logo

སྒྲ་སྙན་ཞབས་བྲོའི་ཟློས་གར་ཐོག་མ«བཀྲ་ཤིས་ཞབས་བྲོ»འཁྲབ་ལ་ཉེ།

རྩོམ་པ་པོ།: ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར། དུས་ཚོད།:2026-03-13 ཀློག་གྲངས།:
       བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ཀྲུང་གོ་ཞབས་བྲོ་མཁས་ཅན་མཐུན་ཚོགས་སོགས་ཀྱིས་མཉམ་དུ་བཏོན་པའི་ཀྲུང་གོ་གསར་པའི་གསར་རྩོམ་སྒྲ་སྙན་ཞབས་བྲོའི་ཟློས་གར་ཐོག་མ«བཀྲ་ཤིས་ཞབས་བྲོ»ཟླ3པའི་ཟླ་མཇུག་ཏུ་པེ་ཅིང་གི་ཀྲུང་དབྱང་གླུ་གར་ཁང་དུ་ཐོག་མར་འཁྲབ་སྟེ། རྒྱལ་སའི་ལྟད་མོ་བ་ཚོར་གངས་ལྗོངས་ས་མཐོའི་རྩེར་སོན་སྒྱུ་རྩལ་གྱི་སྟོན་མོ་ཞིག་བཤམ་རྒྱུ་ཡིན་པ་རེད།
       རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲང་ཁའེ་ལི་ཡིས། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་ལྷ་རྩེའི“སྟོད་གཞས”ནི་དཔེ་མཚོན་རང་བཞིན་གྱི་བོད་རིགས་ཀྱི་སྒྲ་སྙན་ཞབས་བྲོ་ཞིག་ཡིན་ཞིང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལ་ཐེངས་གཉིས་ཞུགས་མྱོང་བ་དང་། ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་དང«ཨེ་ཤེ་ཡའི་རིག་གནས་དགའ་ནེའུ་དུས་ཆེན»གྱི་འཁྲབ་སྟོན་ལའང་ཞུགས་མྱོང་ཡོད་པས། མི་རིགས་སྒྱུ་རྩལ་གྱི་ཐུན་མོང་མ་མིན་པའི་ཁྱད་ཆོས་གང་ལེགས་མངོན་ཡོད། ཁོང་གིས“«བཀྲ་ཤིས་ཞབས་བྲོ»ཟླ3པའི་ཟླ་མཇུག་ཏུ་ཀྲུང་དབྱང་གླུ་གར་ཁང་དུ་གཟབ་རྒྱས་ངང་འཁྲབ་སྟོན་ཐེངས་དང་པོ་བྱ་རྒྱུ་ཡིན་པས། ངས་འཁྲབ་སྟོན་ལམ་ལྷོངས་ཡོང་བར་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན་ལ། ལྟད་མོ་ཆེ་བའི་ཞབས་བྲོའི་ཟློས་གར་དེ་པེ་ཅིང་དུ་འཁྲབ་སྟོན་བྱེད་པར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད”ཅེས་བརྗོད།
       རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཅིན་ཏུང་གིས་ཀྱང་རྒྱ་ཆེའི་ཞབས་བྲོའི་ཟློས་གར་ལ་དགའ་པོ་ཡོད་མཁན་ཚོར་ལྷག་བསམ་ཟོལ་མེད་ངང་གདན་འདྲེན་ཞུས་པ་རེད། ཁོང་གིས། ཞབས་བྲོའི་ཟློས་གར«བཀྲ་ཤིས་ཞབས་བྲོ»ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལྷ་རྩེའི“སྟོད་གཞས”དེང་རབས་ཀྱི་གར་སྟེགས་སྒྱུ་རྩལ་དང་མཉམ་འདྲེས་བྱས་ནས་བྱུང་བ་ཡིན་ཞིང་། ཟླ3པའི་ཟླ་མཇུག་ཏུ་ཀྲུང་དབྱང་གླུ་གར་ཁང་དུ་འཁྲབ་སྟོན་བྱ་རྒྱུ་ཡིན་པས། གར་སྟེགས་སྒྱུ་རྩལ་ལ་དགའ་བའི་གྲོགས་པོ་ཚང་མ་ཀྲུང་དབྱང་གླུ་གར་ཁང་དུ་ཕེབས་ཏེ། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་དར་ཞིང་རྒྱས་པའི་གསོན་ཤུགས་ལ་མྱོང་རོལ་བྱས་ནས། བོད་ཀྱི་རིག་གནས་ཀྱི་སྟོན་མོ་དེ་མཉམ་དུ་ལོངས་སྤྱོད་བྱེད་པར་གདན་འདྲེན་ཞུ་གི་ཡིན་ཞེས་བརྗོད།
འབྲེལ་ཡོད་འོས་སྦྱོར།