logo

བོད་ཀྱི་རིག་དངོས་ཞིབ་འཇུག་པ་ཆེན་མོ་བསོད་ནམས་དབང་ལྡན་ལགས་ཀྱི་དཔྱད་རྩོམ།

རྩོམ་པ་པོ།:བསོད་ནམས་དབང་ལྡན། ཡོང་ཁུངས།:༢༠༢༢ལོའི་ཀྲུང་གོའི་བོད་རིག་པ་དེབ་གསུམ་པ། དུས་ཚོད།:2023-02-14 ཀློག་གྲངས།:
༄༅། །བོད་བཙན་པོའི་དུས་ཀྱི་གསེར་དངུལ་གྱི་ཅ་དངོས་འགའ་ལ་དཔྱད་པ།
བསོད་ནམས་དབང་ལྡན།

[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་རྒྱ་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁུངས་ཐུབ་པ་མང་པོར་གཞི་བཅོལ་ནས་བོད་དུ་གསེར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། གནའ་སྔ་མོ་ནས་གསེར་གྱི་ཅ་དངོས་ལ་དགའ་ཞིང་སྤྱོད་སྒོ་ཡངས་པ་བསྒྲུབས་ཤིང་། བྱེ་བྲག་ཏུ་ལྷོ་ཁ་ཡར་འབྲོག་ལྷོ་རྒྱུད་དང་མཚོ་སྔོན་ནུབ་བྱང་རྒྱུད་ཀྱི་དུར་ལམ་སོགས་ནས་ཐོན་པའི་བོད་བཙན་པོའི་དུས་ཀྱི་གསེར་དངུལ་གྱི་ཅ་དངོས་སྤུས་ལེགས་འགའ་ཤས་དཔེར་དྲངས་ཏེ། ཅ་དངོས་དེ་དག་གི་བཟོ་རྩལ་ཕུལ་དུ་བྱུང་ཞིང་བཀོད་རིས་སོགས་ལ་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་མཛེས་དཔྱོད་བསམ་འཁྱེར་ལྡན་ཞིང་། ཨེ་ཤ་ཡའི་དབུས་ནུབ་རིག་གནས་ཀྱི་ཤན་ཞུགས་དང་ཁྱད་ཆོས་དང་ལྡན་པས་བོད་བཙན་པོའི་སྐབས་སུ་ཤར་ལྷོ་རྒྱ་གར་ནག་དང་འབྲེལ་བ་དམ་པོ་ཡོད་པར་མ་ཟད། བོད་རིགས་ས་ཁུལ་གྱི་ནུབ་ཕྱོགས་ཀྱི་གྲུ་གུ་དང་སྟག་གཟིག སོག་བརྟན། ས་སན་སོགས་ཀྱི་རིག་གནས་ཀྱི་སྐོར་ནས་འབྲེལ་བ་ཡོད་པ་ལའང་དཔྱད་ཡོད།
[གནད་ཚིག] བོད་བཙན་པོའི་དུས། གསེར་དངུལ་གྱི་ཅ་དངོས། སྡེ་བཞིའི་གསེར་སྐྱེམས། སྐྱེམས་ཐུལ་བྱ་མ་བུམ། བཟོ་རྩལ་ཁྱད་ཆོས།

       ཁོ་བོ2013ལོར་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་གི་བཤམས་སྟོན་ལ་ཞིབ་ཏུ་མཇལ་བའི་སྐལ་བ་བྱུང་ལ། འཛམ་གླིང་རྒྱན་གཅིག་ཞལ་ཐང་ཆེན་མོའི་གཟི་བརྗིད་ལྡན་པའི་མཛེས་ཉམས་དང་ཕུན་སུམ་ཚོགས་པའི་ནང་དོན། དམངས་ཁྲོད་བཟོ་རྩལ་གྱི་ངོ་མཚར་བའི་གསར་གཏོད། བོད་ཀྱི་ཡིག་བྲིས་ཀྱི་རྣམ་པར་བཀྲ་བའི་ཉམས་འགྱུར་གྱིས་སེམས་ཀྱི་བང་བ་ཀུན་ནས་ཁེངས་པར་བྱས་ལ། དེ་ལས་ཀྱང་བཤམས་སྒྲོམ་གྲུ་བཞི་མ་ཞིག་གི་ནང་ན་བཀྲམ་ཡོད་པའི་སྤུར་རྒྱལ་བཙན་པོའི་དུས་ཀྱི་གསེར་གྱི་རྒྱན་ཆས་ལྷུ་ཐོར་འགའི་སྤུས་ལེགས་པའི་རྒྱུ་ཆ་དང་། ཞིབ་ཚགས་པའི་བཟོ་རྩལ། ཁྱད་དུ་འཕགས་པའི་མཛེས་རིས་བཅས་ཀྱིས་ཡིད་དབང་ལྷག་པར་འཕྲོག སྔར་ཏུན་ཧོང་གཏེར་ཡིག་དང་ཐང་ཡིག་གསར་རྙིང་གཙོས་པའི་གནའ་བོའི་ཡིག་རིགས་འགའ་ལས་བོད་ཀྱི་རྒྱལ་བློན་རྣམས་གསེར་དངུལ་གྱི་དངོས་ཆས་ལ་ཤིན་ཏུ་དགའ་ཞིང་། རྒྱུན་སྤྱོད་ཀྱི་ཅ་དངོས་དང་རྒྱན་ཆ། མཆོད་ཆས་སོགས་གསེར་དངུལ་ལས་བཟོས་པ་མང་ལ། ཕན་ཚུན་གྱི་ལེགས་སྐྱེས་དང་དཔའ་བོའི་གཟེངས་བསྟོད་ཀྱི་ཟོང་ལའང་གསེར་དངུལ་གྱི་དངོས་ཆས་གནང་བའི་སྲོལ་ཡོད་པའི་ངེས་ཤེས་ཤིག་སྐྱེས་ཡོད་ཅིང་། རྒྱལ་ཁབ་ཕྱི་ནང་གི་པར་རིས་མང་པོ་ཞིག་ལག་ཏུ་ཆུད་པ་དང་རྒྱལ་ཕྱིའི་བརྙན་དེབ་འགའ་ལས་ཀྱང་གསེར་གྱི་བུམ་པ་དང་ཆང་གི་སྣོད་ཆས། སྒ་སྲབ་རྒྱན་ཆ་སོགས་ཁྱད་དུ་མཚར་བ་མང་པོ་ཡོད་པ་མཐོང་ནའང་། རྒྱལ་ནང་དུ་མངོན་སུམ་མཇལ་བ་ཐེངས་དང་པོ་ཡིན་པས་གསེར་དངུལ་གྱི་ཅ་དངོས་དེ་དག་གི་བེད་སྤྱོད་བྱེད་སྟངས་དང་། རྒྱན་རིས་དང་བཟོ་རྩལ་ཁྱད་ཆོས་སོགས་ཀྱི་སྐོར་ལ་རྟོག་ཞིབ་རེ་བགྱི་དགོས་བསམས་ཀྱང་། དངོས་ཆས་འདི་རྣམས་ས་ཁུལ་གང་ནས་ཐོན་པ་དང་གནས་སྟངས་ག་འདྲ་ཡིན་པ་སོགས་མི་ཤེས་ལ། ཐ་ན་དེ་དག་གི་ཆེ་ཆུང་དང་ལྗིད་ཚད་སོགས་ཀྱང་མི་ཤེས་པའི་ཁར། རང་ལ་སྐྱེས་སྦྱངས་རིག་པའི་རལ་གྲིའི་ཁ་རྡུགས་པ་དང་དཔྱད་གཞིའི་རིག་དངོས་དང་ཡིག་ཆ་ཉུང་ནའང་། གཞན་ལ་འདྲི་བརྩད་དང་ས་བཙལ་རྡོ་བཙལ་གྱིས་རྩོལ་བ་བགྱིས་ནས། འདིའི་སྐོར་ལ་དོ་སྣང་ངེས་པར་བྱ་དགོས་ལ་བྱེད་མཁན་ཡང་ཉུང་བར་འདོད་ནས་རིག་པའི་སྣ་འདྲེན་གྱི་ཚུལ་དུ་དཔྱད་པའི་གཞི་ལ་ཞུགས་པར་བྱའོ། །
དང་པོ། བོད་དུ་གསེར་དངུལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་སྐོར།
       དེ་ཡང་། “མྱི་ནུབ་པའི་རྒྱལ་མཚན་རྡོ་རྗེ་གདན་གྱི་བྱང་ཕྱོགས། རིན་པོ་ཆེ་གསེར་གྱི་འབྱུང་གནས། གངས་རིའི་མཐའ་བསྐོར་བ། ཆུ་བོ་ཆེན་པོ་རྣམས་ཀྱི་མགོ། ཙན་དན་བླངས་པ་ལྟར་བསིལ་བའི་ངད་དང་ལྡན་པ་ཁ་བ་ཅན་གྱི་ཡུལ”[1]ཞེས་བོད་རིགས་ས་ཁུལ་འདི་རྒྱུན་རིང་བའི་ལོ་ཟླའི་ནང་མི་མང་པོ་ཞིག་གིས་མཚར་ཆེ་བའི་ཡུལ་དང་གསེར་གྱི་རྒྱལ་ཁམས་ཤིག་ཏུ་ངོས་བཟུང་ཡོད་དེ། ལོ་ཉིས་སྟོང་ལྔ་བརྒྱའི་གོང་གི་གྲོག་མས་གསེར་སྔོག་པའི་སྒྲུང་དང་། ཉེ་བའི་ལོ་ངོ་བརྒྱ་ཕྲག་འགའི་སྔོན་ནས་བཟུང་ནུབ་གླིང་གི་འཚོལ་རྟོག་པ་རྣམས་ཀྱིས་གསེར་གྱི་ཡུལ་དུ་ངོས་བཟུང་སྟེ་རྟོག་ཞིབ་བྱས་པ་གང་ཡིན་ཡང་། སྔར་ནས་བཟུང་འཛམ་གླིང་ནུབ་ཕྱོགས་པ་རྣམས་ཀྱིས་བོད་རིགས་ས་ཁུལ་གྱི་གསེར་ལ་སེམས་པ་ཤོར་ཡོད་ལ། ལྷག་པར་དུ་མར་ཁོ་པོ་ལོ(Marco Polo)ཡིས་ཐུ་བྷོད་ཀྱི་ས་ཆ་མང་པོའི་མཚོ་དང་གཙང་པོར་གསེར་ཕྱེ་ལེབ་མོ་མང་པོ་བསྔོག་རྒྱུ་ཡོད[2]ཅེས་གསུངས་པ་ནས་བཟུང་། ནུབ་ཕྱོགས་པ་རྣམས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་བོད་རིགས་ས་ཁུལ་འདི་གསེར་གྱི་རྒྱལ་ཁམས་ཤིག་ཏུ་འདོད་ཡོད་ནའང་། ས་རྒྱ་ཆེ་བ་དང་། གྲང་ངར་ཆེ་བ། རི་མཐོ་ཞིང་གྲོག་རོང་ཟབ་པ། གཙང་པོ་མང་ཞིང་བཞུར་ཤུགས་དྲག་པ། འགྲིམ་འགྲུལ་མི་བདེ་བ་སོགས་ཀྱི་དབང་གིས་བར་སྐབས་ཤིག་ལ་ཁུ་སིམ་མེར་ཡུན་རིང་དུ་ལུས། ནུབ་ཕྱོགས་པའི་ཆོས་སྤེལ་མཁན་དང་རྒྱལ་ཁམས་འགྲིམ་པའི་འཚོལ་ཞིབ་པ་མང་པོས་ཀྱང་བོད་ན་གསེར་མང་བ་སོགས་བཤད་ཡོད་ཀྱང་ངག་རྒྱུན་ཙམ་ལས་གསེར་ཁུང་བྱེ་བྲག་པ་གང་དང་གང་དུ་ཡོད་པ་སྟོན་ཐུབ་མེད་ལ། བསྟན་པ་རྣམས་ཀྱང་སྐད་རིགས་ཀྱི་དབང་གིས་ཞིབ་བུར་ངེས་འཕྲོད་དཀའ་བར་ཡོད། རང་རེ་བ་རྣམས་ཀྱིས་ཀྱང་སྔར་བོད་བཙན་པོའི་སྐབས་ནས་བཟུང་ལོ་རྒྱུས་ཀྱི་དུས་རིམ་སོ་སོར་གསེར་དངུལ་ནི་འབྱོར་སྲིད་ཚོང་འབྲེལ་སྐྱེས་འབུལ་དང་། རྒྱལ་པོའི་ཕོ་བྲང་དང་གཙུག་ལག་ཁང་བཞེངས་པ། སྐུ་གསུང་ཐུགས་རྟེན་བཞེངས་པ། རྒྱན་ཆས་བཟོ་བ་སོགས་ལ་སྤྱོད་པའི་རིན་པོ་ཆེ་རྩ་ཆེ་བ་ཞིག་ཏུ་བརྩིས་ཡོད། སྤྱིར་བོད་རིགས་ས་ཁུལ་ནི་ཀྲུང་གོའི་གསེར་གྱི་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པ་དང་གསེར་སྔོག་པའི་ལོ་རྒྱུས་ཆེས་རིང་བའི་ས་ཁུལ་ཞིག་ཡིན་པར་ཀུན་གྱིས་ཁས་འཆེ་ལ།[3] དུས་རབས་བཅུ་དགུ་པའི་ནང་དུ་བོད་ལ་འཚོལ་ཞིབ་ཏུ་སླེབས་པའི་ནུབ་གླིང་པ་ཆིན་ཉིས(Samuel Turner)ཀྱིས་བོད་ཀྱི་ག་ས་ག་རུ་གསེར་མང་བ་མཐོང་ནས་གལ་ཏེ་གསེར་གྱི་གཏེར་ཁ་ཡོད་ཚད་སྔོག་འདོན་བྱས་ཚེ། གསེར་གཅིག་པུས་ཀྱང་ས་འདིའི་མི་རྣམས་ཀྱི་གང་མཁོའི་རེ་བ་ཡིད་བཞིན་དུ་འགྲུབ་པར[4]བརྗོད་ཡོད། ནང་སྒོས་སུ་དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུ་པའི་མཇུག་ནས་བཟུང་ཁྱོན་ཡོངས་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་སྲིད་ཇུས་སྤེལ་བ་དང་། སྲིད་འབྱོར་རིག་གསུམ་སྔར་ལས་ལྷག་པར་ཡར་རྒྱས་སུ་སོང་བས། ཚན་རིག་རྟོག་ཞིབ་གནང་མཁན་རྣམས་ཀྱིས་མདོ་དབུས་མཐོ་སྒང་གི་སྟོད་ཀྱི་མངའ་རིས་ནས་སྨད་ཀྱི་མདོ་ཁམས་བར་གྱི་མཚོ་དང་རྫིང་བུ། རི་བྲག་གཙང་པོ། བྱེ་ཐང་སོགས་སུ་གསེར་དངུལ་གྱི་གཏེར་ཁ་ཤིན་ཏུ་མང་པོ་གསར་རྙེད་བྱུང་ཡོད་པར་མ་ཟད། ཚན་རིག་དང་མཐུན་པའི་ལས་གྲྭའང་མང་པོ་བཙུགས་ནས་སྔོག་འདོན་བྱས་དང་བྱེད་བཞིན་ཡོད།
       དེ་ཡང་སྤྱི་ལོ་སྔོན་གྱི་དུས་རབས་ལྔ་པའི་ནང་དུ་བྱུང་བའི་གྷི་རིག་གི་ལོ་རྒྱུས་སྨྲ་བ་ཧེ་རོ་དྷོ་དྷི(希罗多德/Herodote)ཡིས་རྒྱ་གར་བྱང་ཕྱོགས་ཀྱི་ཆུ་བོ་གང་གཱའི་སྟོད་རྒྱུད་ཀྱི་བྱེ་ཐང་དུ་གྲོག་མས་ས་བསློགས་པའི་ཤུལ་ན་གསེར་གྱི་ཕྱེ་མ་མང་པོ་ཡོད་ཚུལ་གྱི་སྒྲུང་དེའང་པར་སིག་པ་རྣམས་ཀྱི་ངག་རྒྱུན་གཞི་བྱས་ནས་བྲིས་པའི«ལོ་རྒྱུས»(《历史》/Ἱστορίαι)ཞེས་པའི་བསྟན་བཅོས་སུ་བཀོད་ཡོད་ལ། ས་ཁུལ་བྱེ་བྲག་པ་གང་ཡིན་ཐད་ལ་ཕྱི་རབས་ཀྱི་མཁས་པ་མང་པོས་ལ་དྭགས་དང་མངའ་རིས། བྱང་རྒྱུད། སོག་ཡུལ་སོགས་ཡིན་པར་སྨྲ་བའི་རྩོད་པ་ཡོད་ཀྱང་། ཞང་ཞུང་མངའ་རིས་རྒྱུད་ན་ད་ལྟའི་བར་དུ་སྲོག་ཆགས་གྲོག་མ་ལ་གསེར་ཁྲལ་བཀལ་བའི་སྒྲུང་བཤད་རྒྱུ་ཡོད་པ་དང་། གསེར་ཐང་དང་གསེར་གཞུང་། གསེར་ལུང་། གསེར་མདོ་སོགས་གསེར་དང་འབྲེལ་བའི་ས་མིང་མང་པོ་ཡོད་པར་མ་ཟད། ད་དུང་ཡང་སོ་སྣ་ཁྲོག་རོ་དང་། ཆ་ཁྲོག ཨ་མར་ཁྲོག་རོ། གསེར་མདོའི་ཤར་ཁྲོག་ཁྲོག