༄༅། །འཇིམ་པའི་མཆོད་བཀུར། རྩོམ་པ་པོ། ཏིང་འཛིན་སྐྱིད།
རྩོམ་པ་པོ།:ཏིང་འཛིན་སྐྱིད།
ཡོང་ཁུངས།:༢༠༢༢ལོའི«བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག»དེབ་དང་པོ།
དུས་ཚོད།:2022-06-22
ཀློག་གྲངས།:
༄༅། །འཇིམ་པའི་མཆོད་བཀུར།
མདོ་སྨད་རེབ་གོང་འཇིམ་བཟོའི་སྒྱུ་རྩལ་གྱི་ལོ་རྒྱུས་དང་རིག་གནས་ལག་རྩལ་བཅས་ཀྱི་དཔྱད་ཞིབ།
ཏིང་འཛིན་སྐྱིད།
ཏིང་འཛིན་སྐྱིད།
ནང་དོན་གནད་བསྡུས། སྲོལ་རྒྱུན་རིག་གནས་འཛིན་སྐྱོང་དང་། སྲོལ་རྒྱུན་ལག་ཤེས་དར་སྤེལ་ནི་ཉེ་དུས་སུ་སྲིད་གཞུང་དང་མཁས་པ། སྤྱི་ཚོགས་བཅས་ལས་རིགས་སོ་སོས་དོ་སྣང་ཤུགས་ཆེར་བྱེད་པའི་དངོས་ཡོད་ལས་དོན་ཞིག་ཆགས་ཡོད། འདིའི་ཐད་གནད་དོན་འགའ་གནས་པ་གྲངས་ཉུང་མི་རིགས་ས་ཁུལ་དུ་ལྷག་པར་མངོན་གསལ་དོད་པོར་མཆིས། རེབ་གོང་ས་ཁུལ་གྱི་འཇིམ་བཟོའི་སྒྱུ་རྩལ་ནི་བོད་ཀྱི་སྲོལ་རྒྱུན་ལག་ཤེས་ཁྱད་པར་བ་ཞིག་ཡིན་པའི་ཆ་ནས། དེའི་བྱུང་བ་དང་ལག་རྩལ། རིག་གནས་བསྟན་དོན། སྒྱུ་རྩལ་འདི་དང་ས་གནས་ཡུལ་ཁོངས་བར་གྱི་འབྲེལ་བ་སོགས་ལ་ཞིབ་འཇུག་བྱེད་རྒྱུ་ནི་གལ་ཆེན་པོར་མཐོང་། དེ་བཞིན་གནའ་བོའི་ལག་ཤེས་དག་ལ་སྲུང་སྐྱོབ་བྱེད་པའི་ཐབས་དམ་པ་ཞིག་ནི་སྒྱུ་རྩལ་གྲུབ་རིམ་གྱི་གོ་རིམ་ཧྲིལ་པོ་ཟིན་བྲིས་སུ་གདབ་རྒྱུ་དེ་ཡིན་པས་འཇིམ་བཟོའི་ལག་རྩལ་འདིའི་བརྒྱུད་རིམ་མཐའ་དག་ཟིན་ཐོར་བཀོད་དེ་རིག་གཞུང་གི་འགྲེལ་བཤད་བསྐྱོན་རྒྱུ་ནི་སྲོལ་རྒྱུན་ལག་ཤེས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་རིམ་ནང་གཡོལ་ཐབས་མེད་པ་ཞིག་ཡིན་པ་བསྟན་འདུག
བརྡ་ཆད་གཙོ་བོ། སྲོལ་རྒྱུན་ལག་ཤེས། ནང་པའི་སྐུ་བརྙན། རེབ་གོང་འཇིམ་བཟོ།
གླེང་སློང་བ།
སྟོན་པའི་བྱིན་རླབས་དངོས་སུ་ཞུགས་ཡོད་པར་ངོས་འཛིན་པའི་སྟབས་ལས། ནང་པ་དག་གིས་འཇིམ་བཟོའི་སྒྱུ་རྩལ་ལས་ཐོན་པའི་སྐུ་བརྙན་ནི་སྟོན་པར་དད་གུས་དང་ཕྱག་བྱ་ཡུལ་གཙོ་བོ་ཞིག་ཏུ་བྱས་ཡོད་ཅིང་། བོད་བརྒྱུད་ནང་བསྟན་གྱི་རིག་གནས་ལས་འཕྲོས་ཏེ་བརྗོད་ནའང་། ནང་པའི་འཇིམ་བཟོའི་ལོ་རྒྱུས་རིང་ཞིང་ནང་དོན་ཕུན་སུམ་ཚོགས། འཇིམ་སྐུ་འདི་དག་བོད་བརྒྱུད་ནང་པའི་དགོན་སྡེ་དག་གི་མཆོད་གནས་གཙོ་བོ་དག་ཏུ་བཞུགས་ཡོད་ལ། ན་བཟའ་གསོལ་ཅིང་རིན་པོ་ཆེའི་ཕྲ་སྣ་ཚོགས་ཀྱིས་བརྒྱན་པ་དང་། མཆོད་རྫས་ཅི་ཡོད་ཀྱིས་བསྐོར་ནས་མཆིས། འཇིམ་སྐུ་འདི་དག་ལོ་ངོ་བརྒྱ་སྟོང་མང་པོ་འགོར་ནའང་། སྔར་བཞིན་གཟི་བྱིན་ལ་ཉམས་པ་མེད་ཅིང་། ཐག་ཉེ་རིང་གི་མཇལ་བ་མང་པོས་དད་པའི་འདེགས་འཇོག་བསྒྱུར་བཞིན་ལམ་གྱི་དཀའ་སྡུག་ལ་མི་འཛེམ་པར་མཇལ་ཞུར་བཅར་བ་ཡིན།
ཆེས་མཆོག་གྱུར་ཏུ་བརྩི་བའི་སྐུ་རྟེན་ཡིན་པའི་ཆ་ནས། རེབ་གོང་གི་འཇིམ་བཟོས་སྐུ་བརྙན་ནི་རེབ་གོང་ས་གནས་རིག་གནས་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། ལོ་རྒྱུས་སྟེང་ཡང་རྒྱ་གར་དང་བལ་པོ། རྒྱལ་ནང་། བོད་རང་ས་སོགས་ཡུལ་ལུང་མང་པོའི་སྒྱུ་རྩལ་སིམ་འདྲེས་དང་སྣ་འདུས་བྱུང་བའི་སྒྱུ་རྩལ་གྱི་ཉིང་ཁུ་ཞིག་ཏུ་གྱུར་ཡོད་མོད། དེང་རབས་ཅན་དང་གོ་ལ་ཅན་དུ་འགྱུར་བའི་གོ་རིམ་ཁྲོད། རེབ་གོང་གི་འཇིམ་བཟོའི་སྒྱུ་རྩལ་ལའང་སྔ་ན་མེད་པའི་དུས་འགྱུར་གྱི་བརྡབ་གསིག་ཐེབས་བཞིན་ཡོད་པ་དང་། ལག་རྩལ་ཉམས་ལ་ཉེ་བའི་གནད་དོན་བྱུང་སྟེ། ངེས་པར་སྲུང་སྐྱོབ་བྱེད་དགོས་པའི་ཚད་ལ་སོན་ཡོད། སྲོལ་རྒྱུན་ལག་རྩལ་དེང་རབས་ཅན་དུ་བསྒྱུར་རྒྱུ་ནི་ལས་རིགས་སོ་སོས་དོ་སྣང་དང་ལྷན་དུ་མཉམ་སྤེལ་བྱེད་དགོས་པའི་དོན་ཞིག་ཏུ་གྱུར་ཡོད་ཅིང་། དེའི་ཁྲོད། རིག་གཞུང་ལས་རིགས་ཀྱིས་རྒྱུ་ཆ་འཚོལ་སྡུད་གསོག་ཉར་དང་ཐོ་འགོད་ཡིག་འབྲི། བརྟག་དཔྱད་ཞིབ་འཇུག་ལྟ་བུ་བྱེད་རྒྱུའང་གནད་འགག་ཏུ་གྱུར་ཡོད། གནས་བབ་འདིར་དཔག་སྟེ། རྩོམ་ཡིག་འདིར་འབྲེལ་ཡོད་རྒྱུ་ཆ་དང་ཡུལ་དངོས་བརྟག་དཔྱད་ཀྱི་རྨང་གཞིའི་སྟེང་། རེབ་གོང་ས་ཁུལ་གྱི་འཇིམ་བཟོའི་སྒྱུ་རྩལ་གྱི་ལོ་རྒྱུས་དང་ལག་རྩལ། རིག་གནས་བསྟན་དོན་སོགས་ཐད་ནས་ཅུང་ཟད་འཐུས་ཚང་ཞིང་སྣ་འདུས་པའི་ངོ་སྤྲོད་དང་དཔྱད་ཞིབ་ཅིག་བྱས་པ་ལ།
དང་པོ། འཇིམ་བག་སྦྱོར་རྟ་བྱེད་པའི་ཁྱད་འཕགས་སྒྱུ་རྩལ།
བོད་བརྒྱུད་ནང་བསྟན་སྒྱུ་རྩལ་ནི་ཚད་ངེས་ཅན་ཞིག་ནས་བོད་ཀྱི་ཆོས་ལུགས་སྒྱུ་རྩལ་ཡིན་པར་ཡང་བསྙད་ཆོག་ཅིང་། ཐུན་མིན་མཆོག་གྱུར་རང་བཞིན་རང་ཤུགས་སུ་མངའ་བ་ཙམ་མ་ཟད། དེང་རབས་ཀྱི་སྒྱུ་རྩལ་ཅེས་པ་ལས་འདས་ཏེ་བསྟན་དོན་ཕུན་སུམ་ཚོགས་པར་མངའ་བ་ཞིག་ཡིན། དེ་བཞིན། རེབ་གོང་གི་འཇིམ་བཟོ་ཡང་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཞིག་ཡིན་པའི་ཆ་ནས། བོད་བརྒྱུད་ནང་བསྟན་གྱི་དད་མོས་ལ་དམ་དུ་འབྲེལ་ཞིང་། རང་བྱུང་ལས་འདས་པའི་མཆོག་གྱུར་ཁྱད་འཕགས་ཀྱི་སྒྱུ་རྩལ་ཞིག་ཏུ་གྱུར་ཏེ་རེབ་གོང་སྒྱུ་རྩལ་ཁྲོད་ཀྱི་གྲུབ་ཆ་གཙོ་བོར་གྱུར་ཡོད། རེབ་གོང་སྒྱུ་རྩལ་ལ་ཐང་ཀ་དང་འཚེམ་དྲུབ། འཇིམ་བཟོ། ཨར་སྐྲུན། ཚོན་རིས། རི་མོ། མེ་ཏོག་མཆོད་པ་སོགས་སྒྱུ་རྩལ་གྱི་རྣམ་པ་ཡོད་ཅིང་། རི་མོ་དང་འཇིམ་བཟོ་གང་གི་ཐད་ནས་བཤད་ནའང་། སྒྱུ་རྩལ་གྱི་མཚོན་སྟངས་ཐུན་མོང་མིན་ལ་ས་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་བའོ། །འཇིམ་བཟོ་ནི་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་ཁྲོད་ཀྱི་ཡན་ལག་ཁྱད་པར་བ་ཞིག་ཡིན་ལ། རེབ་གོང་སྒྱུ་རྩལ་ལ་མཚོན་ནས་གླེང་ན། འཇིམ་བརྐོས་ལ་འཇིམ་བཟོ་དང་ཤིང་བརྐོས། རྡོ་བརྐོས། མེ་ཏོག་མཆོད་པ་སོགས་འདུས་ཤིང་། དེའི་ཁྲོད་འཇིམ་བཟོ་གཙོ་བོར་གྱུར་ཏེ་ལག་ཤེས་བཟོ་རྩལ་གྱི་ཆུ་ཚད་དང་སྒྱུ་རྩལ་གྱི་ཤན་སྟོབས་གང་གི་ཐད་ནས་བརྗོད་ནའང་། དམངས་ཁྲོད་དུ་སྤྱོད་སྒོ་ཆེས་ཆེ་བ་དེར་གྱུར་ནས་རེབ་གོང་ཐང་ཀ་དང་མཐུན་པར་བལྟ་བའོ། །ཧི་མ་ལ་ཡའི་ས་ཁུལ་གྱི་འཇིམ་བཟོའི་བརྩམས་ཆོས་རྣམས་སྔ་དུས་ཀྱི་བཟོ་སྐྲུན་ཆེ་གྲས་རིགས་དང་ནམ་ཡང་དམ་དུ་འབྲེལ་བ་བཞིན། རེབ་གོང་གི་འཇིམ་བཟོའི་སྒྱུ་རྩལ་ཡང་བཟོ་སྐྲུན་ཆེ་གྲས་དག་ལ་འབྲེལ་བ་མཆིས། སྔོན་མའི་དགོན་པ་དང་ལྷ་ཁང་། ཕོ་བྲང་སོགས་ཀྱི་གནའ་ཤུལ་ཁྲོད། འཇིམ་བཟོ་ནི་བཟོ་སྐྲུན་ལག་རྩལ་གཙོ་བོའི་ཚུལ་གྱིས་མངོན་ཡོད་པ་དང་། དེའི་ཁྲོད་འཇིམ་སྐུ་ལ་མཚོན་ན། ལྷག་ཏུ་བཟོ་སྐྲུན་ཆེ་གྲས་དག་གི་ནང་ཁོངས་སྐུ་རྟེན་གཙོ་བོའི་རིགས་སོ། །རེབ་གོང་ས་ཁུལ་དུ་དགོན་སྡེ་ཆེ་ཆུང་དང་ལྷ་ཁང་མི་འདྲ་བ་སྣ་ཚོགས་བརྒྱ་ཙམ་ལ་ཉེ་ཞིང་། དགོན་པའི་ནང་འཇིམ་སྐུ་མང་པོ་མཆོད་པའི་རྟེན་དུ་ཉར་ཡོད་པ་ལ། རགས་རྩིས་བྱས་ཚེ་འཇིམ་སྐུ་འདྲ་མིན་ཁྲི་ལས་བརྒལ་ཡོད་པར་བཤད་དོ། །རེབ་གོང་ཡུལ་གྲུར་ཆེས་ཆེ་བའི་དགོན་པ་སྟེ་རོང་བོ་དགོན་པའི་ཚོགས་ཆེན་འདུ་ཁང་དང་ཤར་ཚང་གི་བླ་བྲང་དུ་ཉར་བའི་སྟོན་པའི་སྐུ་བརྙན། རྗེ་བཙུན་ཙོང་ཁ་པའི་སྐུ་བརྙན། མགོན་ཁང་དུ་ཉར་བའི་རྟ་མགྲིན་གྱི་སྐུ་བརྙན། སྒོ་དམར་དགོན་པ་དང་གཉན་ཐོག་དགོན་པའི་བྱམས་སྐུ། སེང་གེ་གཤོང་མ་མགོ་དགོན་པའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་སོགས་ཀྱི་འཇིམ་སྐུར་མཚོན་ན། ཀུན་གྱིས་ཁས་ལེན་པའི་འཇིམ་བཟོའི་སྐུ་བརྙན་ཁྲོད་ཀྱི་མཆོག་ཏུ་བསྔགས་པ་ཡིན་ནོ། །འཇིམ་སྐུ་འདི་དག་ནི་བླ་ན་མེད་པའི་རྟེན་མཆོག་གྱུར་ཏུ་བཀུར་ཏེ་དད་ལྡན་མང་པོའི་མཆོད་གནས་སུ་བྱེད་ཅིང་། ཏག་ཏག་བླ་ན་མེད་པའི་དད་རྟེན་དུ་བྱས་པ་འདིའི་དབང་གིས། སྐུ་བརྙན་མང་པོ་ལོ་རྒྱུས་རིང་པོ་ཕྱིན་ནའང་སྔར་བཞིན་བདག་གཉེར་ལེགས་པོས་ཉར་ཡོད་པ་དང་། ས་གནས་དེ་དང་ཡུལ་ཁོངས་དེའི་ཆོས་ལུགས་རིག་གནས་དང་ཆོས་ལུགས་བསམ་བློ། རིག་གནས་རྒྱབ་ལྗོངས་དག་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་རྩ་ཆེན་དུ་གྱུར་ཡོད།
བོད་བརྒྱུད་ནང་བསྟན་གྱི་རིག་གནས་མ་ལག་ཁྲོད། ནང་བསྟན་སྒྱུ་རྩལ་ལ་ཐུན་མོང་མིན་པའི་མཚན་ཉིད་དང་རིགས་དབྱེའི་བརྗོད་སྟངས་ཤིག་ཆགས་ཡོད། བོད་མི་རྣམས་ཀྱི་ངོས་འཛིན་ལ། མིའི་རིགས་ཀྱི་ཤེས་བྱ་མཐའ་དག་རིགས་ལྔར་དབྱེ་སྟེ་རིག་གནས་ལྔ་ཞེས་པའི་རྣམ་གཞག་བྱེད་ཅིང་། དེ་ལའང་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔར་དབྱེ། རིག་གནས་ཆེ་བ་ལྔ་ནི་སྒྲ་ཚད་བཟོ་གསོ་དང་ནང་དོན་རིག་པ་བཅས་ལྔ་ཡིན་ལ། སྐབས་འདིའི་བཟོ་རིག་པ་ནི་ལག་ཤེས་བཟོ་རྩལ་གྱི་དོན་ནོ། །བཟོ་རིག་པའི་ནང་ལུས་ངག་ཡིད་གསུམ་གྱི་བཟོ་རིག་གི་ཁྱད་པར་ཡོད་ཅིང་། དེ་ལས་ལུས་བཟོ་ནི་གཙོ་ཆེར་སྐུ་བརྙན་གྱི་བཟོ་ལ་བརྗོད། དཔེར་ན་སྟོན་པའི་སྐུ་འདྲ་དང་བྱང་སེམས་དག་གི་སྐུ་འདྲ། མཆོད་རྟེན་སོགས་ལྟ་བུའི་ཁྱད་པར་ཅན་གྱི་རྟེན་རྣམས་ཡིན་ལ། རྒྱུན་མཁོའི་མཆོད་རྫས་སྣ་ཚོགས་ཀྱང་བཟོ་བ་ཡིན། ལུས་བཟོ་སྣ་ཚོགས་ཀྱི་ཁྲོད། ཆེས་ཁྱད་འཕགས་སུ་བརྩི་བ་ནི་ནང་པའི་སྐུ་བརྙན་དག་ཡིན་ལ། དེར་སྐུ་བརྙན་དང་རི་མོའང་འདུའོ། །དེ་དང་མཉམ་དུ། ཁྱད་དུ་འཕགས་པའི་སྒྱུ་རྩལ་སྐུ་བརྙན་འདི་རྣམས་དད་ལྡན་དག་གི་མཆོད་པའི་རྟེན་དུ་བྱེད་པ་གཙོར་འདོན་པའི་སྟབས་ཀྱིས། ལས་དང་བསོད་ནམས་གསོག་པའི་རྐྱེན་དུ་ལྟ་བ་ཡིན་ཞིང་། རྟེན་འདི་རྣམས་བཟོ་བའི་གོ་རིམ་ཡང་ཧ་ཅང་ཚགས་དམ་ལ་ཚད་གཞི་མང་བའི་དམིགས་བསལ་ཅན་ཞིག་གོ གོང་སྨོས་བྲག་གཡབ་རིན་པོ་ཆེས་གསུངས་པའི་ཁྱད་དུ་འཕགས་པའི་སྒྱུ་རྩལ་སྐུ་བརྙན་ཁྲོད་ཀྱི་འཇིམ་སྐུར་མཚོན་ན། སྨན་སྐུ་དང་འདམ་སྐུ། འཇིམ་སྐུ། འབག་སྐུ། འབུར་སྐུ་སོགས་འབོད་སྟངས་མི་འདྲ་བ་སྣ་ཚོགས་མཆིས་ཤིང་། བོད་ཡིག་རྒྱུ་ཆར་སྤྱིར་བཏང་སྨན་སྐུ་ཞེས་པ་འདི་རྒྱུགས་ཆེ་བར་སྣང་། སྨན་སྐུ་ཞེས་པའི་ཐ་སྙད་འདིས་སྐུ་བརྙན་འདི་རིགས་བཟོ་སྐབས་རྩ་ཆེའི་སྨན་སྣས་གཟུངས་གཞུག་འབུལ་བའི་དོན་སྟོན་བཞིན་ཡོད་ལ། འཇིམ་སྐུ་འདི་རྣམས་ལ་ནད་གསོ་བའི་ནུས་པ་དང་དྲི་བཟང་བདུག་པའི་ཁྱད་ཆོས་ཡོད་པའང་བསྟན་པའོ། །རེབ་གོང་གི་དམངས་ཁྲོད་དུ་འཇིམ་སྐུར་འབག་སྐུ་ཞེས་པ་འདི་སྤྱོད་སྒོ་ཆེ་ཞིང་། ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ནང་། རེབ་གོང་དུ་སྐུ་བརྙན་གྱི་རིགས་ཀྱང་གཙོ་ཆེར་འདི་དར་བ་ཡིན།
སྒྱུ་རྩལ་པའི་ངོས་ནས་བརྗོད་ན། རེབ་གོང་གི་འཇིམ་བཟོའི་སྒྱུ་རྩལ་པ་དག་ནི་གཞི་རྩའི་སྟེང་ནང་པའི་ཆོས་ལུགས་ལ་དད་མོས་བྱེད་མཁན་རྐྱང་ཡིན་པར་འདུག་ཅིང་། འཇིམ་རིས་སྒྱུ་རྩལ་ཁྲོད་ཚོགས་བསགས་དགེ་སྒྲུབ་བྱེད་རྒྱུ་ནི་ཁོ་ཚོས་དུས་ཡུན་རིང་པོའི་ལག་ལེན་ལས་མྱོང་དགོས་པ་ཞིག་ཡིན། ཁོ་ཚོར་མཚོན་ནས་བཤད་ན། དད་མོས་དེ་སྒྱུ་རྩལ་རྣམ་པ་དངོས་ལས་འགོངས་ཡོད་པ་དང་། སྒྱུ་རྩལ་གསར་རྩོམ་གྱི་དོན་སྙིང་ངོ་མའང་ཚོགས་བསགས་དགེ་བ་སྒྲུབ་རྒྱུ་དེ་ཡིན། དོན་དངོས་སྟེང་ཁོ་ཚོས་འཇིམ་བཟོའི་སྒྱུ་རྩལ་གསར་གཏོད་བྱེད་པ་དེ་རང་ངོས་ནས་ཚོགས་གསོག་ཅིང་དགེ་བ་སྒྲུབ་པའི་བྱེད་ལས་འབའ་ཞིག་ཏུ་དཔག་ཡོད་ཅིང་། འཇིམ་སྐུའི་སྒྱུ་རྩལ་བརྩམས་ཆོས་ནི་ཕྱི་ནས་མཐོང་བའི་རྟེན་ཙམ་ལས་མ་འདས། དེར་བརྟེན། བོད་མི་རྣམས་ཀྱིས་ལྷ་རིས་སྒྱུ་རྩལ་པ་དག་ལ་ལྷ་བཟོ་ཞེས་འབོད་པར་བྱེད་ཅིང་། ནང་དོན་ནི་བཟོ་ཡི་རིག་པར་བརྟེན་ནས་ཆེས་བླ་ན་མེད་པའི་དགེ་སྒྲུབ་ཀྱི་ལམ་ལ་ཞུགས་པ་དང་། དེ་འདྲའི་བླ་མེད་ཀྱི་དད་པའི་ཞིང་ཁམས་ནས་སངས་རྒྱས་བྱང་སེམས་དག་གི་རྣམ་པར་རོལ་མྱོང་བྱས་ཏེ། དད་པའི་སྣང་ངོར་ཤར་བའི་སྐུ་བརྙན་གང་དེ་རི་མོའམ་རྐོ་བཟོའི་ལམ་ནས་མཚོན་པར་བྱེད་པ་དེར་གོ དེར་བརྟེན། སྔ་དུས་ཀྱི་ལྷ་བཟོ་མང་ཤོས་སེར་མོ་བའི་ཁྲོད་ཡོད་པ་ལའང་རྒྱུ་མཚན་ལྡན། ཚུལ་འདི་ལས་རྟོགས་ཐུབ་པ་ཞིག་ལ། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ལྷ་རིས་པ་དག་ནི་དེང་རབས་ཀྱི་སྒྱུ་རྩལ་པ་དག་དང་ཡེ་མི་འདྲ་བར། ཁོ་ཚོས་བོད་བརྒྱུད་ནང་བསྟན་གྱི་རིག་གནས་ཁོར་ཡུག་ཁྲོད་ནས་གསར་རྩོམ་བྱེད་ཅིང་། རིག་གནས་ཁྱིམ་ར་དེའི་ཁྲོད་མང་ཚོགས་དང་ལྷ་རིས་སྒྱུ་རྩལ་པ་རྣམས་ལ་སྔ་མོ་ནས་ཐུན་མོང་གི་གསར་རྩོམ་ཁྱད་གཤིས་དང་བཞེངས་ཐབས་གྲུབ་ཡོད་ལ། གསར་གཏོད་ཅེས་པའང་དོན་ལ་ལྷ་རིས་སྒྱུ་རྩལ་པ་དག་གི་སྙེག་བྱ་གཙོ་བོ་མ་ཡིན་པར། བསྐྱར་ཟློས་རང་བཞིན་གྱི་སྒོ་ནས་སྲོལ་རྒྱུན་གྱི་མ་དཔེ་ལས་ལྷ་བསྐྲུན་པ་ལ་ཀུན་གྱིས་གོང་བཀུར་བྱེད་པ་ཡིན། དེ་བཞིན། མང་ཚོགས་ཀྱི་གདེང་འཇོག་ཀྱང་བརྩམས་ཆོས་རང་གི་སྟེང་ཁོ་ནར་མེད། སྲོལ་རྒྱུན་གྱི་སྒྱུ་རྩལ་པ་དག་ལ་མཚོན་ནའང་། ཁོ་ཚོས་འཇིམ་བཟོའི་སྐུ་བརྙན་བསྐྲུན་པ་ནི་ལག་རྩལ་གྱི་མཐོ་དམའ་ཁོ་ནར་བལྟ་བ་ཞིག་མིན་པར། གོ་རིམ་དེའི་ཁྲོད་རང་གི་ཚོགས་གསོག་སྒྲུབ་སྦྱོང་གི་སེམས་ཁམས་ཉམས་སུ་ལེན་པ་ཞིག་གོ སྒྱུ་རྩལ་གྱི་བསྐྱར་ཟློས་རང་བཞིན་ལ་གོ་བ་ཇི་ལྟར་ལེན་པའི་ཐད། དབྱིན་ཇིའི་མིའི་རིགས་རིག་པ་བ་ཨ་ཧྥུ་རོས་ཌི་ཇེལ(AlfredGell)ལགས་ནས་ཀུན་གྱིས་གོ་སླ་བའི་དཔེ་བརྗོད་ཅིག་དྲངས་མྱོང་སྟེ། སྒྱུ་རྩལ་ལ་དབང་འབྱོར་ཅིང་ལྷན་སྐྱེས་ཀྱི་ནུས་པ་མངའ་བའི་དཀྲོལ་ལེན་མཁན་པོ་ཞིག་གིས་ཀུན་ལ་གསལ་ཆ་ཡོད་པའི་རོལ་མོ་གྲགས་ཅན༼ཟླ་འོད་འོག་གི་རོལ་དབྱངས༽ཞེས་པ་དཀྲོལ་པར་བརྟེན་ནས་རང་གི་དཀྲོལ་རྩལ་ཁྱད་དུ་འཕགས་ཚུལ་བསྟན་ཞེས་པ་བཞིན་ནོ། ། དེ་བཞིན། བོད་བརྒྱུད་ནང་བསྟན་གྱི་རིག་གནས་ཁོར་ཡུག་ཁྲོད་བསྐྱར་ཟློས་ཀྱི་ལས་འདི་བལྟས་མ་ཁད་དུ་གསར་གཏོད་མེད་པའི་གསར་རྩོམ་ཞིག་ཡིན་པ་ལྟར་ཡོད་ནའང་། སྒྱུ་རྩལ་པ་དག་ལ་སེམས་ཁམས་ཀྱི་ནུས་སྟོབས་ཐད་ནས་རེ་བ་ཧ་ཅང་མཐོའོ། །
སྲོལ་རྒྱུན་ལྷ་བྲིས་སྒྱུ་རྩལ་པ་དག་གིས་སྤྱིར་བཏང་རང་ཉིད་ཚོགས་གསོག་ཅིང་སྒྲུབ་སྦྱོང་བྱེད་མཁན་ཞིག་ཡིན་པའི་ཚུལ་ལ་དོ་སྣང་ཆེར་བྱེད་པ་ལས། རང་ཉིད་སྒྱུ་རྩལ་པ་ཞིག་ཡིན་པའམ་ལྷག་པར་དེང་རབས་སྒྱུ་རྩལ་པ་ཞིག་ཡིན་མིན་གྱི་ཚུལ་ལ་བསམ་བློ་གཏོང་བཞིན་མེད། དེང་རབས་སྒྱུ་རྩལ་གྱི་ངོས་ནས་བལྟས་ན། སྒྱུ་རྩལ་པའི་སྤྱི་ཚོགས་གོ་གནས་དང་མཚན་སྙན་གང་ཐད་ནས་སྲོལ་རྒྱུན་ལག་རྩལ་པ་དང་གནམ་སའི་ཁྱད་པར་ཡོད་ཅིང་། སྲོལ་རྒྱུན་ལག་ཤེས་པ་རྣམས་ནི་འཚོ་བའི་མཁོ་ཆས་ཐོན་སྐྱེད་དང་ངལ་རྩོལ་བྱེད་མཁན་ཙམ་ལས་གོ་བ་ལེན་བཞིན་མོད། བོད་བརྒྱུད་ནང་བསྟན་གྱི་རིག་གནས་ཁོར་ཡུག་ཏུ་དེ་འདྲ་ཞིག་མ་ཡིན། བོད་ཀྱི་རིག་གནས་ཁོར་ཡུག་ཁྲོད། ལྷ་བཟོའི་གོ་གནས་དང་མཚན་སྙན་དེ་སྒྱུ་རྩལ་པ་དཀྱུས་མ་དག་ལས་ལྷག་པར་ཡོད་ཅིང་། ཆོས་ལུགས་སྐུ་བརྙན་དག་གི་བླ་མེད་རང་བཞིན་ནི་སྒྱུ་རྩལ་བརྩམས་ཆོས་རྣམས་ལས་མཐོ། དེར་བརྟེན། ལྷ་བཟོ་བའམ་སྐུ་འཚོང་བའི་དོན་རྣམས་ཀྱང་དགོན་པ་དང་དད་ལྡན་སྐྱ་སེར་ཕོ་མོ་དག་གི་ར་བ་ལས་འདའ་བཞིན་མེད་དོ། །འདི་ལྟའི་ངོས་འཛིན་གྱི་སྟབས་ཀྱིས། ནང་པའི་སྒྱུ་རྩལ་གྱི་གསར་གཏོད་ལ་དུས་བཀག་རང་བཞིན་མེད་དེ། རྩ་བའི་ཆ་ནས་ནམ་ཡང་འགྱུར་བ་མེད་པའི་འདས་སོང་གི་དུས་རབས་ཤིག་ལ་དེད་ནས་ཡོད་ཅིང་། གཟབ་ནན་གྱིས་སྲོལ་རྒྱུན་གྱི་ཚད་གཞི་གཞིར་འཛིན་པ་དང་དད་སྟོབས་ལ་བརྟེན་ནས་བསྐྱར་ཟློས་བྱེད་ལ། གཏན་འཇགས་དང་འགྱུར་མེད་སྲོག་རྩར་འཛིན་པས། དེང་རབས་ཅན་དང་གསར་གཏོད། འཕེལ་རྒྱས་ཟེར་བ་སོགས་སྒྱུ་རྩལ་ལས་རིགས་འདི་དང་འབྲེལ་བ་ཆེར་མེད། དེའི་ཕྱིར། སྲོལ་རྒྱུན་གཞིར་བྱེད་པའི་བོད་བརྒྱུད་ནང་བསྟན་གྱི་འཇིམ་བཟོའི་སྒྱུ་རྩལ་ནི་ལག་ཤེས་བཟོ་རྩལ་དང་བར་ཐག་རིང་ཞིང་། སྒྱུ་རྩལ་པ་རང་ཉིད་ཁོངས་སུ་གཏོགས་པའི་རིག་གནས་དང་འཚོ་བའི་ནང་འདྲེས་ཡོད་པ་ཞིག་གོ །འདས་པའི་ལོ་རྒྱུས་ཁྲོད། འཇིམ་བཟོའི་སྐུ་བརྙན་ནི་ལྟོས་བཅས་ཀྱིས་བཤད་ན་ཆོས་ལུགས་ཀྱི་བླ་མེད་དངོས་པོ་ཞིག་ཏུ་གྱུར་ཡོད་པ་དང་། སྒྱུ་རྩལ་པ་དག་གི་སྙེག་བྱའང་ཞི་འཇགས་ཀྱི་འཇིམ་བཟོའི་འཇིག་རྟེན་ལས་རང་གི་ལུས་སེམས་ཡོད་ཚད་སངས་རྒྱས་བྱང་སེམས་རྣམས་ལ་ཕུལ་ཏེ་གསར་གཏོད་ཀྱི་གོ་རིམ་ཁྲོད་རང་གི་དད་མོས་དང་ཐབས་རྩལ་ཅི་ཡོད་རྗེན་པར་མཚོན་པ་ཞིག་རེད། དེ་འདྲའི་ངང་ཚུལ་ལས། ལྷ་བཟོ་འདི་དག་གིས་རང་གི་སྒྱུ་རྩལ་གསར་གཏོད་ལ་བརྟེན་ནས་རང་དང་སྐུ་བརྙན་ངོ་བོ་གཅིག་ཏུ་བྱེད་ཅིང་། ལུས་སེམས་རོ་གཅིག་པར་བྱས་ཏེ་སྒྱུ་རྩལ་པའི་ཐུན་མིན་ཐབས་རྩལ་གྱིས་མཆོད་པ་བྱེད་པ་ཡིན་ལ། ཚོགས་གསོག་སྒྲུབ་སྦྱོང་གི་བླ་མེད་དོན་སྙིང་འདི་མ་གཞི་ནས་ལག་རྩལ་ལ་བརྟེན་ནས་ཡོང་སྒོ་འཚོལ་བའི་དངོས་ཡོད་དོན་སྙིང་ལས་འདས་ཡོད་དོ། །
གཉིས་པ། ཡུལ་ཁོངས་ཤེས་བྱའི་རིགས་སུ་གྱུར་བའི་འཇིམ་པའི་མཆོད་པ།
སྤྱི་ཚོགས་རིག་གནས་མ་ལག་ཁྲོད་ཀྱི་ཆ་ཤས་ཤིག་ཡིན་པའི་ཆ་ནས། ལག་ཤེས་བཟོ་རྩལ་འདི་སྒེར་པའི་ཤེས་བྱ་ཁོ་ན་ཙམ་མིན་པར། དོན་ལ་སྤྱི་ཚོགས་རང་བཞིན་གྱི་སྣང་ཚུལ་ཞིག་ཡིན་པ་སྟེ། མི་དང་མིའི་བར་དང་མི་དང་ཁོར་ཡུག་བར་གྱི་འབྲེལ་འདྲིས་ཁྲོད་གནས་ཡོད་པ་ཞིག་གོ ལག་ཤེས་བཟོ་རྩལ་གང་ཞིག་ཡིན་ཡང་དེའི་ཐོན་སྐྱེད་དང་འཕེལ་རྒྱས་ཡོད་ཚད་གང་དེ་གནས་སའི་ཁོར་ཡུག་ལ་དམ་དུ་འབྲེལ་བ་བཞིན། རེབ་གོང་གི་འཇིམ་བཟོའི་སྐུ་བརྙན་ལ་མཚོན་ནའང་། དེའི་ཐོན་སྐྱེད་དང་འཕེལ་རྒྱས་དེ་རེབ་གོང་ལུང་པ་དང་དེར་རྟེན་འཆའ་བའི་བོད་བརྒྱུད་ནང་བསྟན་ལ་འབྲེལ་བ་ཞིག་ཡིན། རོང་བོ་དགུ་ཆུ་རྩེ་གཞུང་མཐོ་སྒང་ནས་གཡུ་འབྲུག་འཁྱུག་པ་བཞིན་རོང་བོའི་ལུང་ཁོག་བརྒྱུད་ཅིང་། ཐོབ་དཀའ་བའི་ལུང་གཞོང་ཆེན་པོ་ཞིག་གཤགས་ནས་ཡོང་། ཐེག་པ་ཆེན་པོའི་མདོ༼དྲི་མེད་བསྐལ་བཟང༽ལས་གསུངས་པ་ལྟར་ན། འཇིམ་པ་ནི་ལྷ་སྐུ་བཟོ་བྱེད་རྒྱུ་ཆ་བཞིའི་གྲས་ཀྱི་གཅིག་ཡིན་པར་འཁོད་ཅིང་། རོང་བོ་དགུ་ཆུའི་རྒྱུད་དུ་འཇིམ་འདམ་གྱི་རྒྱུ་ཕུན་སུམ་ཚོགས་པ་ཡོད་པས། རང་བྱུང་ས་བབ་ཁོར་ཡུག་འདིས་རེང་གོང་འཇིམ་བཟོ་འབྱུང་བར་རྒྱུ་བསྐྲུན་ཡོད། ལྷག་པར་སེང་གེ་གཤོང་གི་ས་དམར་ལ་མཚོན་ན། ས་རྒྱུ་བཟང་བར་མ་ཟད་འབྱར་བག་ཤིན་ཏུ་ཆེ་སྟབས་རེབ་གོང་ས་ཁུལ་དུ་ཀུན་གྱིས་ཁས་ལེན་པའི་ས་འཇིམ་ལེན་སར་གྱུར་ཡོད་ཅིང་། ཡུལ་དངོས་བརྟག་དཔྱད་བྱེད་རིང་ཡང་། ཡུལ་མི་རྣམས་ཀྱིས་གནས་འདིའི་ས་དམར་ལ་ས་རིན་པོ་ཆེ་ཞེས་འབོད་བཞིན་མཆིས། སེང་གེ་གཤོང་གི་གཏམ་དཔེ་ཞིག་ཏུའང་སེང་གེ་གཤོང་གི་ས་མ་ཚར་ན། རེང་གོང་གཞུང་གི་ལྷ་མི་ཚར་ཞེས་གླེང་ཞིང་། ཤོད་སྲོལ་ལ་སེང་གེ་གཤོང་གི་ས་དམར་གྱིས་བཟོས་པའི་ལྷ་སྐུ་རྣམས་ལོ་ངོ་ལྔ་བརྒྱ་འགོར་ཡང་སྐྱོན་མེད་ཟེར་བས། རོང་བོ་དགོན་ཆེན་དང་ཉེ་འཁོར་གྱི་དགོན་པ་ཆེ་ཆུང་ཚང་མས་སེང་གེ་གཤོང་ནས་ས་དམར་སློང་བར་བྱེད་དོ། དེང་སང་རེབ་གོང་ས་ཁུལ་དུ་འཕྲུལ་ཆས་ཀྱིས་འཇིམ་པ་བརྫི་བའི་ལས་སྲོལ་དར་ཡོད་ནའང་། དམངས་བྱིངས་ལ་མཚོན་ན་སྔར་བཞིན་ལག་པས་འཇིམ་པ་བརྫི་བའི་ཚུལ་འདིར་དང་དོད་བྱེད་ཅིང་། དད་ལྡན་དག་གིས་རང་གི་ལག་པ་ཟུང་གིས་འཇིམ་པ་བརྫིས་ཏེ་ལྷ་སྐུ་བཞེངས་པ་ཡིན་ན་དགེ་བའི་ཚོགས་བསགས་པའི་ལས་ཁྱར་པར་བ་ཞིག་ཏུ་འདོད་པས། མི་མང་པོ་ཐུན་མོང་གིས་ལྷ་སྐུ་བཞེངས་བྱེད་འཇིམ་པ་བརྫི་བའི་ལས་ཀར་ཞུགས་པ་ཡིན་ནོ། །ནུབ་ཕྱོགས་ཀྱི་མཁས་པ་ཝར་མ(Varma,K.M.)ལགས་ཀྱིས་སྤྱི་ལོ༡༩༧༠ལོར་པར་དུ་བསྐྲུན་པའི«རྒྱ་གར་གྱི་འཇིམ་བཟོའི་ལག་རྩལ»ཞེས་པའི་དེབ་ཏུ་ལེགས་སྦྱར་ཡི་གེས་བྲིས་པའི«དྲི་མེད་བསྐལ་བཟང»དང«བཟོ་ཡི་བསྟན་བཅོས»ལྟ་བུ་དཔྱད་གཞི་བྱས་ཏེ་གནའ་བོའི་རྒྱ་གར་གྱི་འཇིམ་བཟོའི་ལག་རྩལ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་མཛད་ཡོད་པའི་ནང་། ལེགས་སྦྱར་བསྟན་བཅོས་དག་ལས་འཇིམ་བཟོའི་གོ་རིམ་ཁྲོད་བེད་སྤྱོད་པའི་རྒྱུ་ཆ་བདུན་དྲངས་ཡོད་པ་དོན་ལ་གནའ་བོའི་རྒྱ་གར་བ་དག་གིས་ལུས་ཁམས་རིག་པ་ལས་འདོད་པའི་མིའི་དབང་པོ་དག་དཔེར་བཟུང་བར་བཤད་དེ། རུས་ཤིང་ནི་རུས་རུས་ཤིང་དང་། འབྱར་བག་ནི་ཚིལ། ཐག་པ་ནི་རྒྱུ་མ་དང་རྩ་ལམ། འཇིམ་པ་ནི་པགས་སྐྱིའི་ཚི་སྣ། རྡོ་ཐལ་ནི་ཁྲག རས་རྒྱུ་ནི་ཤ་སྐྱི། མདངས་གཏོང་བ་ནི་འཇིམ་པར་ཚེ་སྲོག་རྩོལ་བ་བཅས་སུ་གོ་བ་ལེན་པར་བརྗོད་དོ། །དེའི་ཁྲོད། འཇིམ་པ་ནི་གཞི་རྒྱུ་ཆེས་གཙོ་བོ་དེ་ཡིན་པའི་ཆ་ནས་ལས་སྣོན་མང་པོ་བརྒྱུད་དགོས་པར་བཤད་ཅིང་། ཤོད་སྲོལ་ལ། སྔ་དུས་རྒྱ་གར་བས་འཇིམ་བཟོ་བྱེད་དུས་གནས་མི་འདྲ་བ་ནས་ས་སྣ་སྣ་ཚོགས་བཏུས་ཏེ་འཇིམ་པ་བརྫི་བར་གྲགས་ཤིང་། དཔེར་ན་གྲོག་མ་མང་བའི་ས་དང་གླང་གིས་ས་བྲད་པའི་ཤུལ། རྒྱལ་པོ་དང་སྐྱེས་ཆེན་དག་གིས་ཁྲུས་བྱས་བདུག་པ་གནང་སའི་གནས་སོགས་བཞིན་ནོ། །གོང་སྨྲོས་བསྟན་བཅོས་རྣམས་སུ་བཤད་པ་དག་ཅུང་ཟད་མཚར་སྣང་ཅན་དུ་ཡོད་རུང་། ཁག་ཅིག་དོན་དངོས་ཡིན་པར་སྣང་ཞིང་། ཁི་རོས་སི་ཐེན་ལོ་རྫ་ནེ་རྫི(Christian Luczanits)ལགས་ནས་དཔྱད་པ་གནང་བ་ལྟར་ན། རས་དང་འཇིམ་པའི་ཁྲོད་བཀོལ་བྱའི་ཚི་སྣ་ཁག་ཅིག་འཇིམ་བཟོའི་ལག་རྩལ་དངོས་ལས་དེ་འདྲ་སྤྱོད་བཞིན་མེད་པར་བཤད་དེ། འཇིམ་བཟོའི་གོ་རིམ་དངོས་ཀྱི་ཁྲོད་རྒྱུ་ཆ་ཡོད་ཚད་བཀོལ་དགོས་པའི་ངེས་པ་མེད་པར་ཁྱད་པར་བའི་དོན་མཚོན་པ་ཙམ་མོ་ཞེས་པ་དེ་རེད། ཡིན་ནའང་ངེས་དགོས་རྒྱུ་ལ། ས་གནས་རང་གི་རྒྱུ་ཆ་དང་སྲོལ་རྒྱུན་རིག་གནས་ཁྲོད་འཇིམ་པ་ནི་ལྷ་སྐུ་བཟོ་བའི་གོ་རིམ་ནང་དང་ཐོག་ནས་ཚེ་སྲོག་བསྩལ་ཡོད་པ་དེའི་རིགས་ཡིན་ཞིང་། ས་གནས་ཀྱི་རང་བཞིན་ཁྱད་པར་ཅན་མཆིས་སོ། །
