logo

༄༅།།མཁྱེན་བརྩེའི་ལུགས་ཀྱི་ཐང་ག་འབྲི་རྩལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-04-14 ཀློག་གྲངས།:
ཐང་ཁའི་སྒྱུ་རྩལ་ནི་བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་རྣམ་པ་གཙོ་བོའི་གྲས་ཤིག་ཡིན་ལ། རི་མོའི་གལ་ཆེའི་གྲུབ་ཆ་ཤིག་ཀྱང་ཡིན་པས་དེའི་བྱུང་འཕེལ་གྱི་ལོ་རྒྱུས་ནི་བོན་གྱི་ལོ་རྒྱུས་དང་མཉམ་པ་ཞིག་ཡིན་ཞེས་གསུངས་མོད། འོན་ཏེ་དེར་ཁུངས་བཙན་གྱི་དཔང་རྟགས་དང་ལོ་རྒྱུས་ཀྱི་ཡིག་ཆ་ཞིག་མེད་ཙང་ང་ཚོས་སྟབས་བདེ་པོས་ཁ་ཚོན་གཅོད་མི་ཐུབ། དེར་བརྟེན་ཐང་ཁའི་སྒྱུ་རྩལ་གྱི་ཐོག་མར་བྱུང་བའི་དུས་དེ་ཏུན་ཧོང་ནས་གསར་རྙེད་བྱུང་བའི་བཙན་པོའི་དུས་སྐབས་ཀྱི་གོས་དར་སོགས་ཀྱི་ཐོག་ནས་ཚིག་ཐག་གཅོད་རྒྱུ་ལས་འོས་མེད། དེས་ན་ཐང་ཁ་དེ་ཉིད་ཐོག་མར་བཙན་པོའི་སྐབས་སུ་བྱུང་བར་འདོད་པ་དང་། དེ་ནས་ཕག་གྲུའི་དུས་དཀྱིལ་ནས་དགའ་ལྡན་ཕོ་བྲང་གི་དུས་སྐབས་ཀྱི་རིང་རིམ་བཞིན་དར་འཕེལ་བྱུང་བ་དང་། བཅིངས་འགྲོལ་བཏང་མ་ཐག་ནས་རིག་གནས་གསར་བརྗེ་ཆེན་པོའི་སྔོན་བར་གསར་དུ་ཚུགས་པ་དང་ཁ་ཕྱོགས་བསྒྱུར་བའི་དུས། དེ་ནས་རིག་གནས་གསར་བརྗེ་ཆེན་པོའི་སྐབས་ཀྱི་གོད་ཆག་དང་ཉམས་དམས་ཀྱི་དུས། སྐབས་བཅུ་གཅིག་པའི་ཀྲུང་ཨུད་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་ཀྱི་མྱུར་སྐྱོབ་དང་སླར་གསོ་དར་སྤེལ་གྱི་དུས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་རིམ་བརྒྱུད་ཡོད། མྱུར་སྐྱོབ་དང་སླར་གསོའི་ལས་ཀ་མགོ་ཚུགས་པ་ནས་བཟུང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཀྱང་ཐོན་ཡོད།