གསེར་མདོའི་ནུབ་ཁྲོག་ཁྲོག་སོགས་གསེར་སྔོག་པའི་ཁུང་ཤུལ་ཡང་མང་པོ་སྟོན་རྒྱུ་ཡོད་པས། བོད་རིགས་ས་ཁུལ་ནི་གནའ་བོའི་དུས་སུ་གསེར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་བཀོལ་སྤྱོད་ཁྱབ་ཆེ་བ་ནི་ཡིད་ཆེས་དགོས་པའི་གནས་ཤིག་སྟེ། དེ་ལས་ཀྱང་སྔར་གྱི་ཞང་ཞུང་རྒྱལ་ཁམས་ཏེ་ད་ལྟའི་མངའ་རིས་ས་ཁུལ་གཙོ་བོར་བྱས་པའི་ཡུལ་གྲུ་འདི་ནི་གསེར་ཐོན་ས་གལ་གནད་ཆེ་བ་ཞིག་ཡིན་ལ། གུ་གེ་ནི་མཚོ་བྲི་ཤུལ་གྱིས་ས་སྙིང་གསེར་གྱི་འབྱུང་ཁུངས་ཡིན་ཟེར[5]ཞིང་། ཡུལ་འདིའི་ཐོག་མའི་མིང་ལའང་གསེར་གླིང[6]ཞེས་འབོད་ལ། དེ་ནས་བར་དུ་ཞང་ཞུང་དང་མཐའ་མར་མངའ་རིས་ཞེས་རིམ་བཞིན་དུ་ས་མིང་ལ་འགྱུར་བ་བྱུང་བ་ནའང་། གནའ་བོའི་ཡུལ་གསེར་གླིང་ཞེས་པ་ད་ལྟའི་མངའ་རིས་ཀྱི་ས་ཁོངས་སུ་ཡོད་པས། མངའ་རིས་གསེར་གླིང་ཞེས་བརྗོད་ནས་རིམ་པས་རྒྱུན་འབྱམས་སུ་སོང་བ་མིན་ནམ་སྙམ། དེ་དག་ལས་གསེར་སྔོག་པའི་ཁུང་ཤུལ་ལ་ཁྲོག་རོ་དང་ཁྲོག་ཁྲོག[7]ཅེས་ཟེར་བ་ནི་གནའ་བོའི་ཞང་ཞུང་གི་བརྡ་རྙིང་པ་ཡིན་པས་ཕྱོགས་གང་ཐད་ནས་བལྟས་ཀྱང་། གྲོག་མས་གསེར་སྔོག་ས་ནི་གནའ་བོའི་ཞང་ཞུང་རྒྱལ་ཁམས་ཏེ་ད་ལྟའི་མངའ་རིས་ས་ཁུལ་གཙོ་བོར་བྱས་པའི་ཡུལ་གྲུ་འདི་ཡིན་པར་འདོད་ལ། ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་ནས་ཀྱང་བོད་རིགས་ས་ཁུལ་འདིར་གསེར་སྔོག་འདོན་དང་གསེར་ཆས་སོགས་བེད་སྤྱོད་བྱེད་བཞིན་པ་མངོན་སུམ་གྱིས་གྲུབ་བོ། །
       «ཐང་ཡིག་རྙིང་མ»ཡི་ལེའུ196པའི་ནང་དུ་ཐུ་བྷོད་ལ་གསེར་དང་དངུལ་ཟངས་སོགས་རིན་ཆེན་གཏེར་ཁ་མང་བ་སྐབས་དུ་མར་གསུངས་ཡོད་པ་དང་། དེང་རབས་ཀྱི་ས་རིམ་བརྟག་དཔྱད་ལྟར་ན་ལྕགས་རིགས་སོགས་ས་རིམ་གྱི་གྲུབ་ཆ་མང་པོ་ལས་གསེར་གྱི་གྲུབ་ཆ་ནི་ཆེས་ཉུང་བའི་ཁར་སུམ་ཆའི་གཉིས་རྒྱ་མཚོའི་གཏིང་ན་ཡོད་པས་མི་རྣམས་ཀྱི་སྤྱོད་ཡུལ་དུ་འགྱུར་དཀའ་བར་གསུངས་ཡོད་པས། བོད་རིགས་ས་ཁུལ་འདིར་གསེར་མང་བ་ནི་སྔར་མཚོ་བྲི་བའི་ཤུལ་ཡིན་པ་དང་གསེར་ལྡན་ཆུ་བོ་མང་བ་དང་ཡང་འབྲེལ་བ་ཡོད་པར་སེམས། འོ་ན་གསེར་དངུལ་སོགས་བོད་ཀྱི་མེས་པོ་རྣམས་ཀྱིས་གང་གི་དུས་ནས་བཀོལ་ཅིང་སྤྱད་ཡོད་ཟེར་ན། སྐུ་ཞབས་རེན་ནའེ་ཆང(任乃强)གིས་བོད་ཀྱི་མེས་པོ་རྣམས་ཀྱིས་ལྕགས་རིགས་ཀྱི་ཐོག་མར་རི་དྭགས་རྔོན་བྱེད་དེ་རྡེག་བྱེད་ཀྱི་གསེར་རྡོ་འཇམ་པོར་བརྡར་བ་བེད་སྤྱད་ཡོད་པར་འདོད་ལ།[8] དུས་རབས་བཅུ་གཅིག་པའི་ཡས་མས་སུ་བརྩམས་པར་སྙམ་པའི་མངའ་རིས་མཐོ་ལྡིང་ནུབ་རིའི་ཕུག་པ་ནས་གསར་དུ་རྙེད་པའི་ཡིག་རྙིང་ཞིག་ཏུ། འཛངས་ཀྱི་བདུན་ལས་གཅིག་ཏུ་འཛངས་པ་ནི། འགྲེང་གི་བུ་རུ་ལས་སྐྱེས་ཡིན་ཏེ། དེས་འཛངས་ཀྱི་ལས་ཅི་བྱུང་ན། རྡོ་ལས་སོལ་བས་བཞུས་ནས་ཟངས་ལྕགས་གསེར་དངུལ་བྱས[9]ཞེས་དང་། པཎྜི་ཏ་གྲགས་པ་རྒྱལ་མཚན་གྱིས་རྒྱལ་པོ་རུ་ལས་སྐྱེས་འདིའི་རིང་ལ་གསེར་བྱེད་པ་དང་། དངུལ་བཞུ་བ། ཟམ་པ་འཛུགས་པ་སོགས་བྱེད[10]ཅེས་གསུངས་པ་རྣམས་ལས་ཀྱང་དེ་དུས་གསེར་དངུལ་བཞུ་སྦྱང་སོགས་ཀྱི་ལས་བྱེད་བཞིན་པ་ཤེས་ཐུབ་པས། སྐབས་དེར་ཐོག་མའི་འགོ་ཚུགས་ཟེར་བ་ནི་མ་ཡིན་ནོ། །དེ་ལྟར་དུས་དེར་བོད་རིགས་ས་ཁུལ་དུ་གསེར་དངུལ་ཟངས་ལྕགས་བེད་སྤྱོད་པར་མ་ཟད་དེ་དག་གི་བཞུ་སྦྱང་བཟོ་རྩལ་ནི་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པ་ཤེས་ཐུབ། ལྷ་སའི་ཆུ་གོང་གནའ་ཤུལ་ནས་ཐོན་པའི་ལི་ཡི་མེ་ལོང་ལྕགས་ཡུ་ཅན་དེ་ནི་རྡོ་ཆས་གསར་མའི་དུས་མཇུག་དང་ལྕགས་རིགས་སྤྱོད་པའི་དུས་སྐབས་སྔ་མ་སྟེ་ཕལ་ཆེར་ལོ3500གོང་གི་ཡིན་པ་སོལ་འགྱུར14བརྟག་འབྲས་ལས་གཏན་འཁེལ་བྱས་པ་ཡོད་ན། འགྲེང་གི་བུ་རུ་ལས་སྐྱེས་ཕར་ཞོག་རྒྱལ་པོ་གཉའ་ཁྲི་བཙན་པོའི་དུས་ལས་ཀྱང་ལོ་ཆིག་སྟོང་གི་གོང་ལ་ཟངས་དང་ལྕགས་སོགས་བཀོལ་སྤྱོད་བྱས་པ་ར་སྤྲོད་བྱེད་ཐུབ།
       «འཛམ་གླིང་ཡུལ་བཤད»(《世界境域志》/Ḥudūd al-‘Ālam)ཅེས་པའི་ལེའུ་བཅུ་གཅིག་པར་སྤུར་རྒྱལ་དང་དེའི་མངའ་ཁོངས་ཀྱི་ཡུལ་གྲོང་སིལ་མའི་སྐོར་བཤད་སྐབས། སྤུར་རྒྱལ་གྱི་ཡུལ་གྲུ་འདིར་གསེར་གྱི་གཏེར་ཁ་ཡོད་ལ། གླ་རྩི་དང་ཝ་ནག་པོ། ཨོག་དཀར་གྱི་པགས་པ། བསེ་རུའི་རྭ་བཅས་ཀྱི་རིགས་ཀྱང་འབོར་ཆེན་ཐོན་བཞིན་ཡོད། ཡུལ་ཁམས་འདིར་མི་རྒོད་ཅིང་མཛའ་འབྲེལ་བྱེད་མཁན་གྱི་རིགས་ཤིན་ཏུ་ཉུངས་ལ། སྤུར་རྒྱལ་བཙན་པོ་ནི་ཀུན་གྱིས་ཚད་མར་བཀུར་ཞིང་། ཁོང་ཉིད་ལ་སྟོབས་རྩལ་དྲག་ཏུ་འབར་བའི་དམག་དཔུང་དང་མཚོན་ཆ་འབོར་ཆེན་ཡོད། བོད་མིའི་ཁྱད་མཚར་བའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ནི་མི་སུ་ཞིག་ཡུལ་གང་དུ་ཕྱིན་ཀྱང་དེ་ནས་གྱེས་པའི་བར་དུ་གདོང་གི་འཛུམ་མདངས་མོལ་ལེ་བར་ཡལ་བ་མེད་པ་དང་སེམས་ཀྱི་སྤྲོ་སྣང་ཡལ་ལེ་བར་འགྱུར་བ་མེད་པ་ཞིག་ཡིན། བཤད་རྒྱུན་ལ་རི་བོའི་སུལ་ན་གསེར་གྱི་གཏེར་ཁ་ཡོད་ལ། གསེར་ལུག་མགོ་ཙམ་མང་པོ་གཅིག་ཏུ་བསྒྲིལ་བ་ལྟ་བུ་མང་ཞིང་། མི་སུ་ཞིག་གིས་རྙེད་ཀྱང་རང་ཡུལ་དུ་ཁྱེར་ཆོག