞུང་འཁྲུགས་ཞེས་པའི་དུས་ཆེན་ཞིག་ལ་གླང་འཁོར་ལྷ་མོ་དང་། ཤེལ་དཀར་ཆོས་སྡེའི་འཆམ། མཚོ་སྒོ་ལྷ་མོ་བཅས་འགྲན་བསྡུར་བྱེད་སྐབས་མཚོ་སྒོའི་ལྷ་མོ་ནི་འཁྲབ་རྩལ་སོགས་ཀྱི་ཐད་དམིགས་གསལ་ཁྱད་ཆོས་ལྡན་པ་ཞིག་བྱུང་ནས་སྙན་གྲགས་ཀྱི་བ་དན་གཡོ་འགོ་ཚུགས།
       དེང་གི་གྲུ་ཁ་ལྷ་མོ་ཚོགས་པ་དེས་ཀྱང་། སྔར་སོང་ངག་ཐོག་ལོ་རྒྱུས་ལྟར་དིང་རི་མཚོ་སྒོ་ནས་དགེ་རྒན་ཚེ་དབང་རིག་འཛིན་དང་རྒན་རྟ་མགྲིན་ལགས་གཉིས་སླར་གདན་དྲངས་ཏེ་འགྲོ་བ་བཟང་མོའི་རྣམ་ཐར་ཆ་ཚང་བ་འཁྲབ་ཐུབ་པ་བྱུང་ཡོད་ལ། ལྷ་མོ་དེའི་འབྱུང་ཁུངས་ཐད་ལའང་སྐྱོར་མོ་ལུང་ལྷ་མོ་ལྟར་འབག་སྔོན་མོའི་ཚབ་མཚོན་རང་བཞིན་ལྡན་པའི་ལྷ་མོའི་འཁྲབ་གཞུང་གི་ཡ་གྱལ་གལ་ཆེན་ཞིག་ཡིན་པས། ས་གནས་རང་བཞིན་ལྡན་པའི་དམངས་སྲོལ་ཟློས་གར་གྱི་སྒྱུ་རྩལ་ཞིག་ཀྱང་ཡིན།
གསུམ་པ། གྲུ་ཁའི་ལྷ་མོའི་རྒྱུན་འཁྱོངས་རྣམ་པ།
       སྐྱོར་མོ་ལུང་དབང་ཕྱུག་ལགས་ཀྱིས་ལྷ་མོ་གང་ནས་སྦྱངས་པ་ད་ལྟ་གསལ་པོར་མ་ཤེས་མོད། ཁོང་གི་ས་ནས་གྲུ་ཁ་ནང་པའི་གྲུ་དཔོན་བསྟན་པ་དར་རྒྱས་ཀྱི་ལྷ་མོའི་འཁྲབ་གཞུང་རྣམས་སྦྱངས་རྗེས་གྲུ་ཁ་ནང་པའི་བཀྲ་ཤིས་ལགས་ཀྱི་རྒྱུད་འཛིན་བྱས་པ་དང་། དེས་བརྩེ་བའི་བསོད་ནམས་སྟོབས་རྒྱས་ལ་འཁྲིད་གནང་བ་དང་། དེས་གྲུ་ཁ་སྐྱིད་སྦུག་གི་ཚེ་རིང་སྟོབས་རྒྱས་ལ་བསླབས་པ། དེས་རྫོང་བདེ་སྐྱིད་ཏཱའི་ནང་གི་དངོས་གྲུབ་ལ་བསླབས་གནང་། རྗེས་སུ་དངོས་གྲུབ་ལགས་ནི་ཞི་བའི་བཅིངས་འགྲོལ་བྱུང་རྗེས་ཀོ་ཇག་ཤང་གི་དྲུང་ཡིག་ཏུ་གདན་འདྲེན་ཞུས་པས་ལྷ་མོའི་བླ་སློབ་རྒྱུན་ཆད། སྤྱི་ལོ༡༩༩༣ལོར་ལྷ་མོ་འཁྲབ་ཤེས་མཁན་ཡོད་མེད་བཙལ་འཚོལ་བྱ་དུས། དེ་གའི་ལུག་རྫི་རྒན་པོ་འགའི་ཁྲོད་དུ་དངོས་གྲུབ་ལགས་ཀྱི་སློབ་མ་ཡོད་པ་ཤེས་རྟོགས་ཐུབ་པ་དང་། ཁོང་ཚོས་གྲོང་ཚོའི་ནང་གི་གཞོན་ནུ་ཁག་ཅིག་ལ་དགོང་མོའི་ལས་ཞོར་གྱི་དུས་ཚོད་བེད་སྤྱད་ནས་སྔར་སྲོལ་མ་ཉམས་ནང་སྦྱོང་བྱས་པས། སྲོལ་རྒྱུན་གྱི་ལྷ་མའི་འཁྲབ་སྲོལ་དེ་སླར་གསོ་བྱུང་ཐུབ་ཡོད། དེ་ནས་བཟུང་ན་གཞོན་རྒྱུན་འཛིན་པ་རྣམས་ཀྱི་ལོ་གསར་དང་དུས་ཆེན་ཆེ་གྲས་ཁག་ལ་ལྷ་མོ་འཁྲབ་སྟོན་བྱེད་ཀྱི་ཡོད།