བོད་ཀྱི་ཐང་ཁར་རིགས་དང་ནང་དོན་སྣ་ཚོགས་པ་ལས་མཁྱེན་བརྩེ་ལུགས་ནི་བལ་ལུགས་ཀྱི་རྨང་གཞིའི་སྟེང་རྒྱ་གར་དང་། རྒྱ་ནག་ཀྲུང་ཡོན་ས་ཁུལ་གྱི་རི་མོའི་ལེགས་ཆ་ཚུར་ལེན་གྱིས་གསར་དུ་གཏོད་པའི་རི་མོའི་བྲིས་རྒྱུན་ཞིག་ཡིན། ཐང་ཁའི་རྒྱུ་ཆ་ནི་ཧ་ཅང་མང་བས་དེའི་རྒྱུ་ཆའི་ཐད་ནས་དབྱེ་ན་རིགས་ཆེ་བ་གཉིས་ཙམ་ཡོད་དེ་གཅིག་ནི་གོས་ཐང་ཡིན་པ་དང་། དེ་ནི་དར་གོས་སོགས་ཀྱིས་རྒྱུ་ཆ་བྱས་ཏེ་དེ་དག་ཤོག་དཔེ་ལྟར་དྲས་ནས་རས་གཞིའི་སྟེང་ཚགས་པར་གདབ་སྟེ་གོས་ཆེན་རྣམས་སྦྱར་བ་དང། དེ་ནས་སྣག་བཅད་ཀྱི་ཚབ་ལ་ཏུང་སྐུད་དང་གསེར་སྐུད་སོགས་ཀྱིས་བཙེམས་ནས་གྲུབ་པ་ཞིག་ཡིན། དེ་ལྟར་དགོན་པའི་ནང་གི་གོས་ཐང་དེ་རིགས་ལ་གོས་སྐུ་ཞེས་ཟེར་གྱི་ཡོད། གོས་སྐུ་དེ་དག་གི་ཁྲོད་གྲགས་ཆེ་ཤོས་ནི་ཕོ་བྲང་པོ་ཏ་ལའི་ཚེ་དཔག་མེད་ཀྱི་གོས་སྐུ་དེ་ཡིན་ཞིང་། དེའི་རིང་ཚད་ལ་སྨི་༥༥་༨དང་ཞེང་ལ་སྨི་༤༦་༨ཡོད་པས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་སྐུ་གཤེགས་རྗེས་སྡེ་སྲིད་མཆོག་ནས་གཙོ་འགན་བཞེས་ནས་གསར་བཞེངས་གནང་བ་ཞིག་ཡིན། ཐང་ཁའི་རིགས་གཞན་ཞིག་ནི་བྲིས་ཐང་ཡིན་པ་དང་། དེ་ནི་བོད་ཤོག་དང་རས་གཞིའི་སྟེང་ཚོན་བཏང་ནས་བཟོས་པ་ཞིག་ཡིན་ལ་དེའི་རི་མོའི་རྒྱབ་ལྗོངས་སམ་ཚོན་མདངས་མི་འདྲ་བར་བརྟེན་ནས་གཙོ་བོ་གསེར་ཐང་དང་། ནག་ཐང། ཚོན་ཐང་། མཚལ་ཐང་བཅས་ཡོད། གོས་ཐང་དང་བྲིས་ཐང་གཉིས་ཀྱི་མི་འདྲ་ས་ནི་གོས་ཐང་ནི་གཙོ་བོ་དར་གོས་ཀྱི་སྟེང་དུ་བཟོ་བ་དང་། བྲིས་ཐང་ནི་རས་གཞིའི་སྟེང་དུ་འབྲི་བ་ཞིག་ཡིན།
ཐང་ཁའི་སྒྱུ་རྩལ་ནི་ཆོས་ལུགས་དང་།འཇིག་རྟེན་གྱི་ཆགས་སྟངས་དང་། བོད་རིགས་ཀྱི་འབྱུང་ཁུངས། སྨན་རྩིས། ཟློས་གར། རི་མོ། དམངས་ཁྲོད་ཀྱི་ངག་སྒྲུང་ དམངས་སྲོལ། ལོ་རྒྱུས་བཅས་མཚོན་པའི་རི་མོའི་ཤོག་དྲིལ་ཞིག་ཡིན་པས།དེ་ནི་བོད་ཀྱི་ཤེས་བྱ་ཀུན་བཏུས་ཀྱི་དཔེ་དེབ་ཅིག་ཡིན་པས། འདིར་བརྗོད་པར་བྱ་བའི་ཐང་ཁའི་བྲིས་རྒྱུན་མཁྱེན་བརྩེ་ལུགས་ནི་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་ནས་བཟུང་ལྷོ་ཁ་དང་གཙང་ཁུལ་ལ་དར་ཁྱབ་བྱུང་བ་ཞིག་ཡིན་།  དེའི་སྲོལ་གཏོད་མཁན་ནི་ཕལ་ཆེར་སྨན་བླ་དོན་གྲུབ་དང་དུས་མཉམ་པའམ་ཅུང་ཕྱི་ཙམ་དུ་འཁྲུངས་པའི་འཁྲུངས་ཡུལ་གོང་དཀར་སྒང་སྟོད་ནས་ཡིན་པའི་མཁྱེན་བརྩེ་ཆེན་མོ་དགེ་བསྙེན་རྣམ་རྒྱལ་ཞུ་བ་ཁོང་ཡིན། ཁོང་ཆུང་དུས་ནས་རི་མོ་འབྲི་རྒྱུར་ཤིན་ཏུ་མཉེས་ཤིང་ནར་སོན་རྗེས་སྐབས་དེའི་སྐད་གྲགས་ཡོད་པའི་རི་མོ་མཁས་ཅན་རྡོ་པ་བཀྲ་ཤིས་རྒྱལ་པོའི་ཞབས་ལ་གཏུགས་ཤིང་རི་མོའི་གཞུང་དང་འབྲི་རྩལ་ལ་གསན་སྦྱངས་མཛད་པས།  བོད་དང་རྒྱ་དཀར་ནག བལ་ཡུལ་ལ་སོགས་པའི་རི་མོའི་བྲིས་ལུགས་ཀུན་ལ་མཁས་པར་གྱུར། ཁོང་གིས་སྲོལ་གཏོད་པའི་མཁྱེན་བརྩེ་ལུགས་ནི་སྤྱི་ལོའི་དུས་རབས་༡༤ནས་༡༥བར་གཙང་ཁུལ་དུ་དར་ཁྱབ་ཤིན་ཏུ་ཆེ་བའི་འབྲི་ལུགས་ཁག་རྒྱུན་འཛིན་གྱི་རྨང་གཞིའི་སྟེང་རིམ་གྱིས་རང་གི་ཐུན་མོང་མ་ཡིན་པའི་འབྲི་སྲོལ་གསར་དུ་གཏོད་པ་ཞིག་ཡིན། སྨན་མཁྱེན་གཉིས་ཀ་རྡོ་བཀྲའི་སློབ་མ་ཡིན་ཡང་རང་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་ཚོན་དང་རི་མོའི་ཉམས་འགྱུར་ཐ་དད་དུ་སོང་ཞིང་ཁྱད་པར་སྨན་ལུགས་ནི་ཞི་བའི་སྐུའི་བཟོ་ལ་མཁས་ཤིང་མཁྱེན་བརྩེ་ཆེན་མོ་ནི་དེ་ལས་ལྡོག་སྟེ་དྲག་པོར་མཁས་པ་ཞིག་ཡིན། དེ་ལྟར་རི་མོའི་བཞེད་སྲོལ་ཡང་མི་འདྲ་བས་སྨན་ལུགས་དང་མཁྱེན་ལུགས་ཅེས་བྲིས་རྒྱུན་མི་འདྲ་གཉིས་སུ་གྱུར། བྲིས་རྒྱུན་དེ་གཉིས་བྱུང་བ་ནས་བཟུང་དུས་རབས་༡༤ནས་༡༥བར་བོད་ཀྱི་དབུས་གཙང་ཁུལ་དུ་དར་བའི་བལ་ཡུལ་གྱི་བྲིས་རྒྱུན་ལོ་རྒྱུས་ཀྱི་མཇུག་རྫོགས་པར་བྱས། སྤྱི་ལོ་༡༤༦༤ནས་༡༤༧༦བར་དུ་མཁྱེན་བརྩེ་ཆེན་མོས་གོང་དཀར་ཆོས་སྡེ་དགོན་གྱི་ལྡེབས་བྲིས་དང་སྐུ་འདྲ་བཟོ་བཀོད་ཀྱི་འགན་ཡོངས་སུ་བཞེས་གནང་བ་དང་། དེ་ནས་བོད་ཀྱི་ས་ཆ་གང་སར་ལྷག་པར་དུ་ལྷོ་ཁའི་ཕྱོགས་ཀྱི་དགོན་པ་མང་པོའི་ལྡེབས་བྲིས་དང་། སྐུ་འདྲ་མང་པོ་ཞིག་ཁོང་གི་ཕྱག་སོར་གྱི་རྩལ་ལས་ཐོན་པ་ཤ་སྟག་ཡིན་ཏེ། དེའི་ནང་གྲགས་ཆེ་ཤོས་ནི་གོང་དཀར་ཆོས་སྡེའི་བདེ་མཆོག་ལྷ་ཁང་གི་ལྡེབས་བྲིས་དང་། དེ་བཞིན་ལམ་འབྲས་ལྷ་ཁང་གི་བླ་མ་དང་སྲུང་མའི་སྐུ་འདྲ་ལྡེབས་བྲིས་སོགས་ཡིན། མཁྱེན་བརྩེ་ལུགས་ཀྱི་བྲིས་རྒྱུན་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་ཅིང་ར་སྤྲོད་ཐུབ་པ་ནི་གོང་དཀར་ཆོས་སྡེ་དགོན་ཙམ་ལས་གཞན་ཧ་ཅང་མཐོང་དཀོན་པར་གྱུར།  མཁྱེན་བརྩེ་ལུགས་ཀྱིས་རི་མོའི་བཀོད་པ་བལ་ལུགས་ལྟར་རྟེན་གཙོ་ཅུང་ཆེ་བར་འབྲི་བའི་ཁྱད་ཆོས་རྒྱུན་འཛིན་ཐོག་ཡུལ་ལྗོངས་དང་ཆས་གོས་ཐད་རྒྱ་ནག་གི་བྲིས་རྒྱུན་གྱི་ལེགས་ཆ་རྣམས་ཚུར་ལེན་བྱས་ཡོད་པས། བྲིས་རྒྱུན་དེ་དཀྱིལ་འཁོར་དང་ཁྲོ་བོའི་རིགས་ཀྱི་ཉམས་འགྱུར་དང་ཚོན་མདངས་རྒྱག་རྒྱུར་ཤིན་ཏུ་མཁས་པ་ཞིག་ཡིན།  གཞན་ཡང་ལུགས་དེ་ཉིད་དངོས་མཚོན་འབྲི་བའི་ཐབས་ལ་བརྟེན་པས་གྲིབ་མའི་མདངས་རྒྱག་སྟངས་སོགས་སྨན་ལུགས་དང་མི་འདྲ་ཞིང་། མཐའ་འཁོར་དུ་རྒྱན་རིས་ཀྱིས་གང་བ། ཡུལ་ལྗོངས་ཀྱི་བཀོད་པ་ཞིབ་ཚགས་པ། བཅད་མདངས་མངོན་གསལ་དོད་པ། ལྷ་སྐུ་རྣམས་རིང་ཞིང་ཕྲ་ལ་རྐང་ལག་མཉེན་ལྕུག་དང་ལྡན་པས་ཧ་ཅང་གསོན་ཉམས་དོད་ལ་མཛེས་པོ་ཡོད།
ཐང་ཁའི་སྒྱུ་རྩལ་གྱི་ཡོ་བྱད་ལ་བྲིས་ཐང་དང་གོས་ཐང་གི་ཡོ་བྱད་གཉིས་ལས། ༡.བྲིས་ཐང་གི་ཡོ་བྱད་གཙོ་བོ་ནི་སྤུ་སྨྱུག་དང་། ཚོན། རས་གཞི། ཤོག་བུ། སྣག་ཚ། སྤྱིན། པར་སྒྲོམ། ཚོན་ཕོར་བཅས་ཡིན་ལ་དེ་དག་ལའང་སོ་སོའི་བྱེད་ནུས་དང་ཚོས་གཞི། རྒྱུ་ཆ་མི་འདྲ་བ་ལ་བརྟེན་ནས་རིགས་འགར་ཕྱེ་རྒྱུ་ཡོད། ༢.གོས་ཐང་གི་ཡོ་བྱད་གཙོ་བོ་ནི་དར་གོས་དང་ཤོག་བུ། རས་ཆ། ཇེམ་ཙེ། ཁབ་སྐུད། དབུར་ཏི། སྤྱིན་བཅས་ཡིན།
ཐང་ཁའི་སྒྱུ་རྩལ་གྱི་ཐོན་རྫས་སུ་བྲིས་ཐང་དང་འཚེམ་ཐང་། འཐག་ཐང་། གོས་སྐུ་འབུར་མ། དྲས་དྲུབ་ཐང་ཁ་སོགས་ཡོད་ལ་དེའི་བརྩམ་ཆོས་སུ་གོས་ཐང་ལ《ཤཱཀྱ་མུ་ནེ》དང་། 《སྒྲོལ་ལྗང》《སྟོན་པ་དང་གནས་བརྟན་བཅུ་དྲུག》སོགས་དང་། བྲིས་ཐང་ལ《འཇམ་དཔལ་དབྱངས》དང《བྱམས་པ》སོགས་ཡོད།
བོད་ཀྱི་ཐང་ཁའི་སྒྱུ་རྩལ་ནི་སངས་རྒྱས་ཀྱི་བསྟན་པ་བོད་དུ་དབུ་བརྙེས་རྗེས་དར་འཕེལ་བྱུང་བ་ཞིག་ཡིན་ཏེ་ནང་བསྟན་གྱིས་གཙོས་པའི་ཕྱི་ཡི་རིག་གནས་སྒྱུ་རྩལ་གྱི་ཤུགས་རྐྱེན་དང་བསྟུན་ནས་རིམ་བཞིན་སྐྱེས་སྟོབས་ཀྱི་དཔལ་འབར་བ་ཞིག་ཡིན། ཐང་ཁ་དེ་ཉིད་སྔར་གྱི་སྒྱུ་རྩལ་གྱི་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་རྨང་གཞིའི་སྟེང་རྒྱ་གར་དང་། བལ་པོ། ཀྲུང་ཡོན་ས་ཁུལ་སོགས་ཀྱི་སྒྱུ་རྩལ་གྱི་ཉིང་བཅུད་ཚུར་ལེན་བྱས་ནས་ཐུན་མོང་མ་ཡིན་པའི་བོད་ཀྱི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཏུ་གྲུབ་རྗེས་རི་མོའི་བྲིས་རྒྱུན་མི་འདྲ་བ་སྣ་ཚོགས་བྱུང་བས་མེ་ཏོག་མཉམ་བཞད་ཀྱི་རྣམ་པ་བཟང་པོ་ཞིག་ཐོན་ཡོད། དེ་དག་ལས་འགའ་རེ་ནི་ཡུལ་གྱི་སྒོ་ནས་མིང་ཐོགས་པ་དང་། འགའ་རེ་ནི་སྲོལ་གཏོད་མཁན་གྱི་མཚན་གྱི་སྒོ་ནས་བཏགས་པ་ཡང་ཡོད། མཁྱེན་བརྩེ་ཆེན་མོ་མཆོག་གིས་སྲོལ་གཏོད་པའི་ལུགས་དེ་ནི་ཐད་ཀར་དུས་རབས་༡༤ནས་༡༥བར་གཙང་ཁུལ་དུ་དར་ཁྱབ་ཆེ་བའི་བྲིས་རྒྱུན་རྒྱུན་འཛིན་གྱི་རྨང་གཞིའི་ཐོག་ལེགས་བཅོས་བྱས་པ་ཞིག་ཡིན་པས། དེའི་ཁྱད་ཆོས་ནི་བལ་ལུགས་ཀྱི་བྲིས་རྒྱུན་ལྟར་རྟེན་གཙོ་ཅུང་ཆ་ཆེ་བར་འབྲི་བའི་ཁྱད་ཆོས་རྒྱུན་འཛིན་ཐོག་ཡུལ་ལྗོངས་དང་ཆས་གོས་འབྲི་སྟངས་རྒྱ་ནག་གི་འབྲི་རྒྱུན་གྱི་ལེགས་ཆ་རྣམས་བཅུད་ལེན་བྱས་ཡོད་ཅིང། ལུགས་དེ་དཀྱིལ་འཁོར་དང་ཁྲོ་བོའི་རིགས་ལ་ཤིན་ཏུ་མཁས་པ་ཞིག་ཡིན།
