གློག་བརྙན«བཀྲ་ཤིས»ཞེས་པའི་གསར་རྩོམ་བགྲོ་གླེང་ཚོགས་འདུ་འཚོགས་པ།
རྩོམ་པ་པོ།:གངས་བསོད།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2026-02-05
ཀློག་གྲངས།:
གློག་བརྙན«བཀྲ་ཤིས»ཞེས་པའི་གསར་རྩོམ་བགྲོ་གླེང་ཚོགས་འདུ་དང་ཆེད་དོན་གློག་བརྙན་རིག་གཞུང་འཆད་ཁྲིད་ཟི་ལིང་དུ་འཚོགས་པ།
ཟླ2པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་གློག་བརྙན་ཅུས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་གློག་བརྙན་འཕྲིན་སྒྱུ་རྩལ་མཐུན་ཚོགས་ཀྱིས་སྒྲུབ་འགན་འཁུར་བའི་གློག་བརྙན«བཀྲ་ཤིས»ཞེས་པའི་གསར་རྩོམ་བགྲོ་གླེང་ཚོགས་འདུ་དང་ཆེད་དོན་གློག་བརྙན་རིག་གཞུང་འཆད་ཁྲིད་ཟི་ལིང་དུ་འཚོགས།

གློག་བརྙན«བཀྲ་ཤིས»ཞེས་པ་ནི་མཚོ་སྔོན་གྱི་དངོས་ཡོད་རིང་ལུགས་ཀྱི་བརྩམས་ཆོས་ཕུལ་བྱུང་ཞིག་ཡིན་པ་དང་། དེ་སྔ་ཁྲུང་ཆིན་གཞོན་ནུའི་གློག་བརྙན་འགྲེམས་སྟོན་སྐབས12པའི་གློག་བརྙན་རྩེ་གྲ་དང་། གསེར་བྱ་རྟགས་མའི་ཀྲུང་གོའི་གློག་བརྙན་དུས་ཆེན་སྐབས38པའི་གློག་བརྙན་འགྲེམས་སྟོན་གལ་ཆེན་གྱི་འོས་མིང་དུ་ཚུད་པ་སོགས་གློག་བརྙན་ལས་རིགས་ཀྱིས་ཁས་ལེན་རྒྱ་ཁྱབ་དང་གདེང་འཇོག་ཆེན་པོ་ཐོབ་མྱོང་།
བགྲོ་གླེང་ཚོགས་འདུའི་ཐོག རྒྱལ་ཡོངས་ཀྱི་སྐད་གྲགས་ཆེ་བའི་གློག་བརྙན་ཆེད་མཁས་པ་དང་རྩོམ་པ་པ་སོགས་ཀྱིས་གློག་བརྙན«བཀྲ་ཤིས»ཞེས་པའི་སྒྱུ་རྩལ་མཚོན་ཐབས་དང་། ས་ཁོངས་རིག་གནས་བརྗོད་པ། མི་རིགས་ཀྱི་དོན་བརྗོད་སྐྲུན་པ། དུས་རབས་ཀྱི་གསར་རྩོམ་རིན་ཐང་སོགས་ཀྱི་ཟུར་ངོས་ནས། དུས་རབས་གསར་པའི་མཚོ་སྔོན་རང་སའི་དངོས་ཡོད་རྒྱུ་ཆར་བྱས་ནས་གློག་བརྙན་གྱི་སྤུས་འདེགས་རིམ་སྤོར་དང་ཁོངས་བརྒལ་ཁྱབ་སྤེལ་བྱེད་པའི་སྤྱོད་འཐུས་ཐབས་ལམ་ཐུན་མོང་གིས་བགྲོད་གླེང་བྱས།

