logo

༄༅།།བོད་ཀྱི་ཤོག་བུའི་རྒྱུ་ཆ་དང་བཟོ་བའི་གོ་རིམ། རིགས་དང་ཁྱད་ཆོས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། དུས་ཚོད།:2021-01-13 ཀློག་གྲངས།:
ས་སྐྱ་དགོན་གྱི་ཆོས་རྩིགས་བྲག་རི་མ། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
      བོད་ཀྱི་ཤོག་བུའི་བཟོ་རྩལ་འདི་བཙན་པོ་སུ་ཞིག་གི་སྐུ་རིང་ལ་དར་ཁྱབ་བྱུང་བར་ཁ་ཚོན་བཅད་མེད་ནའང་། སྲོང་བཙན་སྒམ་པོའི་དུས་ལ། ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་ཤོག་བུ་ལ་ཡི་གེ་བྲིས་ནས་སྐུར་བའི་ལོ་རྒྱུས་ཡོད་སྟབས། ད་ལྟ་ནས་ཡར་ལ་བརྩིས་ན་ལོ་1300ཙམ་གྱི་སྐབས་སུ། ཤོག་བུའི་བཟོ་རྩལ་འདི་བོད་དུ་དར་ཡོད་ཚུལ་ཤེས་ཐུབ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ། རྒྱ་གར་ནས་བོད་ལ་བསྒྱུར་བའི་གསུང་རབ་ཚང་མ་ཤོག་དྲིལ་བྱས་ཏེ་ཡིག་འབྲུ་དགུ་སྟོང་དྲུག་བརྒྱ་ལ་བམ་པོ་གཅིག་སྟེ་པོད་གཅིག་གི་ཚད་དུ་བརྩིས་པ་སོགས་ཀྱི་ལོ་རྒྱུས་ཤིན་ཏུ་མང་བ་དུང་དཀར་ཚིག་མཛོད་སོགས་སུ་གསལ་བ་རེད།
གླེགས་བམ་གྱི་ཤོག་བུ། པར་རིས་ཀྲུང་ཧྭ་དྲ་བ་ལས་དྲངས།
      གཤམ་དུ་བོད་ཀྱི་ཤོག་བུ་བཟོ་བ་ལ་མཁོ་བའི་རྒྱུ་ཆ་དང་དེ་ཉིད་བཟོ་བའི་གོ་རིམ། ཤོག་བུའི་སྤུ་གཅོད་དང་སྦག་འདོན་བྱེད་ཐབས། བོད་ཀྱི་ཤོག་བུའི་རིགས་དང་དེའི་ཁྱད་ཆོས་བཅས་ཀྱི་སྐོར་ནས་བཀོད་ཡོད།
ཤོག་བུའི་རྒྱུ་ཆ། པར་རིས་ཀྲུང་ཧྭ་དྲ་བ་ལས་དྲངས།
      གཅིག བོད་ཀྱི་ཤོག་བུའི་རྒྱུ་ཆ།
      ཤོག་བུ་བཟོ་བའི་རྒྱུ་ལ་རབ་འབྲིང་ཐ་གསུམ་ཡོད་པ་ལས། རབ་ནི་ཤོག་ལྡུམ་དུང་ལོ་མ་ཞེས་པ་ཡིན། དེ་ཡང་ས་ནག་དང་ཤུག་ཁྲོད་སོགས་རྫ་དང་བྲག་མེད་པའི་སར་སྐྱེས་པ་བཟང་སྟེ། བྱེ་མ་དང་ས་དམར་གཡམ་པའི་ནང་དུ་སྐྱེས་པ་ནི་རྒྱུ་སྲ་ཞིང་ཚོས་དཀའ་བ་ཁ་དོག་སེར་བ་ཡིན་པས་འབྲིང་པོ་དང་། ཤུན་པ་མཐུག་ཅིང་འབུ་ཡོད་པ་ནི་དམན་པར་བཤད། རྒྱུ་འབྲིང་པོ་ནི་ཨ་ག་རུ་ཡིན་ལ། དེ་ཉིད་སྔོ་བཤུས་བྱས་པའི་ཤུན་པའི་ནང་གི་བར་ཤུན་སྤྱོད། ཐ་མ་ནི་རེ་ལྕག་གི་རྩ་བ་སྟེ། བྱེ་མ་ས་འབོལ་དང་ས་ནག་སོགས་སྙི་སར་སྐྱེས་པའི་རེ་ལྕག་གི་རྩ་བའི་སྐོགས་དང་ནང་སྙིང་གཉིས་ཀྱི་བར་ཤུན་ཡིན། རེ་ལྕག་གི་རྩ་བ་ས་འོག་ནས་སྔོག་པའི་དུས་ཚོད་ལེགས་ཤོས་ནས་སྤྱི་ཟླ་བརྒྱད་པ་དང་དགུ་བའི་བར་དུ་ཡིན།
ཤོག་བུ་བཟོ་བའི་རྒྱུ་ཆ། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
      གཉིས། བོད་ཀྱི་ཤོག་བུ་བཟོ་བའི་གོ་རིམ།
      ཀ ཤོག་ལྡུམ་དུང་ལོ་མ།
      ལྡུམ་བུ་ལེགས་པར་བཏུས་ནས་ས་རྡུལ་བཀྲུ་བཤལ་དང་ཕྱི་ཤུན་བྲད་བརྡར་བྱས་ཏེ་སྙིང་པོ་བླངས་རྗེས། བྱ་རྡོ་བསྲེགས་པ་ཆུ་འཁྱག་ཏུ་འཕངས་ཏེ་དཀྲུགས་ལ་གར་སླ་དར་བ་ཙམ་བྱས་པ་ལྕེ་ཐོག་ཏུ་བླུགས་ནས་རྒྱ་ཚྭ་ལྟར་འབིགས་པ་ནི་ལེགས་པའི་རྟགས་ཏེ། ལམ་དུ་མ་སོང་ན་ངར་མི་འབྱུང་། དེ་ཉིད་གྲུངས་གཞུག་སྙིགས་མ་མེད་པའི་ཁུ་བའི་ནང་དུ་ཤོག་ལྡུམ་བཙོ། དེ་ལྟར་མ་གྲུབ་ན་ཐལ་ཁུའི་ནང་དུ་བཙོས་ཀྱང་ཆོག་ལ། ཚོས་ནས་རྡོ་གཏུན་དུ་བརྡུང་ནས་ཟན་ལྟར་གྱུར་མཐར་ཆུ་དང་བཅས་མདོང་མོའི་ནང་བསྲུབས་པའི་སྐྱོམ་དེ་ཤོག་ཁ་རེའི་ཚད་ཆ་མཉམ་པར་བགོ ། དེ་ནས་རྫིང་སོགས་ཆུ་འཁྱིལ་གཙང་མའི་ནང་དུ། ཤོག་བྲེ་ཞེས་ཤོག་ཁ་ཆེ་ཆུང་གང་འདོད་པའི་ཚད་ཅན་གྱི་ཤིང་སྒམ་གྱི་ཁེབས་གཅོད་མཐིལ་མེད་པ་ལྟ་བུ་གྲུ་བཞི་སྤྲས་པའི་ཕྱོགས་གཅིག་ཏུ་སིང་རས་སམ་དར་སྲབ་ཞིང་འཇམ་པ་ཚགས་ལྟ་བུ་དེའི་ནང་དུ་བླུགས་ལ་མ་ཡོ་བ་རྫིང་ཆུའི་སྟེང་དུ་བཙག་དཀྲུག་བྱས་ཟིན་པ་དང་བླངས་ཏེ། སྐམ་དུ་བཅུག་ནས་གྲུབ་བོ།། 
ཤུན་པ་ལེན་པ། པར་རིས་ཀྲུང་ཧྭ་དྲ་བ་ལས་དྲངས།