ཐང་ཁའི་ནང་དོན་གྱི་ངོས་ནས་བརྗོད་ན་ཆོས་ལུགས་ཀྱི་རིག་གནས་མཚོན་རྒྱུ་དེ་ཡིན་ལ་དེ་ནི་ཐང་ཁའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡིན།ཆོས་ལུགས་ཀྱི་ནང་དོན་རྐྱང་པས་ཐང་ཁ་ཡོངས་ཀྱི་བརྒྱ་ཆ་བརྒྱད་ཅུའི་གཡས་གཡོན་ཙམ་ཟིན་གྱི་ཡོད་པ་སྟེ། དེའི་ནང་དོན་དུ་སྤྱན་རས་གཟིགས་དང་། གནས་བརྟན། ཆོས་སྐྱོང་སྲུང་མ། ཆོས་ལུགས་ཀྱི་གྲགས་ཅན་མི་སྣ། ཆོས་ཕྱོགས་ཀྱི་ཨར་ལས་འཛུགས་སྐྲུན་སོགས་ཡོད་པས་ཆོས་ལུགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད། དེ་མིན་ད་དུང་འཇིག་རྟེན་གྱི་ཆགས་སྟངས་དང་། བོད་རིགས་ཀྱི་འབྱུང་ཁུངས། སྨན་རྩིས། ཟློས་གར། རི་མོ། དམངས་ཁྲོད་ཀྱི་ངག་སྒྲུང་སོགས་ཡོད་པས་དེ་ནི་བོད་ཀྱི་ཤེས་བྱ་ཀུན་འཛོམས་ཀྱི་དཔེ་དེབ་ཅིག་ཡིན།
ཐང་ཁའི་བྱེད་ནུས་ཀྱི་ངོས་ནས་བརྗོད་ན་དེའི་ཞབས་འདེགས་ཞུ་ས་གཙོ་བོ་ནི་ཆོས་ལུགས་ཀྱི་འཚོ་བ་ཡིན་ཏེ་ཐང་ཁའི་འཕེལ་རྒྱས་དེ་ཆོས་ལུགས་ཀྱི་དར་རྒུད་དང་དམ་པོར་འབྲེལ་བ་ཞིག་ཡིན། དགོན་པ་ནི་བོད་ཀྱི་ཆོས་ལུཊ་རིག་གནས་ཀྱི་ལྟེ་བ་དེ་ཡིན་པས་ཐང་ཁ་མང་ཆེ་བ་དགོན་པའི་ནང་ཉར་ཚགས་གནང་ཡོད་ཅིང་། དེ་དག་གྱང་སོགས་ཀྱི་ལོགས་སུ་བཀལ་ནས་རྒྱ་ཆེའི་ཆོས་དད་མང་ཚོགས་ཀྱིས་ཕྱག་དབང་ཞུས་ནས་ཁོ་ཚོའི་ཆོས་ལུགས་ཀྱི་འཚོ་བའི་དགོས་མཁོ་སྐོང་གི་ཡོད་།དེ་བཞིན་དམངས་ཁྲོད་དུ་ཉར་བའི་ཐང་ཁ་ཡང་ཆོས་དད་པ་ཚོས་རང་རང་གི་མཆོད་ཁང་དང་མཆོད་གཤོམ་ནང་དུ་བསྒྲིགས་གནང་གི་ཡོད་པས། ཐང་ཁའི་མཛེས་བཟོའི་ནུས་པ་དེ་དེ་ཙམ་གྱི་གཙོ་བོ་མིན་ལ་མངོན་གསལ་དོད་པོ་ཡང་མེད།  