འཇིམ་པའི་འབྱར་བག་རང་བཞིན་ཆེར་གཏོང་ཆེད། རེབ་གོང་ས་ཁུལ་དུ་སྤྱིར་བཏང་འཇིམ་བཟོའི་སྒྱུ་རྩལ་པ་དག་གིས་ས་གནས་རང་གི་བེའུ་རྩིད་འཇིམ་པའི་ནང་བསྲེས་པ་ཡིན་ཞིང་། རིན་ཐང་ཆེ་བའི་རིན་པོ་ཆེའི་རིགས་དང་འབྲུ་སྣའི་རིགས། བསང་རྫས་ཀྱི་རིགས། སྐྱེ་དངོས་ཀྱི་རིགས། སྨན་སྣའི་རིགས་སོགས་འཇིམ་པར་བསྲེས་ཏེ། ཡུན་བསྲིང་ནས་རུལ་ཏུ་མི་འཇུག་པར་བྱེད་པ་ཡིན། སྔ་དུས་སུ་ནུབ་ཧི་མ་ལ་ཡའི་ས་ཁུལ་དུ་དར་བའི་གཱནྔྷ་རའི་འཇིམ་སྲེག་སྐུ་བརྙན་དང་འཇིམ་སྐྱའི་སྐུ་བརྙན་དང་བསྡུར་ན། རེབ་གོང་གི་འཇིམ་སྐུ་ལ་རྒྱུ་ཆའི་སྟེང་ནང་ས་གནས་རང་གི་ཁྱད་ཆོས་ལྡན། སེང་གེ་གཤོང་གི་ས་དམར་རམ་འཇིམ་པ་བརྫི་བྱེད་ཀྱི་བེའུ་རྩིད(དེང་སང་སྲིང་བལ་སྤྱོད།)དང་། རིན་པོ་ཆེའི་རིགས། སྐྱེ་དངོས། འབྲུ་སྣ། སྨན་སྣ་སོགས་ཡིན་ན་འདྲ་ལ། སྐུ་བརྙན་གྱི་རུས་ཤིང་ལ་སྤྱོད་པའི་ཤུག་པའམ་གསོམ་ཤིང་ཡིན་ནའང་རུང་ཞིང་། རུས་ཤིང་བསྡམ་བྱེད་ཀྱི་འབྲེང་སྐུད་དང་རྩ་སྐུད་ཡིན་ནའང་འདྲ་སྟེ། མ་གཞིའི་རྒྱུ་ཆ་འདི་དག་ཚང་མ་ཁོར་ཡུག་དང་མཐུན་པར་འབྱོར་བསྟུན་འབྱུང་བཞིན་ཡོད་ལ། འདིས་རེབ་གོང་གི་འཇིམ་བཟོའི་ལག་རྩལ་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་ཁོར་ཡུག་ལ་བསྟུན་ཤེས་བྱས་པའི་ས་གནས་རང་བཞིན་གྱི་ཤེས་བྱ་ཞིག་ཡིན་པ་རྟོགས་ཐུབ། དོན་དངོས་སྟེང་། རེབ་གོང་གི་འཇིམ་བཟོའི་ལག་རྩལ་ལ་བབ་ཆགས་པའི་སྐྱེ་ཁམས་ཀྱི་ཁྱད་ཆོས་འཛོམས་ཤིང་། ས་གནས་ཀྱི་སྐྱེ་ཁམས་མ་ལག་རིག་གནས་ཁྲོད་ཐོན་སྐྱེད་བྱུང་བ་ཡིན་པའི་སྟེང་། ས་གནས་རང་གི་ཁྱད་ཆོས་དང་མཐུན་པའི་ཐོན་དངོས་ཤིག་ཀྱང་ངོ་། །དེ་མིན། རགས་རྩིས་བྱས་པ་ལྟར་ན་རེབ་གོང་གི་དགོན་སྡེ་ཁག་ཏུ་ཡོད་པའི་ལྷ་སྐུའི་བརྒྱ་ཆ་དགུ་བཅུ་ནི་འཇིམ་བཟོའི་འབག་སྐུ་ཡིན་ཞིང་། གྲོང་པ་ཁག་ཏུ་ཡོད་པའི་ཡུལ་ལྷ་གཞི་བདག་རྣམས་ཀྱང་འབག་སྐུར་བཞུགས་པ་མ་ཟད། ཡུལ་མི་རྣམས་ཀྱི་མཆོད་ཁང་དུ་བཀུར་བའི་ལྷ་སྐུ་དག་ཀྱང་འཇིམ་བཟོས་འབག་སྐུ་འབའ་ཞིག་ཡིན། ཚུལ་འདིས་རེབ་གོང་གི་ལྷ་སྐུའི་རིག་གནས་ཁྲོད་སྤྱི་ཚོགས་ཀྱི་རྨང་གཞི་མཐུག་ལ་མང་ཚོགས་ཀྱི་དགོས་མཁོ་ཆེས་ཆེ་བ་ནི་འཇིམ་བཟོའི་སྐུ་བརྙན་ཡིན་པ་གསལ་བཤད་བྱེད་བཞིན་ཡོད།
རོང་བོ་དགུ་ཆུའི་གཡས་གཡོན་གྱི་ས་གཤིས་གཤིན་ལ་ཞིང་ས་བཟང་ནའང་། མཐོ་སྒང་དུ་གནས་པའི་ཡུལ་འདིར་འདེབ་གསོར་འཚམ་པའི་ས་ཞིང་རྒྱ་མི་ཆེ་སྟབས་གཙང་འགྲམ་གྱི་བོད་དང་ཧོར་པ་དག་གིས་ཞིང་ལས་གཙོ་བོའི་རྨང་གཞིའི་སྟེང་ལག་ཤེས་ཞོར་ལས་བྱེད་པའི་འཚོ་ཐབས་ལ་བརྩོན་བཞིན་ཡོད། ལྷག་པར་ཉེ་བའི་ལོ་འདི་དག་རིང་གྲོང་རྡལ་འཛུགས་སྐྲུན་དང་གཞུང་ལམ་གསར་བསྐྲུན་གྱི་ལས་གཞི་ཤུགས་ཆེར་སྤེལ་བའི་དབང་གིས། རོང་བོ་དགུ་ཆུའི་གཙང་འགྲམ་གྱི་ཁྲི་ཙེ་བཞིའི་གྲོང་པ་མི་སེར་དག་གི་ས་ཞིང་ཧ་ལམ་དེར་བསྟིམས་ཚར་ཞིང་། དེས་གྲོང་མི་ཕལ་ཆེ་བ་རྣམས་རིམ་པར་ལྷ་བཟོའི་ལས་འདིར་མི་འཇུས་རང་འཇུས་བྱེད་དུ་བཅུག དེའི་ཁྲོད་བུད་མེད་རྣམས་ཀྱང་ཡོད་དོ། །རེབ་གོང་སྒྱུ་རྩལ་རྒྱུན་འཛིན་བྱེད་པའི་ཐད་ནས། སྡེ་པ་སོ་སོར་ཁྱད་པར་ཅུང་ཟད་མཆིས་པ་སྟེ། དེང་སང་སེང་གེ་གཤོང་གི་ཐང་ཀ་ཞེས་གླིང་དུ་གྲགས་ནའང་། དམངས་ཁྲོད་དུ་བྲིས་ཅི་འདྲ་ལེགས་ཀྱང་གཉན་ཐོག་ལ་མི་དོ་ཞིང་། འབག་ཅི་འདྲ་ལེགས་ཀྱང་སེང་གེ་གཤོང་ལ་མི་དོ་ཞེས་པའི་ཟེར་སྲོལ་ཡོད་པ་བཞིན། རེབ་གོང་ལྷ་རིས་སྒྱུ་རྩལ་རྒྱུན་འཛིན་གྱི་ལོ་རྒྱུས་རིང་མོའི་ནང་། སེང་གེ་གཤོང་གི་མིས་གཙོ་ཆེར་འབག་སྐུའི་བཟོ་རྩལ་རྒྱུན་འཛིན་བྱས་ཡོད་ཅིང་། གཉན་ཐོག་གི་མིས་ལྷ་བྲིས་རྒྱུན་འཛིན་བྱས་ཡོད་ལ། སྒོ་དམར་གྱི་མིས་རྐོས་རིས་རྒྱུན་འཛིན་བྱས་ཡོད། འགྲོ་སྟངས་ལྟར་ན་གནས་འདིའི་བུད་མེད་རྣམས་ཀྱིས་ཞིང་ལས་རྨོ་འདེབ་ཀྱི་ལས་ཀ་གཞི་འཛིན་བྱེད་པས། སྐྱེས་པ་རྣམས་ཀྱིས་ད་གཟོད་ཁྱིམ་རྒྱུད་ལྟར་ཐང་ཀའི་སྒྱུ་རྩལ་དང་འབག་བཟོའི་སྒྱུ་རྩལ་རྒྱུན་འཛིན་བྱེད་པ་ཡིན། ལྷ་སྐུ་འབྲི་བཞེངས་དང་འབག་སྐུ་འཇིམ་བཟོའི་ལས་ཀར་འབྱོངས་པའི་སྐྱེས་པ་རྣམས་སྔ་དུས་ནས་རང་གི་ལག་རྩལ་ལ་བརྟེན་ནས་རྒྱལ་ཁམས་འགྲིམ་པའི་སྲོལ་ཡོད་པས། རེབ་གོང་གི་ལྷ་བཟོ་རྣམས་ཀྱི་རྐང་རྗེས་ཀྱང་ཡ་རྫི་དང་བླ་བྲང་། ཐེ་བོ། སྐུ་འབུམ། རྔ་བ། མགོ་ལོག ལྷ་ས། མངའ་རིས་སོགས་བོད་ཀྱི་ཡུལ་གྲུ་སོ་སོར་བཞག་ཡོད་ལ། ནང་སོག་དང་ཀོང་ཀྲོའུ། ཝུན་ཀྲོའུ། སའོ་ཀྲོའུ། ཧོ་པེ། ཧྥུ་ཅན། ཧོང་ཀོང་སོགས་ནང་སའི་ས་ཁུལ་དག་ཏུའང་བཞག་ཡོད་པ་རེད། ཐ་ན་རྒྱ་གར་དང་བལ་པོ། འབྲུག་ཡུལ། ཕྱི་སོག་སོགས་སུའང་རེབ་གོང་ལྷ་བཟོ་དག་གི་བརྩམས་ཆོས་བཞག་ཡོད། ལྷག་པར་འཇིམ་བཟོས་འབག་སྐུའི་ལྷ་བཟོ་དག་ལ་མཚོན་ན། ཐང་ཀ་བཞེངས་མཁན་བཞིན་ཐང་ཀ་འབྲི་བྱེད་འཁུར་ནས་འགྲོ་མི་དགོས་པར་གནས་གང་དུ་ལས་ཀ་ཡོད་ན་དེ་རུ་གཞི་སྤོས་ཏེ་ལག་རྩལ་ངོམས་དགོས་པ་ཡིན་པས། ཡུལ་ཕྱོགས་གང་དུ་འགྲོ་ནའང་སྟབས་བདེ། འབག་བཟོའི་ལས་ཀ་སྒྲུབ་ས་རྣམས་སྤྱིར་བཏང་དགོན་པའམ་ལྷ་ཁང་ལྟ་བུའི་གནས་ཡིན་སྟབས། ལྷ་བཟོ་སྒྱུ་རྩལ་པ་དག་གིས་ལག་ལེན་ལ་བརྟེན་ནས་རང་གི་ནང་སེམས་གཡུང་དུ་ཕབ་ནུས་ལ། ནུས་པས་ལྕོགས་ཚོད་ཀྱིས་དད་པར་བརྟེན་པའི་རིག་གནས་འདི་ཁྱབ་སྤེལ་ཡང་བྱེད་ནུས། དེ་བས་འབག་སྐུའི་ལྷ་བཟོ་འདི་དག་ལག་ཤེས་བཟོ་རྩལ་པ་ཡིན་ཟེར་བ་ལས་ཤེས་རིག་ཁྱབ་སྤེལ་མཁན་ནོ་ཞེས་བརྗོད་ཚེ་དོན་ལ་འབྱོར་རོ། །
གསུམ་པ། ལོ་རྒྱུས་རྒྱུན་འཛིན་བྱེད་སྟངས་ཤིག་སྟེ་འཇིམ་པར་བརྟེན་ནས་ལོ་རྒྱུས་བརྗོད་ཚུལ།
བོད་བརྒྱུད་ནང་བསྟན་ལ་བབ་བརླིང་དང་བསྐྱར་ཟློས་ཡིན་པའི་སྒྱུ་རྩལ་རྣམ་པ་ཁྱད་པར་བ་མཆིས་པའི་སྟབས་ཀྱིས་སྒྱུ་རྩལ་བརྩམས་ཆོས་དང་སྒྱུ་རྩལ་ཤུལ་རྫས་འདི་དག་བོད་ཀྱི་ལོ་རྒྱུས་སྟེང་ཧ་ཅང་རྩ་ཆེ་བའི་རྒྱུ་ཆ་རྐྱང་དུ་གྱུར་ཡོད་ཅིང་། འགྱུར་མེད་བརྟན་བརླིང་ཡིན་པའི་སྒྱུ་རྩལ་བརྩམས་ཆོས་འདི་དག་བརྒྱུད། མི་རྣམས་ཀྱིས་ལོ་རྒྱུས་ཀྱི་ཚོར་བ་དང་མི་རིགས་ཀྱི་སྲོལ་རྒྱུན་ཉམས་སུ་མྱོང་ཐུབ། དེང་སང་མི་མང་པོས་རེབ་གོང་སྒྱུ་རྩལ་ཞེས་པ་ཐད་ཀར་སེང་གེ་གཤོང་གི་སྒྱུ་རྩལ་ཁོ་ནར་གོ་བ་ལེན་རྐྱང་བྱེད་བཞིན་ཡོད་པ་སྟེ། སེང་གེ་གཤོང་ཡར་ནང་མར་ནང་དང་། གཉན་ཐོག སྐ་སར། སྒོ་དམར་བཅས་སྡེ་པ་ལྔས་མཚོན་པའི་རི་མོ་དང་འབག་བཟོའི་སྒྱུ་རྩལ་ལ་གོ་བ་ལེན་མོད། དོན་དངོས་སྟེང་དེ་ནི་གོ་བ་ཁྱབ་ཆེ་བའི་ནང་དོན་ཅན་ཞིག་ཡིན་ལ། རེབ་གོང་ལག་རྩལ་རྒྱུན་འཛིན་བྱེད་མཁན་སྒྱུ་རྩལ་པའང་སྡེ་པ་འདི་ལྔ་ཁོ་ནར་མཆིས་པ་ཞིག་མིན། མིག་སྔ་མཐོང་ཐུབ་པའི་ཡིག་ཚང་ལས་གསལ་བ་ལྟར་ན། རེབ་གོང་སྒྱུ་རྩལ་གྱི་འགོ་ཁུངས་ནི་བསྟན་པ་ཕྱི་དར་གྱི་དུས་ལ་གཏུགས་ཆོག་པར་སྙམ་སྟེ། ལྷ་ལུང་དཔལ་གྱི་རྡོ་རྗེས་བཙན་པོ་འུ་དུམ་བཙན་བཀྲོངས་ནས་མདོ་སྨད་དུ་ཉེན་གཡོལ་ལ་བྲོས་ཡོང་རྗེས། རྨ་ཀླུང་སྔོན་མོའི་འགྲམ་རྒྱུད་ཀྱི་ཏན་ཏིག་ས་ཆར་བཞུགས་པ་ལ། ཁོང་གི་སློབ་བུ་བསེ་ཡི་རྒྱལ་བ་བྱང་ཆུབ་བྱ་བས་དེང་གི་རེབ་གོང་ཡུལ་གྱི་གཉན་ཐོག་ཡུལ་ཚོའི་ཆུ་མ་སྡེ་པའི་ཉེ་འགྲམ་དུ་མགོན་ཁང་ཞིག་བཞེངས། འདི་ནི་རེབ་གོང་ས་ཁུལ་གྱི་ཆེས་ཐོག་མའི་རྙིང་དགོན་སྟེ་སྟེང་ཀའི་གཞི་མ་དགོན་ཐུབ་བསྟན་ཆོས་གླིང་གི་སྔ་མ་ཡིན་པར་གྲགས་སོ། །ཡང་ཡིག་ཆ་གཞན་དུ་འཁོད་པར། དགོན་པ་འདིར་སློབ་དཔོན་དགུང་ལོ་བརྒྱད་ཅན་དང་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། དམ་ཅན། གཟའ། ལྷ་མོ་སོགས་ཀྱི་འབག་སྐུ་བཞུགས་ཡོད་ལ། གཞི་བདག་ཆེན་མོ་ཨ་མྱེས་རྨ་ཆེན་དང་ཨ་མྱེས་བྱ་ཁྱུང་སོགས་ཀྱི་ཐང་ཀའང་བཞུགས་ཡོད་པར་བཤད། དམངས་ཁྲོད་དུ་སེང་གེ་གཤོང་གི་ལྷ་རིས་སྒྱུ་རྩལ་ནི་དབུས་ཀྱི་ཨེ་ལྷ་རྒྱ་རི་བའི་གདུང་རྒྱུད་ནས་མཆེད་དེ་དར་བའི་བཤད་རྒྱུན་མཆིས་ཤིང་། ད་ཡོད་ཡིག་ཚང་ཁག་ཏུའང་ཆེས་ཐོག་མའི་དུས་ལ་སྔགས་འཆང་འཇམ་དབྱངས་བློ་གྲོས་དང་ཁོང་གི་སློབ་མ་སྒ་རུ་བློ་བཟང་ཤེས་རབ། གཅུང་བསོད་ནམས་དར་རྒྱས་བཅས་ཀྱིས་ནང་བསྟན་སྒྱུ་རྩལ་ཆུ་མ་དང་སྒོ་དམར། སྐ་སར། གཉན་ཐོག་སོགས་རེབ་གོང་གཡས་གཡོན་དུ་སྤེལ་བའི་ཤོད་སྲོལ་མཆིས་པས། ཧ་ལམ་རེབ་གོང་སྒྱུ་རྩལ་ནི་ཆེས་ཐོག་མར་ཆུ་མ་ལྟ་བུ་ནས་དར་སམ་སྙམ་མོ། །ཆེན་པོ་ཧོར་གྱི་རྒྱལ་རབས་དུས་སུ། ཡུལ་དབུས་ནག་ཆུ་ནས་འོངས་པའི་རོང་བོ་ནང་སོའི་མེས་པོ་གང་དེ་འགྲོ་མགོན་འཕགས་པའི་བཀའ་བཞིན་རེབ་གོང་དུ་ཡུལ་དཔོན་བྱེད་པར་ཕེབས་སྐབས། རྗེས་འབྲངས་ཉེ་གནས་སུམ་བརྒྱ་ལྷག་ཡོད་པ་ལས་ཁག་ཅིག་ལག་ཤེས་ལ་མཁས་པའི་བཟོ་བོའི་རིགས་ཡིན་པར་འདུག་ཅིང་། ཁོ་ཚོས«མན་ངག་བེའུ་བུམ»ལྟ་བུ་བསྣམས་ནས་ཡོང་བར་མ་ཟད། ད་དུང་ནང་བསྟན་སྒྱུ་རྩལ་རེབ་གོང་ས་ཁུལ་གྱི་ཡུལ་མིར་ཡང་སྤེལ་བ་ཡིན། རོང་བོའི་ནང་སོ་གཉིས་པ་རོང་ཆེན་མདོ་སྡེ་འབུམ་གྱི་སྐབས་སུ་བཞེངས་པའི་ནང་སོའི་ཕོ་བྲང་གི་ལྡེབས་རིས་དང་འབག་སྐུ་རྣམས་བཟོ་བོ་འདི་དག་གིས་འགྲུབ་པར་བགྱིས་པ་ཡིན་ལ། རོང་ཆེན་མདོ་སྡེ་འབུམ་རང་ནས་ད་དུང་མི་ཉག་གི་ཤིང་བཟོ་དང་སོག་པོའི་རྡོ་བཟོ། དབུས་གཙང་གི་ལྷ་བཟོ་རྣམས་ལྷན་དུ་འཛོམས་ཏེ་ནང་སོའི་ཡ་མོན་བཞེངས་པའི་ལས་ལ་ཞུགས་པ་ཡིན་པས། རེབ་གོང་སྒྱུ་རྩལ་ལ་འཕེལ་རྒྱས་ཆེར་བྱུང་ཞིང་། དེའི་སྲས་རོང་བོ་བླ་མ་བསམ་གཏན་རིན་ཆེན་དང་བློ་གྲོས་སེང་གེའི་སྐབས་ལ་སླེབས་དུས། རོང་བོ་དགོན་པའི་འབག་བཟོ་དང་ལྡེབས་རིས་རྣམས་རེབ་གོང་རང་གི་ས་གནས་ཀྱི་བཟོ་བོ་རྣམས་ཀྱིས་བྱས་པ་ཡིན་ནོ། །ཡིག་ཆ་ལས་གསལ་བ་ལྟར་ན། སྔ་དུས་ཀྱི་རེབ་གོང་སྒྱུ་རྩལ་པ་རྣམས་ཤས་ཆེར་སེར་མོ་བའི་རིགས་ཡིན་པར་འདུག་སྟེ། དཔེར་ན་གོང་དུ་སྨོས་པའི་བསེ་རྒྱལ་བ་བྱང་ཆུབ་ལྟ་བུའོ། །རོང་བོ་ནང་སོའི་ཁྱིམ་རྒྱུད་དུ་འཁྲུངས་པའི་ཆོས་པ་རིན་པོ་ཆེ་བསྟན་པའི་རྒྱལ་མཚན་ལ་ཕྱི་རབས་པ་དག་གིས་ལྷའི་བཟོ་བོ་ཞེས་བསྟོད་པར་བྱེད་ཅིང་། ཁོང་གིས་བཞེངས་པའི་འཇམ་དབྱངས་ཀུན་གཟིགས་ཀྱི་སྣང་བརྙན་དང་བྱམས་པ་མཐོང་བ་དོན་ལྡན། མི་ལ་གསུང་འབྱོན་མ་སོགས་ནི་རོང་བོ་དགོན་ཆེན་དང་སྒྲུབ་གནས་བཀྲ་ཤིས་འཁྱིལ་དུ་བཞུགས་པའི་རྟེན་རྩ་ཆེན་དུ་བཀུར། སྙན་གྲགས་ཆེ་བའི་སྒར་བ་པཎྚི་ཏ་བློ་བཟང་ཤེས་རབ་དང་བིས་པ་མི་ཕམ་ཟླ་བ། གཉན་ཐོག་བཀའ་བཅུ་བ་སོགས་ཚང་མ་རྟེན་དགེ་སློང་ཡིན་ཞིང་། ཤེས་བྱ་རིག་པའི་གནས་ལ་འཇུག་པ་ཡངས་པའི་དགེ་བའི་བཤེས་གཉེན་དང་བླ་མ་སྤྲུལ་སྐུ་འདི་དག་གི་རྩོལ་བ་ལས། རི་མོ་དང་སྐུ་བརྙན་བཞེངས་པའི་སྲོལ་འདི་རེབ་གོང་ཡུལ་དུ་བསྟན་པ་སྤེལ་བའི་ལག་ཆ་གལ་ཆེན་དུ་འགྱུར་བར་བྱས། འདི་ནི་བོད་ཁུལ་བྱིངས་ཀྱི་འགྲོ་སྟངས་ཤིག་ཀྱང་སྟེ། ལོ་རྒྱུས་སྟེང་དགོན་སྡེ་མང་པོར་བཤེས་གཉེན་རྣམས་ལས་རི་མོ་བ་དང་ལྷ་བཟོ་བ་ཡིན་པའི་རིགས་མང་ཞིང་། ཁོང་རྣམས་ཀྱི་སྒྱུ་རྩལ་བརྩམས་ཆོས་ནི་དགོན་པ་གང་དེའི་རྟེན་གཙོ་བོར་གྱུར་ཚུལ་གྱི་དཔེ་གཞི་མང་ངོ་། །རོང་བོ་དགོན་ཆེན་གྱི་བུ་དགོན་མང་ཤོས་སུ་ནང་བསྟན་སྒྱུ་རྩལ་སློབ་གསོའི་ཐད་ཀྱི་བསླབ་ཚན་བཙུགས་ཡོད་ལ། གྲྭ་གཞོན་དག་ལོ་ན་བཅོ་ལྔ་ཡས་མས་སུ་སླེབས་ཚེ། མུ་མཐུད་དགོན་པ་རང་དུ་བསྡད་དེ་སྒྱུ་རྩལ་གཉེར་རམ་གནས་གཞན་དུ་ཕྱིན་ཏེ་ལས་རིགས་ལག་ཤེས་པ་ཞིག་བྱེད་རྒྱུ་ནི་རྒྱུན་པར་འཕྲད་པའི་གདམ་གསེས་ཤིག་རེད། དེ་ལས་དགོན་པ་རང་དུ་འདུག་མཁན་ཚོ་དགོན་སྡེ་གཞན་དུ་གཏོང་བའམ། ཐག་རིང་བའི་ལྷ་ས་སོགས་སུ་འགྲོར་བཅུག་སྟེ་མུ་མཐུད་སློབ་སྦྱོང་བྱེད་པར་སྐུལ་ངེས་སོ། །
ལོ་རྒྱུས་འཕེལ་འགྱུར་བྱུང་བ་དང་བསྟུན་རེབ་གོང་དུ་ལྷ་སྐུའི་སྒྱུ་རྩལ་ལ་འགྱུར་བ་རིམ་པར་བྱུང་ཞིང་། ལྷག་པར་རེབ་གོང་དུ་དགེ་ལུགས་པའི་དགོན་སྡེ་ཆེར་རྒྱས་པའི་རྐྱེན་ལས། འབག་སྐུའི་དགོས་མཁོ་སྔར་ལས་ཇེ་ཆེར་གྱུར་བ་ཡིན་ལ། དེས་སྐུལ་ཏེ་ནང་བསྟན་སྒྱུ་རྩལ་ལའང་རིགས་སྣ་ཚོགས་པར་བྱུང་སྟེ། ནང་བསྟན་སྒྱུ་རྩལ་ལ་འཐམས་པའི་ལྷ་བཟོ་མང་དུ་འཕེལ་བ་ཡིན་ནོ། །དེ་ལས་གཞན། ལག་རྩལ་གྱི་རྒྱུན་འཛིན་ཐད་ནས་རྩ་བའི་སྟེང་ཁྱིམ་རྒྱུད་ནང་ཁུལ་གྱི་ཕ་བུའི་བར་དང་ཁུ་དབོན་བར་བརྒྱུད་སྤེལ་བྱས་པ་ཡིན་ལ། ལག་རྩལ་ལ་དོ་སྣང་ཤུགས་ཆེར་བྱེད་པའི་གསང་བའི་རང་བཞིན་གྱི་སྲོལ་རྒྱུན་ལག་ཤེས་གཞན་དང་མཚུངས་པར། རེབ་གོང་གི་སྒྱུ་རྩལ་པ་དག་གིས་ཀྱང་ལག་རྩལ་གྱི་གསང་བ་ཕྱིར་མི་འཆོར་བར་དང་དོད་བྱེད་ཅིང་། དེ་ལ་བརྟེན་ནས་རེབ་གོང་སྒྱུ་རྩལ་ཡང་རྒྱུན་འཛིན་གྱི་ངོས་ནས་རིམ་པར་རོང་བོ་དགུ་ཆུའི་འགྲམ་རྒྱུད་གཞོགས་གཉིས་ཀྱི་སེང་གེ་གཤོང་དང་། གཉན་ཐོག སྒོ་དམར། སྐ་སར་ལྟ་བུའི་ཁྲེ་ཙེ་སྡེ་པ་ལྔའི་སྡེ་པ་ཙམ་དུ་འདུས་པར་གྱུར་ཏེ་རེབ་གོང་སྒྱུ་རྩལ་འཛིན་སྤེལ་གྱི་གནས་གཞིར་གྱུར་བའོ། །ཁྲེ་ཙེ་སྡེ་པ་ལྔའི་དམངས་ཁྲོད་དུ་ཡུལ་དེའི་ནང་བསྟན་སྒྱུ་རྩལ་རྒྱུན་འཛིན་བྱས་པའི་ངག་རྒྱུན་ལ་རིགས་གསུམ་མཆིས་ཏེ། གཅིག་ནི་གཙང་ལ་སྟོད་ར་ཚང་གི་ར་རིན་ཆེན་རྡོ་རྗེ་བྱ་བར་སྲས་གསུམ་འཁྲུངས་པ་སྙན་གྲགས་རྒྱ་མཚོ་དང་གསེར་བཟང་། མགོན་པོ་རྡོ་རྗེ་གསུམ་ཡིན་ཞིང་། དེ་གསུམ་གས་བལ་ཡུལ་ནས་བཟོ་ཡི་སྒྱུ་རྩལ་ལ་བསླབས་རྗེས་རེབ་གོང་དུ་འབྱོར་ཏེ་ཧོར་མོ་གཅིག་དང་སོག་མོ་གཅིག རྒྱ་མོ་གཅིག་བཅས་བག་མར་བསུས་ཤིང་སྐད་རིགས་མི་འདྲ་བ་ལབ་པས། རིམ་པར་དེ་རིང་གི་གཉན་ཐོག་དང་སྒོ་དམར། སྐ་སར་བཅས་སྡེ་པ་གསུམ་བྱུང་བར་སྨྲ་བ་དེ་ཡིན་ལ། གཞན་གཅིག་ནི་རོང་བོ་ནང་སོ་ཁྱིམ་རྒྱུད་རེབ་གོང་དུ་འབྱོར་བ་དང་བསྟུན་ནས་ནང་བསྟན་སྒྱུ་རྩལ་ཡང་ས་འདིར་དར་བ་ཡིན་པར་བཤད་པ་དང་། ཅིག་ཤོས་ནི་ བླ་བྲང་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་ཡུལ་དབུས་ལྷ་སའི་བདེ་ཆེན་གསང་སྔགས་གླིང་ནས་དབུ་ཆེ་ཚེ་འཕེལ་བྱ་བ་བསུས་ཏེ་དེས་དར་བར་གྲགས། བཤད་ལུགས་འདི་གཉིས་གཞིར་བྱས་ཏེ། རིག་གཞུང་པའི་སྡེས་རེབ་གོང་སྒྱུ་རྩལ་བྱུང་དུས་དེ་མིང་དང་ཆིང་རྒྱལ་རབས་ཀྱི་དུས་སུ་འཇོག་པ་ཡིན་ཞིང་། སྒྱུ་རྩལ་རིགས་དེའི་ཁྱད་གཤིས་ལ་རྒྱ་གར་དང་བལ་པོ། དབུས་གཙང་། རྒྱ་ནག་སོགས་ས་གནས་མི་འདྲ་བའི་ཤན་སྣ་ཚོགས་རྐྱ་འཐབ་ནས་ཐེབས་ཚུལ་སྨྲ། ཡིན་ནའང་། ལོ་རྒྱུས་ལས་དཔག་ན་བོད་ཀྱི་འཇིམ་བཟོས་སྒྱུ་རྩལ་དེ་བཙན་པོའི་རྒྱལ་རབས་ཀྱི་དུས་ནས་བྱུང་ཡོད་པར་འདུག་ལ། «སྦ་བཞེད»ལས་བོད་ཀྱི་དགོན་པ་ཐོག་མ་སྟེ་བསམ་ཡས་དགོན་པ་བཞེངས་སྐབས་འབག་སྐུ་སྐོར་ཞིག་ཀྱང་བཞེངས་པའི་ལོ་རྒྱུས་རྒྱས་པར་བཀོད་པ་ལས་ཀྱང་རྟོགས་སོ། །རྒྱུ་རྐྱེན་དེའི་དབང་གིས། རེབ་གོང་སྒྱུ་རྩལ་བྱུང་དུས་འཕྱི་ནའང་འཇིམ་བཟོས་སྒྱུ་རྩལ་ནི་དུས་སྔ་མོ་ཞིག་ནས་བྱུང་ཟིན་པར་ཆ་འཇོག་བྱེད་ཆོག་ཅིང་། དམངས་ཁྲོད་ཀྱི་བཤད་རྒྱུན་དང་ནུབ་ཕྱོགས་པའི་མཁས་པ་དག་གིས་བོད་དབུས་གཙང་ཁུལ་གྱི་འཇིམ་བཟོས་སྒྱུ་རྩལ་ལ་དཔྱད་ཞིབ་མཛད་པ་གང་ཡིན་ཡང་། དེའི་ཐད་ཀྱི་ལྟ་ཚུལ་མཐུན་པར་ཡོད་པ་སྟེ། སྔ་དུས་བོད་ཀྱི་འཇིམ་བཟོས་སྒྱུ་རྩལ་གྱི་ལག་རྩལ་དང་ནུབ་ཧི་མ་ལ་ཡའི་ས་ཁུལ་གྱི་འཇིམ་བཟོས་ལག་རྩལ་གཉིས་ཧ་ལམ་དུས་མཉམ་པ་རྟོགས་ཐུབ་ལ། རྒྱ་གར་ནས་བྱུང་ལུགས་གཅིག་གྱུར་ཡིན་པས། རེབ་གོང་སྒྱུ་རྩལ་ཡང་དེ་ལས་འདའ་མི་སྲིད་དོ། །