གལ་ཏེ་གསེར་འདི་དག་ཁུར་ནས་རང་ཁྱིམ་ལ་སླེབས་ཚེ་ཐོག་མར་འདུར་ལྷ་ཞིག་འབེབས་དགོས་ཤིང་། དེའི་བཀོད་སྒྲིག་ལྟར་གསེར་རྣམས་སྔོན་གྱི་སར་བསྐྱལ་དགོས་པའང་ཡོད་སྲིད[11]ཅེས་འཁོད་འདུག
       གོང་གསལ་གྱི་གནའ་དེང་ཕྱི་ནང་གི་དཔྱད་ལུང་མང་པོ་ལས་ང་ཚོར་ངེས་བསྐྱེད་གསལ་པོ་ཞིག་ཡོད་པ་ནི། བོད་ཀྱིས་གནའ་སྔ་མོ་ཞིག་ནས་གསེར་དངུལ་གྱི་གཏེར་འདོན་པ་དང་། བཙོ་སྦྱང་བྱེད་པ། ཅ་དངོས་བཟོ་བ་སོགས་ལོ་རྒྱུས་ཀྱི་འཕེལ་རིམ་རབ་དང་རིམ་པ་བརྒྱུད་ནས། དུས་རབས་དྲུག་པ་ནས་བདུན་པར་སླེབས་དུས་གསེར་གྱི་སྤྱོད་སྒོ་ཡངས་ཤིང་བཟོ་རྩལ་གྱི་ཆུ་ཚད་ཀྱང་མཐོན་པོར་སླེབས་ཡོད་པར་མ་ཟད། བོད་ཀྱི་དབུས་དང་ཞང་ཞུང་སུམ་པ་ཕར་ཞོག མཐའ་སྐོར་གྱི“རྒྱ་གར་ནག་དང་། གུ་ལང་། ཐོ་གོར་གར་ལོག མངའ་རི་ཏྲེ་ནག་ཁམས། སྒ་འབྲི། མི་ཉག ལི་ཆུ་སོགས་ནས”[12]གསེར་བྱུང་ཞིང་། འབངས་ལ་གསེར་ཁྲལ་མང་པོ་བསྡུས་མྱོང་ངོ་། །དེ་ལྟ་ནའང་བོད་མིས་གནས་རི་དང་ཀླུ་མཚོ་སོགས་སུ་ས་རྐོ་བ་དང་ཤིང་གཅོད་པ། རྡོ་སློག་པ། གསེར་དངུལ་སོགས་ཀྱི་གཏེར་ཁ་གང་འདོད་དུ་སྔོག་པ་སོགས་ཀྱི་ལས་མི་བྱེད་ལ། ས་འོག་གཏེར་གྱིས་གང་ན་ས་སྟེང་རྒྱུ་ཡིས་ཁེངས་ཟེར་ནས་ས་དཔྱད་བཟང་བའི་རི་ལུང་དང་གཙང་པོ། མཚོ། མཚེའུ་བཅས་སུ་ལྷ་དང་ཀླུ་གནས་པར་སེམས་ནས་ས་མིག་ལ་གཏེར་སྦེད་སྲོལ་ཡོད། གལ་ཏེ་གསེར་དངུལ་སོགས་རིན་པོ་ཆེའི་གཏེར་བཏོན་ནའང་བཏོན་པའི་ཤུལ་དུ་སྐུ་གསུང་ཐུགས་རྟེན་དང་འབྲུ་སྣ་སོགས་ཀྱིས་ཁ་བཀང་བ་ནི་གེ་སར་རྒྱལ་པོས་མངའ་རིས་གསེར་རྫོང་དང་བྱེ་རི་གསེར་རྫོང་ཕབ་པའི་སྐབས་སུ་གསལ་བ་བཞིན་ཡིན་ཏེ། རི་དང་ཆུ་ལ་ལྷ་ཀླུ་གནས་པ་སོགས་རང་བྱུང་ཁམས་ལ་དད་མོས་ཀྱི་འདུ་ཤེས་ཀྱི་དབང་གིས་རང་རང་གནས་སའི་ཁོར་ཡུག་ལ་གནོད་པ་མི་གཏོང་བར་ས་བཅུད་སྲུང་ཞིང་སྐྱོང་བ་དེའང་རྒྱུ་མཚན་མེད་པ་ཞིག་དང་ལུགས་སྲོལ་ངན་པ་ཞིག་མིན་པར་སེམས་སོ། །
གཉིས་པ། བོད་དུ་གསེར་དངུལ་གྱི་ཅ་དངོས་ལ་གཅེས་སྤྲས་ཆེ་ཞིང་སྤྱོད་སྒོ་ཡངས་པའི་སྐོར།
       དེ་ཡང་བོད་པ་རྣམས་ནི་གསེར་དངུལ་གྱི་ཅ་དངོས་ལ་དགའ་ཞེན་ཆེ་ཞིང་གཅེས་སྤྲས་ཤིན་ཏུ་ཆེ་བ་ལ། བོད་རྣམས་གསེར་དངུལ་གྱི་རྒྱན་ཆས་ལ་གཅེས་སྤྲས་ཆེ་བ་དང་གཅིག རྒྱ་བོད་སོགས་མཐའ་འཁོར་གྱི་རྒྱལ་ཁམས་དང་མི་རིགས་བར་མཛའ་འབྲེལ་ལ་གསེར་དངུལ་གྱི་སྐྱེས་འབུལ་བ་དང་གཉིས། གསེར་དངུལ་གྱིས་སྐུ་གསུང་ཐུགས་རྟེན་བཞེངས་པ་དང་གསུམ། རྒྱ་གར་གྱི་པཎྜི་ཏ་གདན་འདྲེན་པ་དང་ཆོས་ཀྱི་གདམས་ངག་ཞུ་བ་སོགས་ལ་གསེར་དངུལ་གཏོང་བ་དང་བཞི། གསེར་དངུལ་ནི་དཔོན་པོའི་གཟེངས་བསྟོད་དང་སྨན་དུ་བསྟེན་པ་དང་ལྔ། གསེར་དངུལ་གླ་རྩིས་ཚོང་ལམ་ཕྱེ་བ་དང་གསེར་དངུལ་ལ་བརྟེན་ནས་འཇལ་ཚད་གཏན་འཁེལ་བ་དང་དྲུག་བཅས་ཡོད་དེ། ཚུལ་དེའི་ཕྱོགས་ནས་རེ་རེ་བཞིན་བཀྲལ་ན་གཤམ་གསལ་ལྟར།
       གཅིག བོད་པ་རྣམས་ནི་གསེར་དངུལ་གྱི་རྒྱན་ཆས་ལ་གཅེས་སྤྲས་ཆེ་ཚུལ། དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བོད་རྣམས་གསེར་དངུལ་གྱི་རྒྱན་ཆ་ལ་གཅེས་སྤྲས་ཆེ[13]ཞེས་གསུངས་པ་བཞིན། ལྕགས་རིགས་སྣ་ཚོགས་ལས་རིན་ཆེན་དང་པོར་འདྲེན་པའི་གསེར་ནི་གནའ་སྔ་མོ་ནས་མིའི་རིགས་ཀྱི་འདོད་ཧམ་དང་དགའ་མོས་ཀྱི་ལོ་རྒྱུས་དང་དམ་དུ་འབྲེལ་ཡོད་དེ། ས་གཤིས་གཏེར་ཁུངས་དང་། ལག་ཤེས་སྒྱུ་རྩལ། ཆོས་ལུགས་དད་མོས། སྤྱི་ཚོགས་ཁྲིམས་སྲོལ། ཆབ་སྲིད་དབང་ཤུགས། གཏང་རག་མཆོད་བསྟོད། ཚོང་ཟོང་བརྗེ་རེས་སོགས་མིའི་རིགས་ཀྱི་རིག་གནས་མང་པོ་ཞིག་དང་འབྲེལ་ཡོད་དེ། རྒྱལ་པོ་ཕན་ཚུན་དབར་གསེར་གྱི་སྐྱེས་འབུལ་བ་དང་། ལྷ་བླ་མ་ཡེ་ཤེས་འོད་བླུ་བར་གསེར་མི་ལུས་ཙམ་བསྡུས་པ། གསེར་ཕུལ་ནས་གདམས་ངག་ཞུས་པ། མཛེས་འཕྱོར་རྒྱན་དུ་གསེར་སྤྲས་པ། གསེར་སྔོག་འདོན་བྱས་ཤིང་ཅ་དངོས་བཟོས་པ་སོགས་ལོ་རྒྱུས་དེབ་ཐེར་ཁག་ཏུ་གསལ་ལ། རྣོ་ལྕགས་ཀྱིས་ཕ་རོལ་རྒོལ་བའི་མདའ་མདུང་གྲི་གསུམ་དང་ཁྲབ་རྨོག་འཁོར་གསུམ་བཟོ་ཐུབ་པར་མ་ཟད། དེང་གི་དུས་ན་གནམ་ལ་འཕུར་བ་དང་ས་ལ་རྒྱུག་པ། མཚོ་ལ་གཏོང་བ་སོགས་རྣོ་ལྕགས་ཀྱིས་བྱས་ཤིང་། དེ་ནི་གསེར་ལས་ཀྱང་ཕན་ཆེ་བ་དང་སྤྱོད་སྒོ་ཡངས་ནའང་། རྣོ་དང་ཟངས་ལྕགས་སོགས་གཡའ་དང་བཙའ་ཡིས་གོས་པ་སླ་ཞིང་མདོག་འགྱུར་སླ་བ་ཡིན། དེ་ལས་ལྡོག་སྟེ་གསེར་ནི་ཚ་གྲང་དང་སྐམ་བརླན་གང་ལ་འཕྲད་པའམ་བསྲེག་བཅད་བརྡར་གསུམ་ཇི་ལྟར་བྱས་ཀྱང་རང་མདངས་མི་འགྱུར་སེར་ལམ་མེར་བརྟན་པ་དང་མིའི་རིགས་ཀྱིས་ལྕགས་རིགས་ཐམས་ཅད་ལས་ཆེས་སྔ་བར་བེད་སྤྱོད་བཏང་བ་ཞིག་ཀྱང་ཡིན་པས། དེ་ལ་མི་རྣམས་ཀྱི་འདུན་པ་དང་བློ་གྲོས་སོགས་འདྲེས་ཡོད་པ་ཤེས་སླ།
       གཉིས། རྒྱ་བོད་སོགས་མཐའ་འཁོར་གྱི་རྒྱལ་ཁམས་དང་མི་རིགས་བར་མཛའ་འབྲེལ་ལ་གསེར་དངུལ་གྱི་སྐྱེས་འབུལ་ཚུལ། ལོ་རྒྱུས་དེབ་ཐེར་རྙིང་པ་ཁུངས་ཐུབ་རྣམས་ལ་གཞི་བཅོལ་ནས་བཤད་ན། དུས་རབས་བདུན་པའི་དུས་འགོ་ནས་བཟུང་རྒྱ་བོད་མི་རིགས་གཉིས་ཀྱི་བར་ལ་གཉེན་འབྲེལ་ཐེངས་གཉིས་བརྒྱུད་ནས་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་། བཟོ་དང་ཚོང་སོགས་རིག་གནས་བརྗེ་རེས་ཀྱི་སྲོལ་རྒྱུན་ལེགས་པོ་ཞིག་དར་ཡོད་ལ། ཕན་ཚུན་བར་ཕོ་ཉ་མངགས་ནས་རྒྱལ་པོ་ཁྲི་འདོན་དང་བར་འདུམ་བྱེད་པའམ། ཡང་ན་གལ་ཆེ་བའི་དུས་སྟོན་དང་རྒྱལ་པོ་གྲོངས་པ་སོགས་དུས་འགངས་ཆེན་སོགས་ཀྱི་སྐབས་སུ་གསེར་དངུལ་གྱི་སྐྱེས་དང་འཚམས་ཞུ་ཕུལ་སྲོལ་ཡོད་དེ། དེ་ལ«ཐང་ཡིག་གསར་རྙིང»དུ། “སྲོང་བཙན་གྱིས་གྲུ་གུ་དང་འ་ཞ་ལ་ཀོང་ཇོ་རེ་ཐོབ་པའི་གཏམ་གསན་ཏེ།……ཕོ་ཉ་མངགས་ནས་གསེར་ཁྲབ་ཅིག་སྐྱེས་སུ་ཕུལ་ནས་ཀོང་ཇོ་སློང་ཞིང་།……དེར་བློན་ཆེན་སྟོང་བཙན་མངགས་ནས་གསེར་སྲང་སྟོང་ལྔ་དང་། རིན་པོ་ཆེའི་རྒྱན་སྣ་ཚོགས་རིན་དུ་ཕུལ”[14]ཞེས་དང་། ཡང་ཐང་ཀའོ་ཙུང་ཁྲི་ལ་བཞུགས་པའི་སྐབས་སུ་“གསེར་གྱི་ཡོ་བྱད་སྣ་བཅོ་ལྔ་ཙམ་ཐེ་ཙུང་གི་བང་སོ་ཀྲའོ་ལིན་ལ་ཕུལ།”[15]ཞེས་གསལ་བ་བཞིན་ནོ། །དེར་མ་ཟད་གོང་མ་ཐའེ་ཙུང་ལ་བློན་པོ་མགར་མངགས་ནས་སྐྱེས་སུ་གསེར་གྱི་ངང་པ་ཞིག་ཀྱང་ཕུལ་ཡོད་དེ། གོང་མས་ལེ་བོ་ཡུལ་བཏུལ་ཏེ་ཕྱིར་ཕེབས་པ་ན། ཕོ་ཉ་མགར་སྟོང་བཙན་མངགས་ནས་མཐོ་ཚད་ལ་ཁྲུ་བདུན་ཡོད་ཅིང་། ནང་དུ་ཆང་བྲེ་གསུམ་ཤོང་བའི་གསེར་གྱི་ངང་པ་ཞིག་ཕུལ་བ། གནམ་གྱི་སྲས་ནས་རུ་སྣ་དྲངས་ཏེ་ལེ་བོ་གཙང་ཆེན་བརྒལ། མཁར་རྫོང་གཏོར་ཏེ་རྣམ་པར་རྒྱལ་ནས་མགྱོགས་པར་ཕྱིར་ཕེབས་པ་ལ། བྱ་ཁྲུང་ཁྲུང་ཡིན་ཡང་དེ་འདྲའི་མྱུར་ཚད་མེད། ངང་པ་ནི་དེ་འདྲའི་རྩལ་མེད་ཀྱང་ཁྲུང་ཁྲུང་གི་རིགས་སུ་མཐུན་པས་གསེར་གྱི་ངང་པ་ཞིག་ཕུལ་བ་ཡིན།[16] སྤྱི་ལོ658ལོར་“གསེར་ཕོར་དང་གསེར་ཆས་སོགས་ཕུལ་ནས་སླར་ཡང་གཉེན་འབྲེལ་ཞུས།”[17]ཞེས་གསལ།
       ཁྲི་ལིན(ལ་དམར་ཟེར་བ་མིན་ནམ་སྙམ།)གྱི་རྡོ་རིང་བཙུགས་པའི་ཕྱི་ལོར་“བྷོད་ནས་རིན་པོ་ཆེའི་རྒྱན་བརྒྱ་ཕྲག་ལྷག་ཕུལ་བ་རྣམས་ཤིན་ཏུ་ངོ་མཚར་ཆེ་བས། གོང་མའི་ལུང་ལྟར་དེ་རྣམས་ཐིས་ཞང་མཁར་སྒོ་ནས་བཤམས་སྟོན་ཀྱང་བྱས།”[18] རྒྱ་ནག་གོང་མས་ཐུ་བྷོད་དུ་ཕོ་ཉ་མངགས་ཏེ་གྱིམ་ཤིང་ཀོང་ཇོ་མཇལ་བ་དང་། བྷོད་ཀྱི་བཙན་པོར་འདུམ་བྱེད་པར་གྲོས་བགྱིས་པར་སླེབས་དུས། ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་རྗེ་ཐང་ཤན་ཙུང་ལ“གསེར་གྱི་བུམ་པ་གཅིག་དང་། གསེར་སྡེར་གཅིག གསེར་ཕོར་གཅིག མ་ནུ་ཧུའི་ཕོར་བ་གཅིག ཕྲུག་འཐག་མགོ་གཅིག་བཅས་བསྐུར་བ་”[19]དང་། “གྱིམ་ཤིང་ཀོང་ཇོ་རང་ངོས་ནས་ཀྱང་གོང་མ་ལ་གསེར་གྱི་ངང་པ་དང་ གསེར་གཞོང་། གསེར་སྡེར་སོགས་སྐྱེས་སུ་ཕུལ།”[20] བོད་ཀྱི་དེབ་ཐེར་དུའང་འདི་ལྟར་བྱུང་ཡོད་དེ། “ཐང་གི་བུ་མོ་སློངས་པ་ལ། དེ་རྒྱལ་པོ་སྲོང་བཙན་སྒམ་པོས། གསེར་གྱི་ཁྲབ་བསྐུར་བཏང་བ་ལ་མ་བྱིན་པས། བོད་དམག་འབུམ་ཕྲག་གཉིས་འཁྱེར་ནས། ཐུ་ལུ་ཧུན་བཅོམ་སྟེ་བཟུང་། དམག་རྣམས་ཕྱིར་ལོག དེ་ནས་ཡུན་རིང་པོ་ནས། བོད་ཀྱི་བློན་པོ་མགར་སྟོང་བཙན་ལ། གསེར་སྲང་སྟོང་ཚོ་ལྔ་དང་། རིན་པོ་ཆེའི་རིགས་མང་པོ་བསྐུར་ནས། བུ་མོ་སློང་དུ་བཏང་པས། ཐའི་ཛུང་གི་སྲས་མོ། ཝུན་ཤིང་ཀོང་ཇོ། །ལྕགས་མོ་བྱའི་ལོ་ལ་ཕྱིན།”[21]ཞེས་དང་། “སྔོན་ལ་བློན་པོ་མགར་དང་། ཐོན་མི་ཆུང་གིས་མགོ་བྱས། རྟ་པ་བརྒྱ་ལ། གསེར་གྱི་དོང་ཙེ་བརྒྱ་དང་། གསེར་གྱི་བང་པ་བདུན། གླང་པོ་ཆེ་གསེར་གྱི་དྲ་བས་གཡོགས། ལྷའི་རིན་པོ་ཆེས་སྤྲས་པ་གཅིག གསེར་ཕྱེ་བྲེ་ཕྱེད། ཡི་གེ་བཅུག་པའི་གསེར། དངུལ། ཟངས་གསུམ་གྱི་སྒྲོམ་བུ་དང་བཅས་པ་བསྐུར། བསླབ་ཆ་བྱས་ནས། སྟོན་ཟླ་ར་བའི་ཚེས་བརྒྱད། སྐར་མ་ནམ་པོའི་ཉི་མ་རྩེ་ཤར་ལ། བལ་པོའི་ལྷ་གཅིག་སློང་པ་ལ་རྫངས་སོ། །”[22]ཞེས་བཀོད་ཡོད་པ་བཅས་སོ། །