      ཆུར་བཙག་དཀྲུག་བྱེད་པར་ཤོག་བྲེ་ཡོ་ན་ཤོག་བུར་སྲབ་མཐུག་འགྲོ་ཉེན་ཆེ་ཞིང་། ཆ་སྙོམས་པར་དཀྲུགས་ཤིང་ཆུ་ལས་བླང་དུས་མ་གཟབ་ན་བུག་རྡོལ་འབྱུང་ཉེན་དང་། ཤོག་ལྡུམ་མ་ཚོས་ན་དུལ་དཀའ་བ་དང་། གཏུན་བརྡུང་གིས་མ་དུལ་ན་འཇམ་པོ་མི་འོང་བ་དང་། རྡོ་གཏུན་སྲ་མཁྲེགས་དང་གཙང་མ་མིན་ན། ཤོག་མདོག་མི་གཙང་བ་སོགས་འབྱུང་བས་འདི་དག་གཟབ་གལ་ཆེ་བར་བཤད། དུང་ལོ་མ་ནི་ཤོག་བུ་སྲབ་མཐུག་གང་འདོད་བྱེད་པའི་རྒྱུ་ལས་མཆོག་ཏུ་བཤད།
ཤུན་པ་བསལ་བ། པར་རིས་ཀྲུང་ཧྭ་དྲ་བ་ལས་དྲངས།
      ཁ ཨ་ག་རུའི་ཤུན་པ།
      ཨ་ག་རུ་སྔོ་སྔོ་བཤུས་བྱས་པའི་ཤུན་པའི་ནང་གི་བར་ཤུན་དེ་ཐོག་མར་ཡུད་ཙམ་བཙོས་ནས་ཁུ་བ་ཕོ། གཞན་གྱི་བཙོ་བརྡུང་དཀྲུགས་བླུག་ཐམས་ཅད་གོང་ལྟར་བྱ་ལ། འདིའི་ཁྱད་ཆོས་ནི་མཐུག་པོར་ལེགས་པས་གླེགས་བམ་འབྲི་གཞིར་མཆོག་ཏུ་བཤད།
ཤོག་བྲེའི་ནང་དུ་ལྡུག་པ། པར་རིས་ཀྲུང་ཧྭ་དྲ་བ་ལས་དྲངས།
      ག རེ་ལྕག་གི་རྩ་བ།
      རེ་ལྕག་གི་རྩ་བ་བརྐོས་ནས་སྐོགས་དང་ནང་སྙིང་གཉིས་དོར་བའི་བར་ཤུན་རྒྱུས་པ་ལྟ་བུ་དེ་ཐལ་ཁུའི་ནང་དུ་བཙོས་པས་བལ་ལྟར་ལྷོད་པར་འོང་། དེ་ལ་དུག་ཡོད་པས་དུག་འདོན་ཨ་རུ་ར་ཐུམ་གཅིག་འདེབས། བརྡུང་དཀྲུགས་བླུགས་ཐམས་ཅད་གོང་ལྟར་ལ་འདི་གོང་གཉིས་ལྟར་རྒྱུ་བཟང་པོ་མི་འོང་ཡང་། དུག་ཡོད་པས་འབུ་སྲིན་གྱིས་གནོད་པ་མི་ཚུགས་པས་ཡུན་དུ་གནས་པར་མཆོག་ཏུ་བཤད།
བཙག་དཀྲུག་བྱེད་པ། པར་རིས་ཀྲུང་ཧྭ་དྲ་བ་ལས་དྲངས།
      གསུམ། ཤོག་བུའི་སྤུ་གཅོད་དང་སྦག་འདོན་བྱེད་ཐབས།
      ཤོག་བུ་བཟོས་ཟིན་ནས་ཐོག་མར་སྤུ་གཅོད་མ་བྱས་ན། དབུར་བ་ཙམ་གྱིས་ངོས་འཇམ་པོ་འོང་དཀའ་བས་སྦག་འདོན་མ་བྱས་སྔོན་ལ། རྡོ་དཀར་དཀར་སོབ་ཀྱིས་བྲད་རྡོལ་མི་ཤོར་བར་དྲུད་བརྡར་ཅུང་ཟད་བྱ། དེ་ནས་གྲོ་ཕྱེ་བཙགས་མ་ཆུ་ནང་འོ་མ་ལྟར་དཀྲུགས། ལྦུ་བ་བྱུང་བ་རྣམས་བཅུས་ནས་དོར