བགྲོ་གླེང་ཚོགས་འདུའི་རྗེས་སུ། ཀྲུང་གོའི་གློག་བརྙན་ཡིག་ཚགས་ཁང་གློག་བརྙན་རིག་གནས་ཞིབ་འཇུག་པུའུ་ཡི་ཀྲུའུ་རེན་ཙོའུ་ཧེང་གིས«དེང་རབས་གློག་བརྙན་གྱི་དོན་བརྗོད་དང་རིག་གནས»བརྗོད་གཞིར་བྱས་ནས། དེང་རབས་གློག་བརྙན་གསར་རྩོམ་གྱི་དོན་བརྗོད་གཏན་ཚིགས་དང་རིག་གནས་ནང་དོན་དབྱེ་ཞིབ་བྱས། པེ་ཅིན་གློག་བརྙན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་སུའུ་མུའུ་ཡིས«<ཏུའུ་ལིང་གི་རྟ>ནས<གསའ>»ཞེས་པ་བརྗོད་བྱ་གཙོ་བོ་བྱས་ནས་མཉམ་སྤྱོད་བྱས་ཤིང་། གློག་བརྙན་གྱི་སྒྱུ་རྩལ་གསར་རྩོམ་ཀྱི་མཛེས་དཔྱོད་རྩོད་སྒྲུབ་དང་གསར་རྩོམ་གྱི་བརྟག་ཐབས་སྨྲ་བ་བཅས་ལྷུག་པོར་གློད། པེ་ཅིན་དགེ་འོས་སློབ་ཆེན་སྒྱུ་རྩལ་དང་སྨྱན་སྦྱོར་སློབ་གླིང་གི་རབ་འབྱམས་སློབ་མའི་མཛུབ་སྟོན་དགེ་རྒན་ཕེན་ཁན་གྱིས«དུས་བབ་གསར་པའི་འོག་གློག་བརྙན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་ལམ་འཚོལ་ཞིབ»དམིགས་སུ་བཟུང་ནས། ལས་རིགས་ཀྱི་སྲིད་ཇུས་ལ་གསལ་འགྲེལ་གནད་ལ་འཁེལ་བ་དང་། ཐོན་ལས་འཕེལ་རྒྱས་འགྲོ་ཕྱོགས་ལ་དབྱེ་ཞིབ་གཏིང་ཟབ་བྱས། འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་ཡོན་ཡོན་གྱིས«དངོས་ཡོད་རིང་ལུགས་ཀྱི་བརྗོད་བྱ་གདམ་གསེས་དང་གསར་རྩོམ་བྱེད་ཐབས»བརྗོད་བྱ་གཙོ་བོར་བྱས་ནས། དངོས་ཡོད་རིང་ལུགས་ཀྱི་བརྩམས་ཆོས་ཀྱི་གདམ་གསེས་མཐོང་ལམ་དང་། འཁྲབ་གཞུང་གསར་རྩོམ་ཐབས་རྩལ། གཟུགས་བརྙན་མཚོན་ཐབས་བཅས་ཀྱི་ཐད་ནས་མཉམ་སྤྱོད་བྱས།

ཐེངས་འདིའི་བྱེད་སྒོས་གློག་བརྙན་བགྲོ་གླེང་ལ་བརྟེན་ནས་རང་སའི་གློག་བརྙན་གསར་རྩོམ་སྒུལ་ནུས་སྩོལ་པ་དང་། ཆེད་ལས་སློབ་ཁང་ལ་བརྟེན་ནས་ཐོན་ལས་རིམ་སྤོར་ལ་རོགས་རམ་བྱས་ཏེ། མཚོ་སྔོན་གྱི་གློག་བརྙན་འཕྲིན་བྱ་གཞག་ལ་གསོན་ཤུགས་གསར་པ་བསྣན་ཡོད།བྱེད་སྒོ་ནི་ལས་རིགས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ས་གནས་ཀྱི་དོན་དངོས་ལ་དམ་པོར་དམིགས་པ་དང་། གཞུང་ལུགས་རང་བཞིན་དང་ལག་ལེན་རང་བཞིན་གཉིས་ཀ་ལྡན་པས། མཚོ་སྔོན་གྱི་གློག་བརྙན་གསར་རྩོམ་དར་རྒྱས་དང་། རང་སའི་ཤེས་ལྡན་མི་སྣ་གསོ་སྐྱོང་། ས་ཁོངས་ཀྱི་ཚོང་རྟགས་གྲགས་ཅན་བསྐྲུན་པ། ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན། །
འབྲེལ་ཡོད་འོས་སྦྱོར།