       གསུམ། གསེར་དངུལ་གྱིས་སྐུ་གསུང་ཐུགས་རྟེན་བཞེངས་ཚུལ། སྔར་རྒྱལ་པོའི་བཀའ་ཤོག་སོགས་མཐིང་ཤོག་ལ་གསེར་གྱི་ཡི་གེ་འབྲི་བའི་སྲོལ་ཡོད་དེ། “བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། ཤོག་བུ་མཐིང་ག་ལ་གསེར་གྱིས་བྲིས་ནས། གསེར་གྱི་སྒྲོམ་བུར་བསྩལ་པའི་བཀའ་གཙིགས་ཀྱི་ཡི་གེ”[23]ཞེས་གསལ། དེ་བཞིན་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཡར་ཀླུངས་གཉགས་བན་ཛྙ་ན་ཀུ་མ་ར་དང་ལོ་ཙཱ་བ་ཅོག་རོ་ཀླུ་ཡི་རྒྱལ་མཚན། ཨ་ཙརྱ་རིན་ཆེན་མཆོག་སྟེ་མི་གསུམ་ལ་གསེར་ཕྱེ་གླ་བའི་རླིད་བུ་གང་བརྫངས་ནས། དངུལ་ལ་གསེར་གྱིས་བྲིས་པའི་ཡི་གེ་དང་བཅས་རྒྱ་གར་ཆོས་སྐྱོང་ངྷརྨ་ར་ཛའི་དྲུང་དུ་པཎྜི་ཏ་བི་མཱ་ལ་མི་ཏྲ་གདན་འདྲེན་དུ་བཏང་བར་བཤད་ཅིང་།[24] སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་རྒྱལ་བླ་རྦ་བཞེད་ཅེས་པའི་ཡིག་ཚང་གསུམ་ཁ་སྐོང་ཞེས་པ་ཕལ་ཆེར་ལྟར་ན་སློབ་དཔོན་པདྨ་འབྱུང་གནས་ཀྱིས་“པེ་ཧར་དམ་ལ་བཏགས་ཤིང་ཀླུ་མགྲོ[?]གཟི་ཅན་སོགས་བཏུལ་པས་གསེར་ཁུང་གླང་སྣ་ནས་གསེར(དྲེའུ་ཁལ༡༤)བརྡོལ་པ་བསམ་ཡས་བཞེངས་པའི་ཆ་རྐྱེན་དུ་དེས་བྱིན་”[25]ཞེས་གསུངས་ཡོད། འདི་དག་ལ་གཞིགས་ན། བོད་བཙན་པོའི་དུས་ནས་ཤོག་བུ་བཟོ་ཤེས་པར་མ་ཟད་མཐིང་ཤོག་དང་དངུལ་ཤོག་བཟོས་ནས་གསེར་ཡིག་དང་དངུལ་ཡིག་འབྲི་བཞིན་ཡོད། དེ་བཞིན་བོད་སིལ་བུར་འཐོར་བའི་རྗེས་ཀྱི་ཚུན་ལ་གྲུབ་མཐའ་མང་པོ་བྱུང་བ་དང་། དགོན་སྡེ་གཙུག་ལག་ཁང་མང་པོ་བཞེངས་པ་དང་བསྟུན་ནས་གསེར་དངུལ་སོགས་ཀྱིས་བཞེངས་པའི་གསུང་རབ་ཀྱང་དུས་རབས་མི་འདྲ་བ་དང་ས་ཁུལ་སོ་སོར་རི་བོའི་གཏོས་དང་མཉམ་པར་བཞེངས་ཡོད་ལ། གཙུག་ལག་ཁང་དང་དགོན་སྡེ་རྣམས་ཀྱི་བཟོ་སྐྲུན་དང་གསེར་ཏོག་རྒྱ་ཕིབས། ལྡེབས་རིས་དང་ཐང་ག སྐུ་བརྙན་གཙོས་པའི་སྐུ་གསུང་ཐུགས་རྟེན་སོགས་མང་པོ་བཞེངས་ཡོད་ཅིང་། སྒོས་སུ་ཕོ་བྲང་པོ་ཏ་ལའི་གསེར་གདུང་མཆོད་རྟེན་སོགས་མང་པོ་བཞེངས་པ་ལས་མཆོད་སྡོང་འཛམ་གླིང་རྒྱན་གཅིག་ཁོ་ནར་གསེར་སྤྱི་རྒྱ3721བཏང་ཡོད་པ་ལྟ་བུ་ཁོ་ནས་ཀྱང་བོད་རིགས་ས་ཁུལ་དུ་གསེར་དངུལ་ཕུན་སུམ་ཚོགས་པ་དང་བེད་སྤྱོད་རྒྱ་ཆེ་བ་མཚོན་ཐུབ།
       བཞི། རྒྱ་གར་གྱི་པཎྜི་ཏ་གདན་འདྲེན་པ་དང་ཆོས་ཀྱི་གདམས་ངག་ཞུ་བ་སོགས་ལའང་གསེར་དངུལ་མང་པོ་བཏང་ཚུལ། ཐོན་མི་སམ་བྷོ་ཊ་ལ་གསེར་ཕྱེ་བྲེ་གང་དང་གསེར་གྱི་པ་ཏྲ་སོགས་དངོས་པོ་གྱ་ནོམ་པ་གནང་ནས་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་བ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོའང་“གསེར་མང་དུ་བཀུར(བསྐུར་)ནས་བཏང་བས་དེ་རྣམས་རྒྱལ་པོའི་བཀའ་བཞིན་ལམ་དུ་རྐུན་མ་རི་དྭགས་སོགས་ལ་འཇིག(འཇིགས་)པ་མེད་པར་ཁ་ཆེར་བྱོན”[26]པ་རེད། དེ་བཞིན་དུ་སྒྲ་སྒྱུར་མར་པས་གསེར་མང་པོ་ཁུར་ནས་རྒྱ་གར་དང་བལ་པོར་སླེབས་ནས་གདམས་ངག་ཞུས་ལ། གར་ལོག་གི་རྒྱལ་པོས་ལྷ་བླ་མ་ཡེ་ཤེས་འོད་བཙོན་དུ་བཀག་པ་དང་དེ་བླུ་བའི་ཆེད་དུ་གསེར་མི་ལུས་ཙམ་བསགས་པ་རེད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་འདྲེན་པར་ཡང་གསེར་མང་པོ་བསྡུས་པ་སོགས་ལོ་རྒྱུས་དེབ་ཐེར་དུ་གསལ་བ་བཞིན་ཡིན་ཏེ། འགོས་ལོ་གཞོན་ནུ་དཔལ་གྱིས«དེབ་ཐེར་སྔོན་པོ»རུ་“བླ་ཆེན་འབྲོག་མིས་ང་པཎྚི་ཏ་རྫོང་པའི་གསེར་གྱིས་མ་ལྡངས་པས། ཁྱོད་ཀྱིས་གསེར་མང་པོ་ཁྱེར་ལ་ཤོག ངས་གདམས་པ་ཟབ་མོ་སྦྱིན་ནོ་ཟེར་བའི་བཀའ་འཕྲིན་བྱུང་བ་ལ། འབྱོན་པར་བཞེད་པའི་ཚེ་འཁོར་རྣམས་ཀྱིས་གཤོལ་ཀྱང་། བླ་མའི་གསུང་ཉིད་དངོས་གྲུབ་ཡིན་པས་འགྲོ་གསུང་ཞིང་། གནས་དེ་དང་ཧ་ཅང་མི་རིང་བའི་རི་སུལ་ཞིག་ཏུ་མི་མ་ཡིན་ལ་གསེར་བླངས་པས། གཞི་བདག་དེ་ན་རེ། གསེར་སྲོག་ཆགས་གཟུགས་ཅན་མ་བྱུང་གི་བར་དུ་གསེར་རྣམས་ལོང་ཞིག་ཅེས་ཟེར་ཞིང་ཕུལ་བས། ཁུང་བུ་གཅིག་ནས་གསེར་ཤིན་ཏུ་མང་བར་བྱུང་བའི་མཐར་གསེར་སྦལ་པ་འདྲ་བ་ཞིག་བྱུང་བ་དང་འཕྲོ་བཅད། མྱུ་གུ་ལུང་དུ་བྱོན་ནས་ལོ་ཙཱ་བ་ལ་གསེར་སྲང་བརྒྱའི་འཐུད་བྱས། སྟོན་གྱི་དུས་བེར་གྱི་ཐོག་ཏུ་ཚང་མ་འཁུར་བ་མཛད་པ་སོགས་གུས་པའི་སྤྱོད་ལམ་གྱིས་ཀྱང་མཉེས་པར་མཛད། བསམ་མི་ཁྱབ་ཀྱི་གདམས་ངག་གནང་”[27]ཞེས་གསུངས་ཡོད།