       དངོས་གྲུབ་ལགས་ཀྱི་རྗེས་སུ་ལྷ་མོའི་འཁྲབ་སྲོལ་ཅུང་དར་རྒྱས་བྱུང་ཡང་ཁྲིད་ཀྱི་རྒྱུན་བར་མི་ཆད་པ་ཞིག་བྱུང་མེད། དེས་ན་ད་ཆ་སླར་གྲུ་ཁ་ལྷ་མོའི་འབྱུང་ཁུངས་གཞིར་བཟུང་ནས། ནང་པའི་ཁྱིམ་རྒྱུད་པ་སངས་ལགས་ཀྱི་ཐུགས་འགན་བཞེས་རྗེས་དིང་རི་མཚོ་སྒོ་ནས་གོང་ཞུས་དགེ་རྒན་རྣམས་གཉིས་གདན་དྲངས་པ་དང་། དཀའ་སྤྱད་འབད་བརྩོན་རྒྱུན་མཐུད་བྱས་པས་འགྲོ་བ་བཟང་མོའི་འཁྲབ་རྒྱུན་ཆ་ཚང་འཁྲབ་ཐུབ་པ་བྱུང་ཡོད། ད་ཆ་ལྷ་མོ་ཚོགས་པ་དེའི་འཁྲབ་མིའི་ཁོངས་སུ་གྲུ་ཁ་ནང་པའི་པ་སངས་ལགས་དང་དབང་ལགས། དངོས་གྲུབ་ལགས་ཀྱི་ཚ་བོ་སྐྱིད་ལུད་སོགས་ཀྱི་གཙོ་བོར་བྱས་པའི་ཐོག་གྲུ་ཁ་གྲོང་ཚོའི་ན་གཞོན་འགའ་བཅས་ཁྱོན་སྡོམ་མི་གྲངས་བཅོ་བརྒྱད་ལ་ཉེ་བའི་ཚོགས་པ་ཞིག་གྲུབ་ཡོད་པ་དེས་རྣམ་ཀུན་དུས་ཆེན་ཆེ་གྲས་ཁག་ཏུ་སྲོལ་རྒྱུན་ལྟར་ལྷ་མོའི་རིག་རྩལ་འཁྲབ་སྟོན་བྱེད་ཅིང་། གོང་རིམ་དང་མང་ཚོགས་ཀྱི་ཐུགས་བརྩེའི་རྒྱབ་སྐྱོར་འོག་དགོང་མོའི་དུས་ཚོད་སོགས་ལས་ཞོར་དུས་ཁོམ་བེད་སྤྱད་ནས་ལྷ་མོའི་རྣམ་གྲངས་གང་མང་ཞིག་ནང་སྦྱོང་བྱེད་བཞིན་ཡོད་ལ། མུ་མཐུད་ནས་ལྷ་མོའི་འཁྲབ་རྩལ་ཁག་ཕུན་སུམ་ཇེ་ཚོགས་དང་རྣམ་པ་ཇེ་ལེགས་ཀྱིས་རང་གྲོང་ཚོའི་སྲོལ་རྒྱུན་འཁྲབ་རྩ་དེ་མ་ཉམས་གོང་འཕེལ་ཡོང་བར་འབད་བཞིན་ཡོད།
       གྲུ་ཁ་ལྷ་མོ་ཚོགས་པ་འདི་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཉམས་རྒུད་དང་སླར་གསོ་བྱུང་བ་བཅས་ལ་དཀའ་ཁག་ངེས་ཅན་ཞིག་བརྒྱུད་མྱོང་ཡོད་ལ། ད་ལྟའི་བར་ལྷ་མོའི་འབག་སྔོན་པོ་སྤྱོད་སྲོལ་ལས་ལྷ་མོའི་འཁྲབ་རྩལ་འདི་ཉིད་སྟོད་ལུང་སྐྱོར་མོ་ལུང་གི་ལྷ་མོའི་འཁྲབ་རྒྱུན་བསྐྱངས་ཡོད་པ་མ་ཟད། གཏིང་སྐྱེས་ཀོ་ཇག་གྲུ་ཁ་གྲོང་ཚོ་གཙོས་གཙང་ཁུལ་གྱི་ཡུལ་གྲུ་མང་པོར་དར་ཡོད་པ་ཤེས་ཐུབ་པ་འདི་ཡང་ལྷ་མོ་འདི་པའི་རིན་ཐང་ཞིག་མངོན་ཐུབ་ཡོད།
       མདོར་ན། གྲུ་ཁའི་ལྷ་མོ་འདི་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་སླར་འཕེལ་རྒྱས་སུ་འགྲོ་བ་ལ་ཡུལ་འདི་པའི་ཉམས་མྱོང་ཅན་གྱི་རྒན་རབས་དང་། ཤེས་ལྡན་བཅའ་སྡོད་པའི་ཚན་རིག་རང་བཞིན་གྱི་ལེགས་བཅོས་དང་ཉམས་གསོ། དེ་བཞིན་གོང་རིམ་གྱི་ཐུགས་བརྩེའི་རྒྱབ་སྐྱོར་སོགས་ནི་ཁ་ཚ་དགོས་གཏུགས་ཀྱི་སྨན་ཞིག་ཡིན་པས་ན། ང་ཚོས་རང་ཉམས་དང་ཁེང་དགོད་ཙམ་གྱི་ངང་ནས་མ་བསྡད་པར་ཀྲུང་ཧྭའི་རིག་མཛོད་ཀྱི་ཆ་ཤས་སུ་གྲུབ་པའི་བོད་ཀྱི་ཤེས་རིག་དག་སླར་གསོ་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུར་འབད་དགོས།
འབྲེལ་ཡོད་འོས་སྦྱོར།