ཐང་ཁའི་བཟོ་རྩལ་པའི་ངོས་ནས་བརྗོད་ན་མང་ཆེ་བ་ནི་ཆོས་ལུགས་ཀྱི་མི་སྣ་ཡིན་ཞིང་། ལོ་རྒྱུས་ཐོག་ཐང་ཁའི་སྒྱུ་རྩལ་པ་ནི་དགོན་པ་ཁག་གི་དགེ་སློང་གིས་གཙོས་པའི་གྲྭ་བཙུན་རི་མོ་མཁས་ཅན་དག་ཡིན་ཞིང་། ཁོང་ཚོ་མང་ཆེ་བ་འཇིག་རྟེན་པར་ལག་རྩལ་དེ་ཉིད་བརྒྱུད་སྤྲོད་གནང་འདོད་མེད། ལོ་རྒྱུས་ཐོག་གི་ཐང་ཁའི་རི་མོ་མཁས་ཅན་ངོས་ནས་བརྗོད་ན་ཁོང་ཚོ་མང་ཆེ་བ་གཅིག་ནས་གྲགས་ཅན་གྱི་ལྷ་རིས་པ་ཤ་སྟག་ཡིན་ལ་གཉིས་ནས་རིག་པའི་གནས་ལྔ་ལ་ཤིན་ཏུ་མཁས་པའི་སངས་རྒྱས་བསྟན་པའི་བླ་མ་ཤ་སྟག་ཡིན་པ་སྟེ་དཔེར་ན། ས་སྐྱ་པཎ་ཆེན་དང་། ཀརྨ་པ་རིག་པའི་རྡོ་རྗེ། སྨན་ལུགས་ཀྱི་གསར་གཏོད་པ་སྨན་བླ་དོན་གྲུབ་རྒྱ་མཚོ། ཐང་སྟོང་རྒྱལ་པོ་ལ་སོགས་པ་ཡོད།
ཐང་ཁའི་ཉར་ཚགས་ཀྱི་ངོས་ནས་བརྗོད་ན། ཐང་ཁ་དེ་ཉིད་ནང་ཆོས་ཀྱི་འཚོ་བ་ཙམ་མ་ཟད་བོད་ཀྱི་རིག་གནས་གཞན་པ་ཡང་ཐད་ཀར་མཚོན་གྱི་ཡོད་པས།བོད་ཀྱི་རིག་གནས་གཞན་ཤེས་རྟོགས་བྱེད་པའི་མེ་ལོང་ལྟ་བུ་ཞིག་དང་། གཞན་ཐང་ཁ་དེ་ཉིད་རིམ་བྱོན་གྱི་བླ་མ་སྐྱེས་ཆེན་དམ་པ་རྣམས་དང་སྒྱུ་རྩལ་པ་དག་གི་ཕྱག་སོར་ལས་འཁྲུངས་པ་ཞིག་ཡིན་པས་དེར་ཉར་ཚགས་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད། གཞན་ཉེ་བའི་དུས་སུ་སྤེལ་བའི་ཐང་ཁའི་མྱུར་སྐྱོབ་ཀྱི་ལས་དོན་སྐོར་གླེང་ན། ༡༩༩༡ལོའི་ཟླ་བ་བདུན་པར་རང་སྐྱོང་ལྗོངས་རིག་གནས་ཐིང་གི་མགོ་ཁྲིད་འོག་བོད་ཀྱི་དམངས་ཁྲོད་མཛེས་རྩལ་ཞིབ་འཇུག་གི་རིག་གཞུང་ལྷན་ཚོགས་སྒྲིག་འཛུགས་བྱས་པ་དང་། ཚོགས་པ་དེའི་དམིགས་ཡུལ་ནི་བོད་ཀྱི་དམངས་ཁྲོད་མཛེས་རྩལ་གྱི་ཕྱོགས་གང་ཅིའི་ཐད་ནས་མྱུར་སྐྱོབ་དང་ལེགས་སྒྲིག་བྱ་རྒྱུ་དེ་ཡིན། དེ་ནས་༢༠༠༤ལོའི་ཟླ་༧པར་བོད་ལྗོངས