ནག་ཆུའི་སྒོར་གཞས་ཀྱིས་འཛམ་གླིང་གི་ཟིན་ཐོ་གསར་པ་གཏོད་འདུག
རྩོམ་པ་པོ།:
ཡོང་ཁུངས།:ཁམས་པའི་བརྙན་འཕྲིན།
དུས་ཚོད།:2026-06-30
ཀློག་གྲངས།:
ཟླ༦པའི་ཚེས༢༥ཉིན་གྱི་སྔ་དྲོར། ༢༠༢༦ལོའི་བོད་རང་སྐྱོང་ལྗོངས་སྒོར་གཞས་འཁྲབ་སྟོན་དང་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་མི་སྟོང་ཞུགས་པའི་ནག་ཆུའི་སྒོར་གཞས་ཀྱི་ཁས་ལེན་དཔང་འདོན་བྱེད་སྒོ་ནག་ཆུ་གྲོང་ཁྱེར་དུ་གཉེར་ཞིང་། ཞབས་བྲོ་བ༡༡༠༥ཡིས་གཟབ་མཆོར་སྤྲས་ནས་ལག་གདང་སྦྲེལ་ཏེ་སྒོར་གཞས་འཁྲབ་པ་རེད།

མི་སྟོང་ཕྲག་གིས་མཉམ་དུ་ཞབས་བྲོ་འཁྲབ་པ་ཕུད། འཕྲུལ་མིས་མཉམ་དུ་སྒོར་གཞས་འཁྲབ་པའི་རྣམ་པ་ནི་ཧ་ཅང་ཡིད་དབང་འཕྲོག་པ་ཞིག་རེད། འཕྲུལ་ཆས་ཀྱི་མིས་སྒོར་གཞས་ཀྱི་རྩེར་སོན་ཞབས་བྲོའི་སྟངས་སྟབས་ལ་ལད་མོ་བྱེད་པ་དང་སྲོལ་རྒྱུན་གྱི་གླུ་གར་དང་མཉམ་འདྲེས་བྱས་པས། གཟུགས་མེད་རིག་གནས་ཤུལ་བཞག་ལ་ན་གཞོན་ཅན་དང་ཚན་རྩལ་ཅན་གྱི་ཐུན་མོང་མ་ཡིན་པའི་མཚོན་ཚུལ་ཞིག་མངོན་ཡོད།

སྐར་མ་བདུན་ལྷག་ཙམ་རིང་གླུ་གཞས་དང་ཞབས་བྲོ་འཁྲབ་རྗེས་འཛམ་གླིང་ཟིན་ཐོ་ཁས་ལེན་ཚན་པས(WRCAC)མི་སྟོང་གི་ནག་ཆུའི་སྒོར་གཞས་ཀྱིས་འཛམ་གླིང་ཟིན་ཐོ་གཏོད་པ་ཁྱབ་བསྒྲགས་བྱས་པ་རེད།
ད་ལོའི་སྤྱི་ཟླ༤པར། ནག་ཆུའི་སྒོར་གཞས་རང་སྐྱོང་ལྗོངས་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་དཔེ་མཚོན་རྣམ་གྲངས་ཁག་བདུན་པའི་ནང་བདམས་པ་རེད། ཟླ་བ་གཉིས་ཀྱི་རྗེས་སུ་མི་སྟོང་གི་གཞི་ཁྱོན་གྱིས་འཛམ་གླིང་གི་ཟིན་ཐོ་གཏོད་ཡོད་པ་རེད།

ནག་ཆུའི་སྒོར་གཞས་ནི་རང་སྐྱོང་ལྗོངས་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཡིན་པའི་ངོས་ནས་ཉེ་བའི་ལོ་ཤས་རིང་ནག་ཆུ་གྲོང་ཁྱེར་གྱིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྔོག་འདོན་གཏིང་ཟབ་བྱས་ཏེ། ནག་ཆུའི་སྒོར་གཞས་གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ས་གནས་དེ་གའི་ཆེས་མངོན་གསལ་དོད་པའི་རིག་གནས་ཀྱི་མིང་བྱང་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་འོས་སྦྱོར།