འདིར་གླེང་རིན་ཡོད་པ་ཞིག་ནི། ཡིག་ཆ་གསར་པ་ཁག་ཅིག་གི་གསར་རྙེད་དེ། ལྷག་པར་ཏུན་ཧོང་ཡིག་རྙིང་དུ་བྱུང་བའི་འབྲེལ་ཡོད་ཡིག་ཆ་ཁག་ཅིག་ཡོད་པ་དེའོ། །དེ་ཡང་གྲོང་ཁྱེར་ཏུན་ཧོང་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་བའིDB.T.0328ཡི་ཁྲོད་རེབ་གོང་མདོ་བཙན་དང་གནང་བཙན་བྱ་བའི་མིང་ཐོན་ཡོད་པ་དང་། P.T.1591/109དངP.T.1634/111སོགས་སུའང«ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ»འབྲི་བཤུ་བྱེད་མཁན་ནི་རེབ་གོང་གཙུག་ཏོར་བྱ་བ་ཡིན་ཞིང རེབ་གོང་གཙུག་ཏོར་ནས་ཞུས་ཆེན་མཛད་པའི་གནས་ཚུལ་འཁོད། འདི་དག་ལས་ང་ཚོས་བཙན་པོའི་རྒྱལ་རབས་དུས་སུ་རེབ་གོང་གི་མི་མང་པོ་ཏུན་ཧོང་ལྟ་བུའི་ཡུལ་གྱི་ཆོས་གཞུང་འབྲི་བཤུ་དང་བྲག་ཕུག་སྒྱུ་རྩལ་གསར་རྩོམ་བྱེད་མཁན་གྱི་གྲས་སུ་ཞུགས་ཡོད་པ་རྟོགས་ཐུབ་ཅིང་། བྱེ་བྲག་མི་འདི་རྣམས་ཀྱི་གནས་ཚུལ་ཅི་ཡིན་དང་ཁོང་ཚོས་ཏུན་ཧོང་སྒྱུ་རྩལ་ལ་གསར་རྩོམ་གྱི་ལས་ཅི་འདྲ་མཛད་ཚུལ་ཞིབ་ཕྲ་མི་ཤེས་ནའང་། རེབ་གོང་བ་འདི་དག་ཏུན་ཧོང་གི་གནས་སུ་སླེབས་ཡོད་ཅིང་རེབ་གོང་དང་ཏུན་ཧོང་གཉིས་བར་གྱི་རིག་གནས་འབྲེལ་བར་འགྲོ་འོང་གི་ཕོ་ཉ་བགྱིས་པ་ནི་ཐག་གིས་ཆོད་པས། སྐབས་དེར་སྒྱུ་རྩལ་གྱི་ལྟེ་བར་གྱུར་ནས་ལག་རྩལ་རྩེར་སོན་པའི་ཏུན་ཧོང་གི་འཇིམ་བཟོས་སྒྱུ་རྩལ་རེབ་གོང་དུའང་སྤེལ་ནུས་པ་ཞིག་གོ ལྷག་པར་བོད་ཀྱིས་ཏུན་ཧོང་བཟུང་བའི་དུས་མཇུག་ཏུ། ཏུན་ཧོང་ནི་བོད་ཀྱི་རིག་གནས་ཀྱི་ལྟེ་བ་ཞིག་ཏུ་གྱུར་ཡོད་ཅིང་། གནས་འདིར་བོད་དང་རྒྱ། དེ་མིན་མི་རིགས་གཞན་གྱི་ཤེས་ཡོན་པ་མང་པོ་འདུས་ཡོད་པ་དེ་དག་གིས་གསུང་རབ་ལོ་ཙཱ་དང་རིག་གནས་ཀྱི་བྱེད་ལས་སྣ་ཚོགས་པ་སྤེལ་བཞིན་མཆིས། དེང་སྐབས་ཁྲོམ་བསྒྲགས་བྱས་པའི་ཏུན་ཧོང་ཡིག་ཚང་དུ་རེབ་གོང་བ་མི་བཞི་ཙམ་ལས་ཐོན་མེད་ནའང་། ཁོ་མོས་ཏུན་ཧོང་ཞིབ་འཇུག་གླིང་གི་ལས་སྣ་བར་རྩད་ཞིབ་འདྲི་རྟོག་བྱས་པ་ལས། གནས་དེར་ཉར་ཚགས་གནང་བའི་ཏུན་ཧོང་ཡིག་ཚང་ནང་རེབ་གོང་གི་མིའི་མིང་དེ་ལས་མང་བ་ཞིག་ཡོད་པར་སྨྲ་ཞིང་། མ་འོངས་པར་དེ་དག་ལ་རྩད་ཞིབ་བགྱིས་ཏེ་ཡུལ་གཉིས་བར་གྱི་སྒྱུ་རྩལ་འབྲེལ་འདྲིས་ལོ་རྒྱུས་ལ་ཤེས་རྟོགས་བྱེད་རྒྱུ་ནི། ཆེད་དམིགས་ཞིབ་འཇུག་གི་བརྗོད་བྱ་གལ་ཆེ་བ་ཞིག་རེད་ལ། དེ་ལ་མུ་མཐུད་ཡིག་ཚང་འཚོལ་ཞིབ་དང་བརྟག་དཔྱད་ཉམས་ཞིབ་བྱེད་དགོས་སོ། །
རེབ་གོང་གི་སྲོལ་རྒྱུན་འཇིམ་བཟོས་སྒྱུ་རྩལ་དེ་དགོན་པ་ནས་དམངས་ཁྲོད་དུ་དར་ཁྱབ་བྱུང་བ་ནི་དུས་ཡུན་རིང་མོའི་གོ་རིམ་ཞིག་ཡིན་ངེས་ཤིང་། དེ་འདྲའི་ཁྱབ་སྤེལ་ལོ་རྒྱུས་ཁྲོད། རོང་བོ་དགོན་པའི་བུ་དགོན་དག་དང་སྡེ་པ་སོ་སོའི་མ་ཎི་ཁང་། དམངས་ཁྱིམ་མཆོད་ཁང་དག་མང་དུ་འཕེལ་བ་འདིས། སྒྱུ་རྩལ་པ་དག་གི་རི་མོ་དང་རྐོས་རིས། འཇིམ་བཟོ། ཨར་ལས་སོགས་ཀྱི་ལག་རྩལ་ལ་སྦྱོང་བརྡར་གྱི་གོ་སྐབས་ཐོབ་སྟེ་སྔ་ན་མེད་པའི་འཕེལ་རྒྱས་བྱུང་ཞིང་། རིམ་གྱིས་རང་ཆོས་གསལ་བའི་རེབ་གོང་སྒྱུ་རྩལ་གྲུབ་པའོ། །དོན་དངོས་སྟེང་རེབ་གོང་སྒྱུ་རྩལ་གྱི་ལག་རྩལ་དེ་འཚོ་བ་དངོས་ཀྱི་ལག་ལེན་ཁྲོད་རྒྱུན་འཛིན་འཕེལ་རྒྱུས་བྱུང་བའི་སྟབས་ཀྱིས། ད་གཟོད་གྲུབ་ཆ་སྣ་མང་དང་གྲུབ་སྟངས་རྙོག་འཛིང་ཡིན་པའི་ཁྲེ་ཙེ་ལྔའི་མི་རྣམས་རེབ་གོང་གཉུག་གནས་ཀྱི་ཤོག་ཁ་བཅུ་གཉིས་ཁྲོད་འདྲེས་པར་གྱུར་ཏེ་ཐུན་མོང་ཧྲིལ་གཟུགས་ཀྱི་གོང་བུ་གཅིག་ཏུ་གྱུར་བ་ཡིན། དེ་ལྟ་ནའང་གནད་དོན་གཞན་ཞིག་ཀྱང་ཞར་ལ་བྱུང་ཡོད་པ་སྟེ། བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱི་རྒྱུན་འཛིན་དེ་དགོན་སྡེའི་གྲྭ་བཙུན་ནས་འཇིག་རྟེན་ཕལ་པའི་མི་ཁྱིམ་གྱི་སྐྱ་བོའི་སྒྱུ་རྩལ་པས་འཛིན་སྐྱོང་བྱེད་པར་འཕོ་འགྱུར་བྱུང་བའི་སྟེང་། ཁྲེ་ཙེ་སྡེ་པ་ལྔའི་མི་རྒྱུད་ཀྱི་ཁུངས་རྙོག་འཛིང་ཡིན་ཞིང་སྐད་རིགས་ཀྱང་ཨམ་སྐད་དང་ཡོངས་སུ་མཐུན་པ་ཞིག་མིན་ལ། དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་དང་བདུན་ཅུ་བའི་དུས་འགྱུར་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ལྷ་རིས་ལག་རྩལ་དང་རྟེན་དེས་བཏེགས་ཡོད་པའི་ནང་བསྟན་གྱི་རིག་གནས་གཉིས་རིམ་གྱིས་གྱེས་འཐོར་བྱུང་ཞིང་། ཁྲེ་ཙེ་སྡེ་པ་ལྔའི་སྡེ་ཤོག་ཏུ་སྡེ་མི་ཚང་མ་ལྷ་བཟོ་ཡིན་ལ། ཁྱིམ་ཚང་ཚང་མས་སྒྱུ་རྩལ་གཉེར་བའི་རྣམ་པ་བྱུང་བ་དང་ལྷན། སྒྱུ་རྩལ་པའི་ཐོབ་ཐང་ཡང་ནང་བསྟན་རིག་གནས་ཤེས་པའི་ཤེས་ཡོན་པ་ནས་རིག་གནས་ཆུ་ཚད་ཞན་པའི་སྐྱ་བོའི་བཟོ་བོ་ཁོ་ན་ཞིག་ཏུ་འཕེལ་བའི་གནས་ཚུལ་བྱུང་བ་དེའོ། །ནང་བསྟན་རིག་གནས་ཀྱི་ཤེས་བྱས་དབུལ་བ་དེས། སྒྱུ་རྩལ་པ་རྣམས་ལག་རྩལ་ཁོ་ནར་བྱང་ཆ་ཆེ་བ་ལས། སྒྱུ་རྩལ་དེའི་སྲོག་ཤིང་དུ་གྱུར་བའི་ནང་པའི་ཤེས་རིག་ལ་ཆ་རྒྱུས་ཞན་པའི་གནས་སྟངས་ཆེར་འཕེལ་བ་ཡིན་ལ། དེས་རྐྱེན་བྱས་ཏེ་སྒྱུ་རྩལ་པ་དག་གི་སྤྱི་ཚོགས་གནས་བབ་ཀྱང་དེ་སྔའི་བླ་ན་མེད་པའི་ཁྲི་འཕང་ལས་ལྷུང་སྟེ་ཕལ་པའི་ལག་ཤེས་པར་གྱུར་བ་འདིའོ། །
བཞི་པ། གནའ་བོའི་ལག་ཤེས་ཡིན་པའི་རེབ་གོང་འཇིམ་བརྙན་གྱི་བཟོ་སྟངས།
ས་ལས་གྲུབ་པའི་འཇིམ་པ་ཞིག་མི་རྣམས་ཀྱིས་དད་པ་བྱེད་ཡུལ་གྱི་རྟེན་དུ་འགྲུབ་པར་བྱ་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། སྣང་ཉམས་གསལ་བའི་འབག་སྐུ་ཞིག་གྲུབ་པར་མི་རྣམས་ཀྱིས་དཀའ་ཚེགས་ཆེན་པོ་བཏོན་ཡོད་ལ། སྒྱུ་རྩལ་པ་དག་གི་ལག་རྩལ་གྱི་ཆུ་ཚད་ཀྱང་འདི་ལས་མངོན་དགོས་སོ། །སྤྱིར་བཏང་། འཇིམ་བཟོས་ལྷ་སྐུའམ་འབག་སྐུ་ཞིག་འགྲུབ་པར་གཤམ་གྱི་ལས་རིམ་འདི་དག་བརྒྱུད་དགོས་པ་སྟེ།གོ་རིམ་དང་པོ། ས་སློང་བ།
ས་ནི་འཇིམ་བཟོས་ལྷ་སྐུའི་གཞི་རྒྱུ་ཡིན་ཞིང་། འབག་སྐུ་བཟོ་བར་སྤྱོད་པའི་ས་ནི་ངེས་པར་འབྱར་བག་ལྡན་ལ་གཙང་མ་ཡིན་ཞིང་རྡོ་ཟེགས་དང་དངོས་རིགས་གཞན་མི་འདུས་པ་ཞིག་ཡིན་དགོས། འཇིམ་པ་བརྫི་བྱེད་ཀྱི་ས་ནི་སྲ་སྙི་རན་པ་ཞིག་ཡིན་འོས་པ་སྟེ། སྲ་མོ་ཨ་འཐས་ཆེ་བ་མིན་ལ་སྙི་མོ་ཤུད་འགྲོ་བ་ཞིག་ཀྱང་ཡིན་མི་འོས། དེ་ཡང་སྲ་དྲགས་ན་གས་སླ་ཞིང་སྙི་ཆེ་ན་འཐོར་སླ་བས། འབག་སྐུའི་རྒྱུ་ཆར་ཁག་ཐེག་བྱེད་མི་ནུས། རེབ་གོང་དུ་ས་རིན་པོ་ཆེ་ཞེས་འབོད་པའི་སེང་གེ་གཤོང་གི་ས་དམར་ལ་མཚོན་ན། གལ་ཏེ་ཡུལ་གཞན་གྱིས་མིས་གནས་འདི་ས་ལེན་པར་འདོད་ན། ངེས་པར་ཁྱད་པར་བའི་ས་སློང་བའི་ཆོ་གའི་གོ་རིམ་ཞིག་བརྒྱུད་དགོས། རྒྱུ་མཚན་ནི་མི་རྣམས་ཀྱིས་སེང་གེ་གཤོང་གི་ས་དམར་ནི་བླ་མེད་ཅིག་ཏུ་བརྩི་བ་ཡིན་པས། ཐོག་མར་དགོན་པ་དང་སྲུང་མས་འཐད་མིན་ལ་ལྟ་དགོས་ཤིང་། དེ་ནས་བསང་བཏང་སྟེ་གནས་དེའི་ཡུལ་ལྷ་གཞི་བདག་དང་སྲུང་མ་དག་ལ་མཆོད་བསྟོད་སྨོན་ལམ་ཞུས་ཏེ་ས་ལེན་དགོས། གལ་ཏེ་དེ་ལྟར་མ་ཡིན་ཚེ། ཆག་འཇིག་ཡོང་ངེས་པར་བཤད་དོ། །གནས་གཞན་ནས་ས་ལེན་པ་ཡིན་ནའང་། ངེས་པར་བླ་མ་སྤྲུལ་སྐུའམ་གྲྭ་བཙུན་དག་གིས་རབ་གནས་བྱས་པའི་ས་ནས་ལེན་དགོས་སོ། །
གོ་རིམ་གཉིས་པ། འཇིམ་པ་བརྫི་བ།
འཇིམ་པ་རྫི་བ་ལ་ཐོག་མར་དོང་ཆུང་ངུ་ཞིག་འདྲུ་དགོས་ཤིང་། དེའི་ནང་འགྱིག་ཤོག་ལྟ་བུ་བཏིངས་ནས་ཆུ་མི་འཛད་པར་བྱེད་དགོས་ལ་དེ་ནས་ས་ཞིབ་མོར་བྱས་ཏེ་དོང་ནང་ལྡུག་པ་དང་། ཆུ་རན་པར་བླུགས་ཏེ་ཉིན་གཅིག་གཉིས་ལ་བངས་སུ་འཇུག་དགོས། ས་བངས་ནས་ཚད་ལྡན་དུ་ཆགས་པ་ན། འཇིམ་བག་ཡར་བླངས་ནས་རྡོ་ངོས་སྙོམས་ཐོག་ཤིང་གི་ཐོ་བས་རྡུང་དགོས་ཤིང་། ཡང་དང་བསྐྱར་དུ་རྡུང་ཞིང་བརྫིས་ནས་ཞིབ་ཚགས་ཅན་དུ་བརྫི་དགོས། འཇིམ་པ་བརྫི་བའི་ཚད་ནི་ལག་པས་ཅི་ཞིག་བཟོ་དགོས་ནའང་སྙི་མོར་ཡོང་བ་ཞིག་བྱུང་ན་ཡིན་ཞིང་། བརྫིས་ཟིན་པའི་འཇིམ་བག་འགྱིག་ཤོག་ཏུ་བཏུམས་ཏེ་ཁ་བསྡམས་ཤིང་སྲིབ་འཁྱག་སྐམ་ཤས་ཆེ་བའི་གནས་སུ་ཉིན་འགར་འཇོག་དགོས། འདི་ལྟར་བྱས་ན་འཇིམ་བག་གི་སྲ་སྙིའི་ཚད་ལྷག་ཏུ་སྙོམས་པོ་ཡོང་བ་ཡིན་ཞིང་། འཇིམ་པའི་རྒྱུ་སྤུས་ཚད་དང་རན་པ་བྱུང་སྟེ། འབག་སྐུ་བཟོ་སྐབས་ཅི་འདོད་བཞིན་སྤྱོད་ཆོག
