logo

སྡེ་དགེའི་བོད་ཤོག་བཟོ་རྩལ་གྱིས་རང་ལུགས་གསར་གཏོད་བྱས་ཡོད།

རྩོམ་པ་པོ།:ལྷ་སྒྲོན་མཚོ་ཡིས་བསྒྱུར། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2022-11-24 ཀློག་གྲངས།:
       སི་ཁྲོན་སྡེ་དགེ་ནས་ཐོན་པའི་བོད་ཤོག་ནི་ཐུན་མོང་མ་ཡིན་པའི་རྒྱུ་ཆ་ལས་བཟོས་པས་འབུ་དང་བྱི་བ་ཡང་འགོག་ཐུབ། སྔོན་ཆད་སྡེ་དགེའི་བོད་ཤོག་གིས་པར་སྐྲུན་བྱས་པའི་དཔེ་ཆ་ད་ལྟ་ད་དུང་ཆ་ཚང་ངང་ཉར་ཚགས་བྱས་ཡོད་པ་ཅུང་མང་ལ། དཔེ་ཆ་ལ་ལ་ལོ་ངོ་བརྒྱ་ཕྲག་འགོར་ཡང་ཆ་ཚང་སྐྱོན་མེད་དུ་ལུས་ཡོད། ཉེ་ཆར། དཀར་མཛེས་ཁུལ་གྱི་དྲ་གྲགས་པད་མ་ཆོས་མཚོ་བདེ་དགེའི་བོད་ཤོག་སྒྱུ་རྩལ་ལྟེ་གནས་ཡོད་ས་ཁམས་པའི་རིག་གནས་གླིང་མཛེས་ལྗོངས་ཁུལ་དུ་བསྐྱོད་ནས། སྡེ་དགེའི་བོད་ཤོག་གི་ལོ་རྒྱུས་འཕེལ་རྒྱས་ལ་རྒྱུས་ལོན་བྱས།
       ཤེས་གསལ་ལྟར་ན། “ཡུལ་སྐོར་ལས་སློབ་སྦྱོང་བྱེད་པ”དགོངས་དོན་དུ་འཛིན་པའི་སྡེ་དགེ་རྫོང་ཁམས་པའི་རིག་གནས་གླིང་མཛེས་ལྗོངས་ཁུལ་དུ་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་རིགས23དང་། གཟུགས་འདས་ཤུལ་བཞག་རིག་གནས་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་ས33། འཁྲབ་སྟོན་ལྟེ་གནས་ཆེ་གྲས1། ཁྱད་ལྡན་ཡུལ་སྐོར་གྱི་པར་ལེན་སའི་ཐང་ཆེན9བཅས་ཡོད་པ་མ་ཟད། “མཛེས་སྡུག་ཁམས་པའི”གཟུགས་འདས་ཤུལ་བཞག་རིག་གནས་བཤམས་སྟོན་ཁང་དང་། “སྨན་ཤོར་ལག་བཟོ”རོལ་མྱོང་ལྟེ་གནས། ཐང་ག་དང་བོད་ཤོག་སོགས་ཀྱི་སློབ་དཔོན་ལས་དོན་ཁང་སོགས་ཡོད། འགྲེམ་སྟོན་ལྟེ་གནས་ཐོག་ཁང་གཉིས་སུ་བཀར་ཞིང་། དངོས་མང་བཤམས་སྟོན་ཁང་གི་རྣམ་པས་འགྲེམ་སྟོན་དང་ཐོན་སྐྱེད། ཕྱིར་འཚོང་བཅས་ཟུང་དུ་འབྲེལ་ནས་བོད་ཤོག་གི་འབྱུང་ཁུངས་དང་བཟོ་ཚུལ། འཕེལ་རྒྱས་བཅས་གསལ་བོར་ངོ་སྤྲོད་བྱས་ཡོད།
       “ཚང་དཔལ་སྲོལ་རྒྱུན་བོད་ཤོག་གི་རྒྱུ་ཆ་གཙོ་བོ་རེ་ལྕག་མེ་ཏོག་ཡིན་ལ། རྒྱུ་ཆ་རློན་པར་བཟོ་བའི་ཐབས་ཀྱིས་ཐོན་སྐྱེད་བྱེད་པ་དང་། བཟོ་ཚུལ་ནི་ཐོག་མར་རྩ་བའི‘ཤུན་པ་ལེན་པ་དང་། བཤིག་པ། བཙོ་པ། སྙོལ་བ། དག་འཁྲུད། རྒྱུ་ཆ་བཟོ་བ། ཤོག་སྐྱོ་དཀྲུག་པ། ཤོག་སྐྱོ་སྤྱད་དེ་ཤོག་བུ་བཟོ་བ། ཉི་མར་སྐམ་པ’བཅས་ཀྱི་ལས་རིམ་ཆེན་པོ་དགུ་བརྒྱུད་ནས་གྲུབ་པ་རེད། བོད་ཤོག་དེ་རིགས་གཙོ་བོ་བོད་ཀྱི་ཡིག་གཟུགས་དང་པར་སྐྲུན་ཕྱོགས་སུ་སྤྱོད་བཞིན་ཡོད”པ་དང་། “སྡེ་དགེའི་བོད་ཤོག་ལ་ཐུན་མོང་མ་ཡིན་པའི་རང་ལུགས་གསར་གཏོད་ཀྱི་ཆ་ལྡན་པས། ཤོག་བུའི་ཁ་མདོག་ཅུང་སེར་ལ་རྩུབ་ཅིང་མཐུག་པས་སྣག་ཚ་འཇིབ་ཚད་ལེགས་ལ། ལྗིད་ཚད་ཡང་བ། མཉེན་ཆ་ཆེ་བ། ཡུན་རིང་ཉར་ཡང་སྐྱོན་མི་འབྱུང་བར་མ་ཟད། རློན་འཇུབ་དང་བརླན་འགོག་པའི་ནུས་བ་ཆེན་པོ་ལྡན་ཞེས་པད་མ་ཆོས་མཚོས་བཤད།
       བརྗོད་རིན་ཡོད་པ་ཞིག་ནི། བོད་རིགས་རིག་གནས་གནས་སྒྱུ་རྩལ་གྱི་ཉིང་བཅུད་དང་གལ་ཆེའི་ཕྱོགས་ཡིན་པའི་ཆ་ནས། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་དཀར་མཛེས་ཁུལ་དུ་ལོ་རྒྱུས་ཡུན་རིང་ཞིང་གཏིང་ཟབ་པ་ལྡན་ཡོད། ཁམས་ཕྱོགས་ས་ཁུལ་གྱི་བོད་ཀྱི་ཡུག་གཟུགས་གཙོ་བོ་ནི་སྡེ་དགེའི་བོད་ཀྱི་ཡིག་གཟུགས་ཀྱིས་ཚབ་བྱེད་བཞིན་ཡོད་པས“སྡེར་བྲིས”ཅེས་བརྗོད་ཀྱིན་ཡོད་པ་མ་ཟད། དེ་ལ“བོད་ཀྱི་ཡིག་གཟུགས་ཀྱི་སྙིང་བཅུད་གཅིག་བསྡུས་ཡང་སྙིང”ཞེས་པའི་མཚན་སྙན་ལྡན། “‘སྡེར་བྲིས་ཡིག་གཟུགས’ནི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ནང་ཚུད་ཅིང་། ཡིག་གཟུགས་དང་སྡེ་དགེའི་བོད་ཤོག་ཟུང་འབྲེལ་གྱིས་ཉར་ཚགས་རིན་ཐང་དང་སྒྱུ་རྩལ་རིན་ཐང་། ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པ་རེད”ཅེས་ཞིང་ཆེན་རིམ་པའི་བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་བྱེད་མཁན་ཁྱུང་དགའ་ཡིས་ངོ་སྤྲོད་བྱས། “སྡེར་བྲིས་ཡིག་གཟུགས”ཀྱིས་སྡེ་དགེ་ལྟེ་གནས་སུ་འཛིན་པའི་ཁམས་པ་ས་ཁུལ་དུ་ཁྱད་དུ་ཡོད་པའི་རིག་གནས་གནས་བབ་དང་རིག་གནས་འདུ་ཤེས་མཚོན་ཞིང་། དེ་བརྒྱུད་ནས་བོད་ཀྱི་ལོ་རྒྱུས་རིག་གནས་ཀྱི་རྒྱུན་འཛིན་བགྲོད་ལམ་ཤེས་ཐུབ་པ་མ་ཟད། བོད་ཀྱི་ལོ་རྒྱུས་དང་རིག་གནས། མཛེས་རྩལ་དང་མི་ཆོས་ཁྱད་ཆོས་ར་སྤྲོད་དང་ཞིབ་འཇུག་བྱེད་པར་ནུས་པ་གལ་ཆེན་ལྡན་པ་ཡིན། །
ཚང་དཔལ་སྲོལ་རྒྱུན་བོད་ཤོག
ཚང་དཔལ་སྲོལ་རྒྱུན་བོད་ཤོག
ཚང་དཔལ་སྲོལ་རྒྱུན་བོད་ཤོག
བོད་ཀྱི་ཡིག་གཟུགས།
འབྲེལ་ཡོད་འོས་སྦྱོར།