       ལྔ། དཔོན་པོའི་གཟེངས་བསྟོད་དང་སྨན་དུའང་གསེར་དངུལ་སྤྱོད་ཚུལ། བོད་ཀྱི་བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་དཔོན་པོའི་རྟགས་སུ་གཡུའི་ཡི་གེ་དང་། གསེར་གྱི་ཡི་གེ། ཕྲ་མེན་གྱི་ཡི་གེ། དངུལ་གྱི་ཡི་གེ་བཅས་ཟངས་སུ་བྱེད་ཅིང་རིམ་པ་བཞིན་ཆེ་ཆུང་དབྱེ་ཡོད་ཅིང་།[28] ལེགས་པའི་གཟེངས་བསྟོད་ཀྱི་བྱ་དགའ་ལ་གཡུའི་ཡི་གེ་དང་། ནོར་བུ་རིན་པོ་ཆེའི་ཡི་གེ་བསྩལ་ཡོད་ལ། “ཡིག་ཚངས་ནི་རབ་གསེར་གཡུ་གཉིས་འབྲིང་དངུལ་དང་ཕྲ་མེན་ཐ་མ་ཟངས་ཡིག་ལྕགས་ཡིག་སྟེ་དྲུག་པོ་རེ་རེ་ལ་ཆེ་ཆུང་གཉིས་ཕྱེ་བས་བཅུ་གཉིས་སོ། །དེ་ཡང་གུང་བློན་ཆེན་པོ་ལ་གཡུ་ཡིག་ཆེན་པོ་གནང་། གུང་བློན་འབྲིང་དང་ནང་བློན་ཆེན་པོ་ལ་གཡུ་ཡིག་ཆུང་ངུ་གུང་བློན་ཐ་ཆུང་དང་ནང་བློན་འབྲིང་བཀའ་ཡོ་གལ་འཆོས་པ་ཆེན་པོ་གསུམ་ལ་གསེར་ཡིག་ཆེན་པོ། ནང་བློན་ཐ་ཆུང་དང་བཀའ་བློན་འབྲིང་ལ་གསེར་ཡིག་ཆུང་ངུ་། བཀའ་བློན་ཐ་ཆུང་ལ་ཕྲ་མེན་གྱི་ཡི་གེ་གནང་། གཞན་ཡང་ཆོས་གྲའི་སློབ་དཔོན་སྐུའི་སྔགས་མཁན། སྟོད་སྨད་ཀྱི་དབང་བློན་རྣམས་ལ་དངུལ་གྱི་ཡི་གེ་ཆེན་པོ་བྱིན། སྐུ་འཚོ་བའི་བོན་པོ་གཟིགས་མལ་བརྩིགས་ཁབ་བྱང་ཐང་གི་ས་མཁན། མཐའི་སོ་ཁ་སྲུང་བ་དང་སྐུ་མཁར་གྱི་རྩེ་སྲུང་སོགས་ལ་དངུལ་ཡིག་ཆུང་བ། ཡབ་འབངས་རུས་དྲུག་སོགས་ལ་འཁར་བའི་ཡི་གེ སྟོང་དཔོན་རུ་དཔོན་སོགས་ལ་ཟངས་ཡིག གཡུལ་དུ་དཔའ་བ་ལ་ལྕགས་ཡིག ཡང་ཐ་ཤིང་སྐྱ་ཆུ་རིས་ཀྱི་ཡི་གེ་ནི་འབངས་ཕལ་པ་རྣམས་ལ་གནང་”[29]བ་ཡིན་སྟབས། སྔར་བཙན་པོའི་སྐབས་སུ་དཔོན་པོའི་ཐོབ་ཐང་དང་རིམ་པ་ལྟར་གྱི་ཡི་གེ་དང་། དཔའ་བོའི་རྟགས་སུའང་གསེར་དང་གཡུ། དངུལ། ཟངས་སོགས་ཀྱིས་གཟེངས་སུ་བསྟོད་པའི་སྲོལ་ཡོད་དོ། །
       དེ་ཡང་གསེར་གྱི་བཟའ་བཏུང་སྤྱོད་ཆས་བཀོལ་ན་ལུས་བདེ་ཚེ་རིང་ཞིང་གཞོན་དཔལ་སོས་པར་གྲགས་པ་བཞིན་གསེར་དངུལ་སོགས་གསོ་བྱེད་སྨན་དུའང་བསྟེན་ཏེ། «ཤེལ་གོང་ཤེལ་ཕྲེང»ལས། “གསེར་ནི་རོ་བསྐ་ཞུ་རྗེས་ཁ། །ནུས་བསིལ་དུག་སེལ་ཚེ་འཕེལ་ཡང་། །དུག་དང་ལྡན་པས་སྐྱེ་རྒྱུན་གཅོད། །”[30]ཅེས་གསེར་གྱིས་ཚེ་འཕེལ་ཞིང་རྒས་པ་གསོ་བ་དང་། དུག་སེལ་བ་སོགས་ཀྱི་ནུས་པ་ཡོད་པས་བོད་ཀྱིས་གནའ་སྔ་མོ་ནས་རྒྱན་ཆས་སུ་བྱེད་པར་དགའ་བར་མ་ཟད། ངོ་བོ་དུག་ཆེ་བ་ལ་བཏུལ་རྗེས་སྨན་དུ་ཁྱབ་ཆེ་བར་སྤྱད་པའང་མི་རིགས་གཞན་ལ་ཆེས་ཉུང་བའི་ཚུལ་དུ་འདུག གཞན་ཡང་གསེར་ཡུན་རིང་སྤྱད་པས། གསེར་བཟང་ངན་གྱི་དབྱེ་བ་སོགས་ཀྱང་གསལ་པོར་གསུངས་ཡོད་དེ། གསེར་ལ་དམར་པོ་དང་སེར་པོ་གཉིས་སུ་དབྱེ་ཡོད་ལ། དམར་པོ་ལ་ཛྷཻ་ཀྴིམ་ཞེས་ཀྱང་ཟེར། ཀུན་མཁྱེན་པུནྜ་རི་ཀས། “ཟི་ཁྱིམ་སིནྡྷུའི་ཆུ་ཀླུང་དག་གི་འགྲམ། །གསེར་བཞིན་ཆགས་པས་གསེར་དམར་ཡིན་པར་གྲགས། །འདི་ལ་ཀླུ་ཡི་རིན་ཆེན་སྣ་བདུན་པོ། །མ་ལུས་འདུས་པས་ཡིད་བཞིན་ནོར་བུ་འདྲ། །ཁ་དོག་ཆེར་དམར་ཞིབ་བརྟགས་འཇའ་འོད་སྣང་། །དུག་ཆུས་རེག་ན་དབང་པོའི་གཞུ་ཉིད་སྟོན། །”[31]ཞེས་གསུངས་ཡོད་པ་དང་། གསེར་སེར་པོ་ལ་མཆོག་དམན་གཉིས་ལས། མཆོག་ནི་ས་ལེ་སྦྲམ་ཞེས་པ་སྟེ། ཛམྦ་ཆུ་བོའི་གསེར་སྔ་མ་དང་རྒྱུ་མཚན་འདྲ། ཁ་དོག་དམར་སེར་གུར་གུམ་གྱི་མདོག་ལྟ་བུ་འོད་ཟེར་འཕྲོ་བ་ཤིན་ཏུ་སྣུམ་པ་དང་། ཕལ་པ་ལ་སེར་ལ་དམར་མདངས་ཅན་དང་། སེར་སྐྱ་སྔོ་མདངས་ཅན། སེར་སྐྱ་དཀར་ཤས་ཅན་རྣམས་འབྱུང་བ་རིམ་བཞིན་མཆོག་ནས་དམན་པར་བཤད་ཡོད་ལ། གསེར་ལ་ད་དུང་ཕྱེ་མ་དང་གཏེར་རྡོའི་གསེར་ཞེས་པ་དང་། ད་དུང་ཕུ་གུར་གྱི་གསེར་དང་། སྟགས་ཡག་གི་གསེར། གུ་ལང་གི་གསེར[32]ཞེས་ཐོན་པའི་ཡུལ་གྱི་སྒོ་ནས་ཀྱང་དབྱེ་བ་མི་འདྲ་བ་ཕྱེ་ཡོད་པ་ལྟ་བུའོ། །