་སློབ་གྲྭ་ཆེན་མོར་སྐབས་དང་པོའི་རྒྱལ་སྤྱིའི་བོད་ཀྱི་གནའ་བོའི་འཛུགས་སྐྲུན་དང་ལྡེབས་རིས་ཀྱི་ཞིབ་འཇུག་འགྲོ་གླེང་གི་ཚོགས་འདུ་སྐོང་ཚོགས་བྱས་པ་དང་། ཚོགས་བཞུགས་མཁས་དབང་ཚོས་བོད་ཡོངས་ཀྱི་གནའ་བོའི་འཛུགས་སྐྲུན་དང་། ལྡེབས་རིས། ཐང་ཁ་རྙིང་པའི་སྲུང་སྐྱོབ་གནད་དོན་ལ་འགྲོ་གླེང་གནང་ཡོད། ཡང་༢༠༠༤ལོའི་ཟླ་༣ཚེས་༣༠ཉིན་ལྗོངས་རིག་གནས་ཐིང་དང་། སློབ་གསོ་ཐིང་། བོད་ལྗོངས་སློབ་གྲྭ་ཆེན་མོ་བཅས་ཀྱིས་མཉམ་འབྲེལ་ཐོག་ཐང་ཁའི་སྒྱུ་རྩལ་གྱི་གཟུགས་བརྙན་གསར་གཏོད་རྣམ་གྲངསཀྱི་ཆེད་མངགས་ལས་དོན་ཚོགས་འདུ་སྐོང་ཚོགས་གནང་བ་དང་། དེ་རྗེས་ལས་དོན་གྱི་ཟིན་བྲིས་གནད་བསྡུས་འགྲེམས་སྤེལ་གནང་བ་མ་ཟད་ཐང་ཁའི་སྒྱུ་རྩལ་གྱི་དར་སྤེལ་དང་སྲུང་སྐྱོབ་བྱ་རྒྱུའི་དམིགས་ཡུལ་དང་། ལས་ཀའི་རྩ་དོན། མ་དངུལ་གཏོང་འཇོག་བཅས་ལ་བཀོད་སྒྲིག་གནང་ཡོད།
ཐང་ཁའི་སྒྱུ་རྩལ་དེ་ཉིད་འཛམ་གླིང་གི་རི་མོའི་བཟོ་རྩལ་གྱི་ལོ་རྒྱུས་སྟེང་གོ་གནས་ངེས་ཅན་ཞིག་བཟུང་ཡོད་པ་དང་། བོད་ཀྱི་རྗེས་ལུས་ཀྱི་དཔལ་འབྱོར་རྣམ་པ་དེ་རིག་གནས་དེ་དག་གི་འཕེལ་རྒྱས་ཀྱི་བཀག་རྡོར་གྱུར་བ་མ་ཟད། ཡང་སྒོས་ཐང་ཁའི་སྒྱུ་རྩལ་ལ་ཤེས་ལྡན་མི་སྣ་དང་སློབ་གཞི་སོགས་ཀྱི་མ་ལག་འཐུས་ཚང་མེད་པས་ང་ཚོས་མགོ་ཁྲིད་ལ་ཤུགས་སྣོན་གྱིས་སྒྲིག་གཞི་འཛུགས་སྐྱོང་དང་། ཡོངས་ཁྱབ་ཀྱིས་སྲོལ་རྒྱུན་གྱི་ཐང་ཁའི་ལག་ཤེས་བཟོ་རྩལ་ལ་ཞིབ་བཤེར་དང་འཚོལ་བསྡུ། བཅོས་སྒྲིག་བྱ་དགོས་པ་དང་། ཐང་ཁའི་ཐུན་མིན་གྱི་ཁྱད་ཆོས་སྔོག་འདོན་གང་ལེགས་བྱས་ནས་ཁྲོམ་རྭའི་དཔལ་འབྱོར་གྱི་ཁོར་ཡུག་དང་བསྟུན་ཏེ་མཐུན་སྦྱོར་གྱི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱ་རྒྱུར་ཞབས་འདེགས་ཞུ་དགོས་སོ།།
འབྲེལ་ཡོད་འོས་སྦྱོར།