གོ་རིམ་གསུམ་པ། རུས་ཤིང་བཟོ་བ།
རུས་ཤིང་བཟོ་བ་འདི་འཇིམ་བག་བརྫི་བ་དང་མཉམ་དུ་མགོ་བརྩམས་ཆོག འཇིམ་སྐུ་ཆུང་ངུ་ཡིན་ཚེ་རུས་ཤིང་བཟོ་མི་དགོས་པར་ཐད་ཀར་ཤིང་ལེབ་སྟེང་བཞེངས་ཆོག་ལ་འབག་སྐུའི་ནང་ཁོང་སྟོང་པ་ཡིན། འཇིམ་སྐུ་ཆེ་རིགས་ལ་ད་གཟོས་རུས་ཤིང་དགོས་པ་སྟེ། རུས་ཤིང་གྱི་ཚད་གཞི་འགྲིག་མིན་དེས་བརྩམས་ཆོས་གང་དེ་འགྲུབ་མིན་ཁག་ཐེག་བྱེད་བཞིན་ཡོད་ལ་སྒྱུ་རྩལ་པ་དག་གིས«སྐུ་གཟུགས་ཀྱི་ཚད་ཀྱི་མཚན་ཉིད»ལས་བསྟན་པའི་ཚད་གཞི་བློར་ངེས་ཡོད་མེད་དཔག་བྱེད་ཀྱང་ ངོ་། །རུས་ཤིང་ལ་སྤྱིར་བཏང་ཤུག་པའམ་གསོམ་ཤིང་ཡག་ཤོས་སྤྱོད་པ་ཡིན་ཞིང་། འཇིམ་སྐུ་ཆེ་ཤོས་ཀྱི་ཕྱག་ཞབས་སོགས་ཡན་ལག་རྣམས་ཀྱི་རུས་ཤིང་ནི་ཤིང་དང་རྣོ་ལྕགས་ཀྱིས་བཟོ། རྟར་བཅིབས་པའི་རིགས་དང་ཉམས་འགྱུར་སྣ་ཚོགས་པའི་འཇིམ་བརྙན་གྱི་རིགས་ལ་རུས་ཤིང་བཟོ་དགོས་པ་ཙམ་མ་ཟད། ད་དུང་ལྕགས་སྐུད་ཀྱིས་ཁང་ཀླད་ལྟ་བུའི་མཐོ་སར་བཀྱིགས་ཏེ་བརྟན་པོར་བཅའ་དགོས། དེ་ཡང་འཇིམ་བརྙན་གྱི་དབྱིབས་ལྟར་ཡར་བཞེངས་ཀྱི་ཡོད་པའམ་སྐྱིལ་ཀྲུང་གིས་བཞུགས་པའམ་གློ་ཉལ་གྱིས་བཞུགས་ཡོད་པ་སོགས་ལ་ལྟོས་ནས་དེ་དང་མཐུན་པའི་རུས་ཤིང་བཟོ་དགོས་སོ། །རུས་ཤིང་དང་སྲོག་ཤིང་བརླན་གྱིས་རུལ་བ་འགོག་ཆེད། སྒྱུ་རྩལ་པ་དག་གིས་སྲོག་ཤིང་སྟེང་ཐད་ཀར་གཟུངས་གཞུག་རྣམས་སྔོན་ལ་བསྡམས་ཏེ་འཇོག་པ་ཡིན་ལ། ཤུག་ཤུན་གྱིས་གཟུངས་གཞུག་བཏུམས་པའི་སྟེང་། སྐུད་པ་ཕྲ་མོས་བསྡམས་ནས་འཇོག་པའོ། །
གོ་རིམ་བཞི་པ། སྐྱ་བཟོ།
རུས་ཤིང་སྟེང་འཇིམ་པ་བརྩིགས་ཏེ་ཐོག་མའི་རྣམ་པ་དོད་པ་དང་། ཐོག་མར་ལག་པས་ལྷ་སྐུའི་རྣམ་པ་ཐོན་པར་བཅའ་དགོས་ཤིང་། དེ་ནས་ཡང་དང་བསྐྱར་དུ་བཙིར་གནོན་དང་ཡར་བྱུགས་མར་བྱུགས་ཀྱིས་ཞིབ་ཆ་ཐོན་པར་བྱེད་དགོས་ལ། མཐའ་མར་ཤིང་ལས་བཟོས་པའི་གསེག་རྡར་གྱིས་བརྡར་ཏེ་མདངས་ཐོན་པར་བྱེད། རྨང་གཞི་འདི་འགྲུབ་རྗེས། སྒྱུ་རྩལ་པ་དག་གིས་གཞོག་གྲིས་འབུར་གྱི་ཆ་ཤས་རྣམས་ཐོན་པར་བྱེད་པའོ། །འཇིམ་སྐུ་བཞེངས་སྐབས་སྤྱོད་པའི་གྲི་རྣམས་ཤིང་གིས་བཟོས་པ་འབའ་ཞིག་ཡིན་ལ། ཆེ་འབྲིང་ཆུང་གསུམ་ཡོད་ཅིང་། རིང་ཚད་ཀུང་ཧྥིན༡༥-༢༥ཙམ་ཡིན། མགོ་རྔ་གཉིས་གྲིའི་རྣམ་པ་ཡིན་ལ། བར་དཀྱིལ་ལག་པས་འཛིན་བྱེད་ཡིན་པས་མཛུབ་མོའི་དབྱིབས་བཞིན་བྱས་པ་ཞིག་གོ །
སྐྱ་བཟོ་ཚར་རྗེས་ཁང་པའི་སྲིབ་ལོགས་སུ་བཞག་སྟེ་སྲིབ་སྐམ་བྱེད་དུ་འཇུག་དགོས་ཤིང་། གལ་ཏེ་གས་ཁ་བྱུང་བ་ཡིན་ན་བསྐྱར་དུ་ཁ་གསབ་ནས་སྐམ་རག་བར་འཇོག་དགོས། སྔོན་ཆད་འཇིམ་སྐུ་ཆེ་བ་ཞིག་ལ་ལོ་ངོ་གཅིག་ཡས་མས་ཀྱི་དུས་ཡུན་འགོར་བ་ཡིན་ཞིང་། དེང་སང་གློག་ཆས་ཀྱི་སྐམ་བྱེད་འཕྲུལ་ཆས་ཡོད་པས། དུས་ཡུན་ཐུང་ངུའི་ནང་སྐམ་དུ་བཅུག་སྟེ་ཟླ་བ་གཉིས་ཡས་མས་གནང་ཚགས་སུ་ཆུད་ཐུབ། དེར་མཐུད་ནས་ལྡེར་བཟོའི་སྟེང་གི་གས་ཁ་དང་ཞིབ་ཆ་ཐོན་མེད་རིགས་ལ་ཞལ་ཞལ་གྱིས་ཞིབ་བཟོ་ཐེངས་མང་བྱེད་དགོས། རྣམ་པ་དོད་ཟིན་པའི་ལྷ་སྐུར་ད་དུང་མུ་མཐུད་རྩུབ་བརྡར་དང་འཇམ་བརྡར་སོགས་གོ་རིམ་དུ་མ་བརྒྱུད་དགོས་པ་དང་། སྐུའི་མདངས་ཉམས་རྩ་ནས་ཐོན་རག་བར་བགྱི་དགོས་སོ། །ལྷ་སྐུ་གྲུབ་མཚམས་རྒྱན་སྣ་ཚོགས་འབུལ་དགོས་པ་ཡིན་ལ། དེར་དབུ་རྒྱན་དང་སྐེད་རྒྱན། རྣ་རྒྱན་སོགས་རིན་པོ་ཆེའི་རིགས་ཀྱིས་གྲུབ་པའི་རྒྱན་ཆ་དང་། སྐེད་འཆིང་དང་གཙུག་ཏོར། ཕྱག་ཆ། རྒྱབ་ཡོལ་སོགས་ཀྱང་འདུས་སོ། །རྒྱན་རྣམས་ལུགས་ལྡུག་པའི་སྲོལ་གྱིས་གྲུབ་པ་ཡིན་ལ། ལག་བཟོས་བྱས་པ་ཉུང་།
གོ་རིམ་ལྔ་པ། གསེར་ཆུ་བྱུགས་པ་དང་མདངས་གཏོང་བ།
རིམ་པ་འདི་ལྡེར་བཟོ་སྐམས་ཚར་རྗེས་གཟོད་བརྒྱུད་དགོས་པ་ཡིན། གསེར་ཆུ་མ་བྱུག་སྔོན་ལ་སྤུ་ཤད་ཀྱིས་ལྷ་སྐུའི་ངོས་གཙང་མ་ཡང་གཙང་བཟོ་དགོས་ཤིང་། སྟེང་ངོས་ལ་ཆུ་ཁོལ་གྱིས་བསྐོལ་བའི་སྤྱིན་ཆུ་ཡང་མོར་བྱུགས་ཏེ་སྐམས་མཚམས། རྒྱུ་ཆ་བཟང་བའི་བཀྲག་རྩི་སྙོམས་པོར་བསྐུ་དགོས་ལ། དེའང་སྐམས་པར་བྱས་ཏེ་དཀར་རྩི་དང་སེར་རྩི་འདྲེས་མ་ལྷ་སྐུའི་ངོས་སུ་བྱུགས་པ་ན། འབག་སྐུའི་ངོས་སུ་མདོག་སེར་སྐྱ་ཅན་གྱི་མ་གཞིའི་ཚོས་མདོག་ཐོན་པ་ཡིན། འདི་རྣམས་གྲུབ་རྗེས་ད་གཟོད་གསེར་ཆུ་བྱུགས་དགོས་པ་སྟེ། གསེར་གྱི་འདུས་ཚད་བརྒྱ་ཆའི་གོ་དགུ་ཡིན་པ་ཅན་གྱི་གསེར་ཆུ་བསྡེབས་ནས་པིར་གྱིས་བྱུགས་དགོས་པ་ཡིན། གལ་ཏེ་ཚོས་མདོག་མང་བོས་གྲུབ་པའི་སྐུ་བརྙན་ཡིན་ཚེ། དེ་བཞིན་ལྡེར་སྐུའི་ཡན་ལག་མི་འདྲ་བར་ཚོས་མི་འདྲ་བ་བྱུགས་པ་ཡིན་ནོ། །གསེར་ཆུ་བྱུགས་པ་དང་མདངས་གཏོང་བ་ནི་མ་གཞིའི་འབག་སྐུ་བཞེངས་པའི་མཐའ་མའི་གོ་རིམ་ཡིན་པར་ཡང་བཤད་ཆོག་ཅིང་། ལག་རྩལ་གྱི་རེ་བ་མཐོ་བས། གསེར་ཆུ་བྱུགས་པ་ལེགས་མིན་དང་མདངས་བཏང་བ་བཟང་མིན་གྱིས་འབག་སྐུ་གང་དེར་ཉམས་འགྱུར་འཛོམས་མིན་དང་གསོན་ཤུགས་ལྡན་མིན་མཚོན་ཐུབ་པ་ཡིན།
གོ་རིམ་དྲུག་པ། གཟུངས་གཞུག་འབུལ་བ་དང་རབ་གནས་བྱེད་པ།
གོ་རིམ་འདི་ནི་འབུར་སྐུ་གང་ཞིག་ཆེས་སྤྱིར་བཏང་བའི་དངོས་པོ་ཞིག་ནས་བླ་ན་མེད་པའི་དད་རྟེན་དུ་འགྱུར་བའི་གནད་འགག་གི་རིམ་པ་ཞིག་ཡིན། གཙང་བཟོ་བྱེད་པ་དང་གཟུངས་གཞུག་འབུལ་བའི་ལས་ལ་དགོན་པའི་གྲྭ་བཙུན་རྣམས་གདན་ཞུ་བྱེད་པ་ཡིན་ཞིང་། གལ་ཏེ་ཐག་རིང་པོར་འབག་སྐུ་བཞེངས་པ་ཡིན་པར་སྟབས་མི་བདེ་ཚེ། བཟོ་བོ་རང་གིས་ཐབས་འཐེན་པ་ཡིན། དེ་ཡང་གཟུངས་གཞུག་འབུལ་སྟངས་ལ་ནང་པའི་གསུང་རབ་ཁག་ཏུ་མང་པོ་གསུངས་ཡོད་ཅིང་ངེས་པར་རྟེན་ལ་གཟུངས་གཞུག་འབུལ་ཚུལ་གྱི་འབྲེལ་ཡོད་ཡིག་ཚང་གཞིར་བཞག་གིས་སྦྱོར་དངོས་རྗེས་གསུམ་ཚང་བར་འབུལ་དགོས། དེ་ལྟར་བྱས་ན་ད་གཟོད་རུས་ཤིང་བཟོས་ཏེ་སྐུ་སློང་བ་དང་། གཟུངས་གཞུག་ཕུལ་ཏེ་རབ་གནས་ཀྱིས་སྐུ་རྟེན་གྲུབ་པ་ཡིན། གཟུངས་གཞུག་འབུལ་ཐབས་ལའང་གཉིས་ཏེ། གཅིག་ནི་ལྷ་སྐུ་ཆེ་ཤོས་རིགས་ལ་རུས་ཤིང་བཟོས་མཚམས་འབུལ་བ་དེ་དང་། གཉིས་ནི་ལྷ་སྐུ་གྲུབ་རྗེས་འབུལ་བ་དེ་ཡིན་ལ། དེར་སྨན་སྣ་དང་རྟེན་སྣ་མང་པོ་དང་། ཤུག་རྡུལ་སོགས་ལྷན་དུ་འབུལ་སྲོལ་ཡོད། དེ་ཡང་འབག་སྐུ་ཆེ་རིགས་ནི་ཉི་ཟླ་གཟའ་སྐར་ལ་བརྟག་སྟེ་དུས་ཚེས་སུམ་འཛོམས་ལ་བླ་མ་སྤྲུལ་སྐུ་གདན་ཞུ་ཡིས་ཆེད་དུ་ཆོས་གོས་རྣམ་གསུམ་གསོལ་ནས་རབ་གནས་ཞལ་གསོ་བ་ཡིན་ཞིང་། ཆུང་རིགས་ཡིན་ན་དུས་ཚེས་བརྟག་སྟེ་ཆོས་གོས་གསོལ་ཏེ་མཆོད་ཁང་དུ་གདན་འདྲེན་རབ་གནས་བྱེད་པ་ཡིན།