་དེ་ཅུང་ཟད་གྲུངས་སུ་བཅུག་པའི་དྭངས་མ་ཆ་གཉིས་སུ་བགོས་པའི་ཆ་གཅིག་མེ་ལ་ཚོས་པར་བསྐོལ་ནས་ཐབ་ལས་བླངས་པ་ལ། མ་བསྐོལ་བའི་ཆ་གཅིག་པོ་དེ་བསྲེས། རླུང་དང་རྡུལ་མི་འབྱུང་ཞིང་ཉི་མ་ཚ་ཞིང་རླན་ཅུང་ཡོད་པའི་སར་ཤོག་བུ་གོང་གི་བག་ཆུར་དྲངས་ནས་སྐམ་དུ་གཞུག་གོ ། གྲོ་ཕྱེ་ཞག་ཉི་ཤུ་ཡན་སོང་བའི་རྙིང་པ་དམ་རྩི་ལྷོད་པས་མི་རུང་ཞིང་། གྲོ་ཕྱེ་ཆུར་འོ་མ་ལྟར་གྱུར་པ་དེ་གྲུངས་ཡུན་རིང་ན་སླ་ཉེན་ཡོད་པས་གཟབ་དགོས།
སྐམ་དུ་འཇུག་པ། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
      བཞི། བོད་ཀྱི་ཤོག་བུའི་རིགས།
      བོད་ཤོག་ལ་འབྱུང་སའི་ཡུལ་མི་འདྲ་བའི་སྒོ་ནས་དབྱེ་བ་མང་སྟེ། གན་ཤོག་ཇུ་ཙེ་གསུམ་ཕུད། གཙང་སྙེ་མོ་ཁུལ་ནས་ཐོན་པའི་གཙང་ཤོག མཚོ་སྣ་ནས་ཐོན་པའི་མཚོ་ཤོག དྭགས་པོ་སྟོད་ནས་ཐོན་པའི་དྭགས་ཤོག དྭགས་པོ་སྨད་ནས་ཐོན་པའི་སྐྱེམ་ཤོག སྟོད་གཉའ་ནང་ནས་ཐོན་པའི་གཉའ་ཤོག ཆབ་མདོ་བྲག་གཡབ་ནས་ཐོན་པའི་ཁམས་ཤོག་བཅས་ཡོད་ཐོག ད་དུང་འབྲུག་ཡུལ་ནས་ཐོན་པའི་ལྷོ་ཤོག མོན་ཡུལ་ནས་ཐོན་པའི་མོན་ཤོག་བཅས་ཤོག་བུ་བཟོ་བའི་ཡུལ་དང་འབྲེལ་བའི་མིང་མང་དུ་ཡོད་པར་སྣང་ལ། རྒྱུ་ཆ་མི་འདྲ་བའི་སྒོ་ནས། སྣག་ཤོག་དང་གསེར་ཤོག དངུལ་ཤོག བཤའ་ཚེའི་ཤོག་བུ་སོགས་ཡོད།
དྲུད་བརྡར་བྱེད་པ། པར་རིས་ཀྲུང་ཧྭ་དྲ་བ་ལས་དྲངས།
      ལྔ། བོད་ཀྱི་ཤོག་བུའི་ཁྱད་ཆོས།
      ཀ སྲབ་མཐུག་དང་བུག་རྡོལ་མེད་པ།
      ཁ ནག་དྲེགས་དང་འཛར་འཛོར་མེད་པ། 
      ག དབུར་རྡོས་བརྡར་ནས་ས་རྡོ་བའི་ར་རི་མེད་པ། 
      ང འབོལ་ཞིང་དཀར་ཞད་ཆེ་ལ་ཁམས་འཛིན་པ།
      ཅ ལོ་སྟོང་ཕྲག་སོང་ཡང་སྲིན་བུའི་བཟའ་བ་དང་རུལ་བ་སོགས་ཡོང་རྒྱུ་མེད་པ་བཅས་ཡིན།
ཤོག་བུ་ལེན་པ། པར་རིས་ཀྲུང་ཧྭ་དྲ་བ་ལས་དྲངས།
འབྲེལ་ཡོད་འོས་སྦྱོར།