ཚོས་མདོག་གི་ཐད་ནས་བཤད་ན། རེབ་གོང་གི་འཇིམ་སྐུར་མདོག་གཅིག་ཅན་གྱི་འབུར་སྐུ་དང་ཚོན་མདོག་མང་བའི་འབུར་སྐུ་སྟེ་རིགས་གཉིས་ཡོད། ཚོས་མདོག་མང་བའི་འབུར་སྐུ་ལས་གཞན། རེབ་གོང་གི་འབུར་སྐུ་རྣམས་རྟེན་གཙོའི་ཆ་བྱད་དང་རྒྱན་རིས། དགོན་པའམ་ལྷ་ཁང་དེ་མིན་མཆོད་ཁང་རང་གི་གནས་བབ་ལ་དཔག་སྟེ་ནང་དོན་སྣ་ཚོགས་པར་བཟོ་བ་ཡིན་ལ། ཚོན་མདོག་མི་འདྲ་བས་ཉམས་སྣང་ཐོན་པར་བྱས་ཏེ། རྟེན་གྱི་མཚོན་དོན་ཙམ་མ་ཟད་ཕྱིའི་ཉམས་བཟང་ཡང་ཐོན་པར་བྱེད་དགོས། འཇིམ་སྐུའི་ནང་དོན་ལས་བཤད་ན། རེབ་གོང་གི་འབག་སྐུར་ཡི་དམ་དང་སྲུང་མ། མཁའ་འགྲོ། བླ་མ་བཅས་རིགས་བཞི་མཆིས་ཤིང་། སྲུང་མའི་རིགས་ལའང་འཇིག་རྟེན་པའི་རིགས་དང་འཇིག་རྟེན་ལས་འདས་པའི་རིགས་གཉིས་ཡོད་པར། འཇིག་རྟེན་པའི་རིགས་ནི་གཞི་བདག་དད་མོས་རེབ་གོང་དམངས་ཁྲོད་དུ་ཁྱབ་པའི་དན་རྟགས་ཡིན་སྟབས། འཇིམ་སྐུའི་རིགས་ཀྱང་ཤས་ཆེར་འདི་ཡིན། སྤྱིར་བཏང་བརྗོད་ན་སྲུང་མའི་རིགས་དང་གཞི་བདག་གི་རིགས་ཀྱི་འབག་སྐུ་བཞེངས་པའི་དཀའ་ཁག་ནི་གཞན་རྣམས་ལས་ཆེ་ཞིང་། དེ་རྣམས་ཤས་ཆེར་ཀེར་བཞེངས་ཀྱིས་ཡོད་ལ་ལྷག་པར་ཆིབས་པར་བཅིབས་པའམ་འགྱིང་སྟབས་སྣ་ཚོགས་ཀྱིས་བཞུགས་པས། དེའི་རྣམ་པ་ཐོན་པ་ལ་ཐབས་རྩལ་ཁྱད་དུ་འཕགས་པ་དགོས་པས་སོ། །
མཇུག་བསྡུ་བ།
སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་འཛིན་སྐྱོང་བྱེད་པ་དང་མཛེས་པའི་ཞིང་གྲོང་འཛུགས་སྐྲུན་བྱེད་པ་ནི་ཉེ་བའི་ལོ་ཤས་ནང་སྲིད་གཞུང་དང་རིག་གཞུང་པའི་སྡེ་གང་ཡིན་ཡང་ནམ་ཡང་གླེང་བཞིན་པའི་བརྗོད་བྱ་ཞིག་ཡིན་འདུག་ལ། རང་རྒྱལ་གྱི་ཞིང་གྲོང་འཛུགས་སྐྲུན་ལས་རིམ་ཁྲོད་ཀུན་གྱིས་རེ་བ་བྱེད་བཞིན་པའི་དོན་ཞིག་ཀྱང་རེད། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གྱིས་རིག་གནས་མ་རྩ་ཅན་དུ་ཕྱོགས་པར་བྱེད་ཅིང་། དེ་ལ་བརྟེན་ནས་སྲོལ་རྒྱུན་གྲོང་སྡེ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཆེན་པོ་འབྱུང་བའི་ལམ་ཁ་འབྱེད་ནུས་སོ། །དེ་བཞིན་སྲོལ་རྒྱུན་ལག་ཤེས་དར་སྤེལ་གྱིས་འཕེལ་རྒྱས་དང་གསར་གཏོད་འབྱུང་དུ་འཇུག་རྒྱུའང་རང་རེའི་བོད་འབྲེལ་ས་ཁུལ་གྱི་ཞིང་གྲོང་སྤྱི་ཚོགས་འཛུགས་སྐྲུན་བྱེད་སྐབས་ཀྱི་དངོས་ཡོད་གནད་དོན་མང་པོའི་ཁྲོད་ཀྱི་གཅིག་ཡིན་པས། དེ་ལ་དོ་སྣང་དང་ཞིབ་འཇུག་བྱེད་རྒྱུའི་དོན་དེ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད།ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་ཀྱི་རྫོང་ཟབ་པའི་རེབ་གོང་ལ་མཚོན་ན། ཐང་ཀའི་སྒྱུ་རྩལ་དང་འཇིམ་བཟོའི་སྒྱུ་རྩལ་དེ་ས་གནས་རང་གི་ཁྱད་ཆོས་གསལ་བའི་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ཞིག་ཏུ་གྱུར་ཡོད་ནའང་། སྤྱི་ཚོགས་ལ་འཕེལ་འགྱུར་བྱུང་བ་དང་བསྟུན་ནས་དེ་ཉིད་རྒྱུན་འཛིན་དར་སྤེལ་འབྱུང་སའི་ཡུལ་ཁོངས་ཁོར་ཡུག་ལ་འགྱུར་བ་བྱུང་སྟེ། གནའ་བོའི་ལག་ཤེས་ཐབས་རྩལ་སྐོར་ཞིག་ལ་ཉམས་ཉེན་བྱུང་ཟིན་པ་མ་ཟད། ཐ་ན་རྩ་བ་ནས་ཉམས་པའི་ཉེན་ཁའང་མཆིས་སོ། །དེ་ལྟར་མོད་ཀྱང་ལོ་རྒྱུས་རིང་བའི་ལག་ཤེས་འདི་དག་ཡུལ་དེའི་སྐྱེ་ཁམས་ཁོར་ཡུག་དང་ས་གནས་མང་ཚོགས་ཀྱིས་བསྐྱེད་པ་ཡིན་ལ། ཁྱད་པར་བའི་ལོ་རྒྱུས་དང་སྤྱི་ཚོགས། རིག་གནས་ཀྱི་མ་ལག་ཁྲོད་གྲུབ་པ་ཡིན་ཞིང་། ལྷག་ཏུ་གནས་དེའི་མི་རྣམས་ཀྱིས་རྒྱུན་འཛིན་གསར་གཏོད་མཛད་པ་ཡིན་པས། རེབ་གོང་གི་ཡུལ་ཁོངས་དང་གནས་དེར་འཚོ་སྡོད་བྱེད་པའི་རེབ་གོང་བར་མཚོན་ན་དོན་སྙིང་བླ་ལྷག་ལྡན་པ་ཞིག་གོ །དེར་བརྟེན་མི་རབས་རིམ་བརྒྱུད་ཀྱིས་ཡོང་བའི་གནའ་བོའི་ལག་ཤེས་བཟོ་རྩལ་བ་དག་གི་ཐུན་མིན་ཤེས་རབ་ཀྱི་ཉིང་ཁུ་རྒྱུན་འཛིན་བྱེད་པ་དང་། དམངས་ཁྲོད་ཀྱི་ལག་ཤེས་བཟོ་རྩལ་མི་ཉམས་པར་བྱེད་པ་དེ་རང་རྒྱལ་གྱི་ཞིང་སྡེའི་རིག་གནས་རང་སྟོབས་ཀྱིས་བསྐྱེད་པའི་ཐབས་ཤེས་གལ་ཆེན་ཞིག་ཡིན་པ་རྟོགས་དགོས་ལ། ལྷག་པར་དམིགས་བསལ་ས་ཁུལ་དག་གི་མི་རིགས་རིག་གནས་ཀྱི་ལེགས་ཆར་སྲུང་སྐྱོབ་ཀྱིས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་གྱི་རིན་ཐང་སྔོག་འདོན་དང་འཕེལ་རྒྱས་གཏོང་བར་འབྲེལ་ཐོགས་ཀུན་གྱིས་དོ་སྣང་དང་ལག་ལེན་ཡོད་པར་བྱེད་དགོས་སོ། །
རེབ་གོང་སྒྱུ་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། རེབ་གོང་གི་འཇིམ་བཟོས་སྒྱུ་རྩལ་གྱི་ལོ་རྒྱུས་རེབ་གོང་གི་ཐང་ཀའི་སྒྱུ་རྩལ་དང་མཉམ་པར་ཡོད་ཅིང་། བོད་འབྲེལ་ས་ཁུལ་ཡོངས་ལ་ལྟོས་ནས་བཤད་ནའང་། རེབ་གོང་གི་འཇིམ་བཟོས་སྒྱུ་རྩལ་ལ་གོ་བབ་དང་མཚན་སྙན་མཐོན་པོ་ཐོབ་ཟིན་ནོ། །འབག་སྐུ་བཞེངས་མཁན་སྒྱུ་རྩལ་པ་དག་ཕྱོགས་ཡར་མར་མང་པོར་འགྲིམས་པ་དང་བསྟུན། རེབ་གོང་གི་སྲོལ་རྒྱུན་འཇིམ་བཟོས་སྒྱུ་རྩལ་ཡང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་ཡོད་ཅིང་དེས་འཇིམ་བཟོས་སྒྱུ་རྩལ་གྱིས་རེབ་གོང་གི་ཡུལ་ཁོངས་སྣ་མང་རིག་གནས་འགྲུབ་པར་བྱ་བ་དང་། མི་རིགས་ཕན་ཚུན་འགྲོ་འོང་འབྲེལ་འདྲིས་བྱེད་པར་གྲོགས་བྱེད་ངེས། ཡིན་ནའང་འབྲེལ་ཡོད་མི་སྣ་དག་གིས་རེབ་གོང་གི་འཇིམ་བཟོས་སྒྱུ་རྩལ་ལ་དོ་སྣང་བྱས་པ་མི་འདང་ཞིང་། ཞིབ་འཇུག་གི་ལས་རིམ་རྒྱ་ཆུང་ལ་རྒྱུན་འཛིན་དང་དེ་ཉིད་གནས་སའི་ས་གནས་རིག་གནས་ཀྱི་འཛིན་སྐྱོང་ལ་དོ་སྣང་བྱེད་མཁན་ལྷག་ཏུ་ཉུང་ངུར་སྣང་ལ། དེ་བས་སྲོལ་རྒྱུན་གྱི་ལག་ཤེས་ཁྱད་པར་བ་འདི་ཐབས་ཤེས་བཙལ་ཏེ་མི་ཉམས་པར་བྱེད་རྒྱུ་ནི། མིག་སྔར་ཀུན་གྱི་མདུན་དུ་ལྷག་པའི་གནད་དོན་ཁ་ཚ་དགོས་གཏུག་ཅིག་སྟེ། ཁོ་མོས་རྩོམ་ཡིག་འདི་འདྲ་ཞིག་འབྲི་དོན་ཡང་དོན་ལ་སྤྱི་ཚོགས་ལས་རིགས་ཁག་གི་ལས་ཁུངས་དང་འབྲེལ་ཡོད་མི་སྣ་དག་གིས་དོ་སྣང་བྱས་ཏེ་མཉམ་དུ་རེབ་གོང་གི་འཇིམ་བཟོས་སྒྱུ་རྩལ་གྱི་ནང་གི་དོན་སྙིང་དང་གསར་གཏོད་ནུས་པ་སྔོག་འདོན་བྱེད་ཅིང་། དུས་སྐབས་གསར་པར་ཞིང་སྡེ་གསར་པའི་འཛུགས་སྐྲུན་ལ་ཕན་ཅུང་ཟད་ཐོགས་ན་སྙམ་པ་དེའོ། །
རྩོམ་པ་པོ་ངོ་སྤྲོད།
ཏིང་འཛིན་སྐྱིད། (༡༩༧༨- ) མོ། བོད་རིགས། མཚོ་སྔོན་རེབ་གོང་གི་མི་ཡིན། དགེ་རྒན་ཆེན་མོ་གཞོན་པའི་ལས་ཐོབ་བླངས་ཡོད་ཅིང་མི་རིགས་རིག་པའི་འབུམ་རམས་པ་ཡིན་ལ། རབ་འབྱབས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་གྱི་འགན་ཁུར་བཞིན་ཡོད། ༢༠༠༠ལོའི་ཟླ༧པར་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་ནས་དངོས་གཞི་མཐར་ཕྱིན་རྗེས། མཚོ་སྔོན་མི་རིགས་སློབ་གླིང་གི་མི་རིགས་ཞིབ་འཇུག་ཁང་ནས་དགེ་རྒན་གྱི་ལས་ཀ་སྒྲུབ། ༢༠༠༤ལོའི་ཟླ༩པར་མཚོ་སྔོན་མི་རིགས་སློབ་གླིང་མི་རིགས་ཞིབ་འཇུག་ཁང་གི་ཆེད་དོན་ལོ་རྒྱུས་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་དེ་མི་རིགས་རིག་གནས་ལོ་རྒྱུས་ཕྱོགས་ཀྱི་ཞིབ་འཇུག་སློབ་གཉེར་བྱས་ཤིང་། ༢༠༠༧ལོའི་ཟླ༧པར་མཐར་ཕྱིན། ༢༠༠༨ལོའི་ཟླ༨པ་ནས༢༠༠༩ལོའི་ཟླ༨པའི་བར་ཨ་རིའི་ཨེ་ཨོ་ཝ་སློབ་ཆེན་དུ་སློབ་གཉེར་བྱས། ༢༠༡༠ལོའི་ཟླ༩པ་ནས༢༠༡༣ལོའི་ཟླ༧པའི་བར་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་མི་རིགས་ཞིབ་འཇུག་གླིང་ནས་མི་རིགས་རིག་པའི་འབུམ་རམས་ཞིབ་འཇུག་གི་བསླབ་གནས་གཉེར་ཏེ་མཐར་ཕྱིན། ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་དུ་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་ཁྲིད་ཀྱི་ཞོར་ལ། ཆོས་ལུགས་རིག་པ་དང་བོད་རིག་པའི་སྐོར་ལ་ཞིབ་འཇུག་བྱེད་བཞིན་ཡོད། རྒྱལ་ནང་གི་རིག་གཞུང་དུས་དེབ་སྣ་ཚོགས་སྟེང་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་དཔྱད་རྩོམ་ཉི་ཤུ་ལྷག་སྤེལ་ཅིང་། སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་ལས་གཞི་གཙོས་ལས་གཞི་བརྒྱད་ལ་གཙོ་སྐྱོང་དང་མཉམ་ཞུགས་ཞིབ་འཇུག་བྱས།
འབྲེལ་ཡོད་འོས་སྦྱོར།