       དྲུག གསེར་དངུལ་གླ་རྩིས་ཚོང་ལམ་ཕྱེ་བ་དང་གསེར་དངུལ་ལ་བརྟེན་ནས་འཇལ་ཚད་གཏན་འཁེལ་བྱས་ཡོད་ཚུལ། དེ་ཡང་བཙན་པོའི་དུས་སུ་བོད་དང་མཐའ་སྐོར་ས་ཁུལ་བར་གསེར་དང་གླ་རྩིའི་ཚོང་ལམ་ཡོད་ལ། ཚོང་འབྲེལ་ཡང་རྒྱུགས་ཆེ་བར་ཡོད་དེ། དཔེར་ན། “རྒྱ་ཇ་ཚོང་པ་ལ་སོགས་ཚོང་པ་ལྔ།”[33]ཞེས་པའང་རྒྱ་ནག་གི་ཇ་ཚོང་དང་། གྲུ་གུའི་གཡུ་ཚོང་། དྲུ་ཤའི་གྲི་ཚོང་། དར་ཚོང་། ཚྭ་ཚོང་སོགས་དང་། ད་དུང་བལ་པོ་དང་ཀསྨིར། ལི་ཡུལ་སོགས་ཀྱི་ཚོང་པ་རྣམས་ཀྱིས་ཀྱང་ཡུལ་ཕྱོགས་སོ་སོའི་ཇ་དང་གོས་ཆེན། གཡུ། བྱུ་རུ། ཨིནྡ་ནི་ལ། ཤིང་ཏོག རྒུན་ཆང་སོགས་ཁྱེར་ཡོང་ནས་བོད་དུ་བལ་དང་ཚྭ། གླ་རྩི། གསེར་སོགས་རང་རང་སར་བརྗེ་རེས་དང་བརྒྱུད་འདྲེན་བྱེད་བཞིན་ཡོད་ལ། གནའ་བོའི་གྷི་རིག་དང་རོམ། པར་སིག་སོགས་ཀྱི་མི་རྣམས་གསེར་འཚོལ་བའི་ཆེད་དུ་མུ་མེད་ཀྱི་བྱེ་ཐང་ལུང་སྟོང་བརྒྱུད་ནས། འཇིགས་པ་སྣ་ཚོགས་དང་བཀྲེས་སྐོམ་གྱི་ཉེན་ཁ་སེལ་ནས་གསེར་འཚོལ་བ་དང་། རྔ་མོང་གི་ཞོན་པ་ལ་བརྟེན་ནས་ཚོང་འབྲེལ་དང་རིག་གནས་སྤེལ་རེས་ཀྱི་ལམ་ཁ་གསར་པ་བཏོད་ཡོད།[34]
       བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། བོད་ཀྱིས་ཡང་བསྐྱར་དྲུ་ཤ་དབང་དུ་བཟུང་ཞིང་། དྲུ་ཤ་དང་དེ་དང་ཉེ་འབྲེལ་གྱི་སྦལ་ཏི་ཟི་ཐན(Baltistan)ནི་ཡུལ་ས་གནད་ཆེ་ཞིག་ཡིན་ཏེ། ས་ཁུལ་འདི་ནི་བོད་རྣམས་ཁར་ག་ནས་མིན་ཏ་ཁའི་ལ་ཉག་བརྒྱུད་ནས་ཀསྨིར་དང་རྒྱ་གར་གཙང་པོའི་གཞུང་རྒྱུད་ལ་འགྲོ་བའི་བགྲོད་ལམ་གཙོ་བོ་ཡིན་ལ། བྱང་རྒྱུད་ཐ་རམ་ཁུལ་གྱི་གྲུ་གུའི་ཚོ་ཁག་རྣམས་དང་ཨེ་ཤ་ཡའི་དཀྱིལ་མའི་ཨ་རབ་ཀྱི་མི་རྣམས་དང་ཐད་ཀར་དུ་འབྲེལ་བ་འཛུགས་ཐུབ།
       ད་ལྟའི་མཚོ་སྔོན་གྱི་དུར་ལམ་ཟེར་བ་འདིའང་གནའ་དུས་སུ་གཡུལ་ས་རྒྱ་ཆེ་བ་ཞིག་ཡིན་པར་མ་ཟད། ཚྭ་དང་དངོས་ཟོང་བརྗེ་བའི་ས་ཚིགས་ཤིག་ཀྱང་ཡིན་ཏེ། ཧི་མ་ལ་ཡའི་ནུབ་ཁུལ་གྱི་དབྱི་རན་དང་པར་སིག ཨ་རབ་སོགས་ཀྱི་ཚོང་པ་མང་པོས་གསེར་ཁུར་ནས་ཚྭ་ལ་བརྗེ་བའི་ཚོང་འབྲེལ་གྱི་ལོ་རྒྱུས་མང་ལ། ཚྭ་ཁ་ཞེས་པ་ནི་ཆེས་སྔ་མོའི་དུས་སུ་བྱུང་བའི་ས་མིང་ཞིག་ཡིན་པ་དང་། དེ་ནི་ཀུན་གྱིས་ཤེས་པའི་ས་ཆ་ཞིག་ཀྱང་ཡིན།
       དེ་ཡང«བཤད་མཛོད་ཡིད་བཞིན་ནོར་བུ»རུ། “རྒྱ་དང་བོད་ལ་གཉེན་པས་ན། །རྒྱའི་གཙུག་ལག་བོད་ལ་དར། །རྒྱའི་བཟོ་ཐབས་བོད་ལ་བྱུང་། །བོད་དང་བལ་བོ་གཉེན་པས་ན། །བལ་པོའི་གསེར་རྣམས་བོད་དུ་དར། །རྗེ་ཡིས་འབངས་སེམས་བསྐངས་པ་ན། །འབངས་ཀྱིས་རྗེ་ལ་ཞབས་ཏོག་ཞུས། །རྗེ་ཡིས་འབངས་ལ་ཡིག་ཚངས་གནང་། །ཧོར་དང་བོད་ནི་སྡེབས་པ་ན། །ཧོར་གྱི་མཚོན་ཆ་བོད་དུ་དར། །བོད་དང་གྲུ་གུ་གཉེན་པས་ཀྱང་། །གྲུ་གུའི་གཡུ་རྣམས་བོད་ལ་རྒྱན་དུ་དྲངས། །”[35]ཞེས་གསུངས་ཡོད་པས། སྐབས་དེར་མཐའ་འཁོར་མི་རིགས་ཕན་ཚུན་བར་རེས་འགའ་མཐུན་ཞིང་རེས་འགའ་འགྲས་པའི་སྐབས་ཡོད་ནའང་། མཛའ་འབྲེལ་གཉེན་དུ་གྱུར་པ་གཙོ་ཆེ་བས། འདི་ལ་བརྟེན་ནས་ཚོང་འབྲེལ་ཤུགས་ཆེ་རུ་ཕྱིན་པ་དང་སྲིད་འབྱོར་རིག་གསུམ་འཕེལ་ཞིང་རྒྱས་པར་བྱུང་བའང་མངོན་གསལ་ཡིན།
འདྲ་རིས་2-1: གསེར་སྒ་ཞུ་ལུབ་ཡི་གེ་ཅན།
       འདི་ནི་མཚོ་སྔོན་དུར་ལམ་ནས་ཐོན་པའི་བོད་བཙན་པོའི་དུས་ཀྱི་གསེར་གྱི་སྒ་བཤན་ཞིག་ཡིན་ལ། བོད་ཡིག་དབུ་ཅན་ཡི་གེ་ལ།༆། །སྒ་གསེར་གྱི་ཞུ་ལུབ་སྲང་སུམ་ཅུ་རྩ་ལྔ་དང་ཞོ་ཉིས་སྲབ□རྒྱན་དུ་ཨ་ལོང་གྱི་དངུལ་སྲང་ཕྱེད་དང་བཅུ་གཅིག་ཅེས་པའི་ཡི་གེ་བརྐོས་ཡོད་པ་ལས། སྲང་དང་ཞོ་དང་གྲངས་གནས་སོགས་ཡོད་པ་དང་དེ་ལ་གཤོར་འདེགས་འཇལ་བའི་ཚད་གཞི་བརྟན་པོ་ཡོད་པ་སོགས་གསལ་ལ། དེ་དུས་ཚོང་ཟོང་བརྗེ་རེས་ཀྱང་རིན་ཚད་འདྲ་མཉམ་པའི་ནོར་ཟོང་བརྗེ་བའི་རྣམ་པ་གཙོ་བོར་བྱས་ཡོད་ཅིང་། འཇལ་བའི་ཚད་དང་དངུལ་ཡོད་པའང་གཏན་འཁེལ་བྱས་ཆོག དངུལ་སྲང་ལ་འཇལ་ནས་ཚོང་ཟོང་གི་རིན་ཚད་གཞལ་བས་ད་ལྟའི་བར་དུ་སྒོར་མོ་ལ་དངུལ་ཞེས་རྒྱུན་འབྱམས་སུ་འབོད་ལ། བྲེ་དང་། སྲང་། ཕུལ། ཁྱོར། ཞོ། སེ། སྲན་སོགས་བཙན་པོའི་བཀའ་ལ་བཏགས་ཏེ། སྲང་ནི་འཇལ་བྱེད་ཀྱི་སྲང་ངོ་། །ཕུལ་ནི་བྲེའི་བཞི་ཟུར་རོ། །ཁྱོར་ནི་ལག་པའི་སྙིམ་པ་གང་ངོ་། །ཞོ་ནི་གསེར་ཞོ་གང་ངོ་། །སེ་བ་ནི་སེ་བ་གང་གི་ལྗིད་ཚད། བལ་སྲན་ནམ་མར་རུ་མགོ་ནག་ཟེར་བ་དེའི་གསེར་བཏེགས་པའི་ལྕི་ཚད་དོ་ཞེས་འདེགས་ཚད་དང་གཤོར་འཇལ་གྱི་ཚད་ཡོད་པར་མ་ཟད། དེ་དུས་གསེར་ཡང་སྲང་དང་ཞོ་སོགས་ལ་འཇལ་བའི་ཚད་ཡོད་དེ། དཔེར་ན་མགར་ལ་གསེར་སྲང་སྟོང་ལྔ་བསྐུར་ནས་རྒྱ་བཟའ་སློང་བར་བཏང་བ་དང་། ཐོན་མི་སོགས་ཀྱིས་གསེར་ཕྱེ་བྲེ་ཕྱེད་ཁྱེར་ནས་བལ་བཟའ་སློང་དུ་ཕྱིན། དེ་བཞིན་པཎྜི་ཏ་གདན་འདྲེན་དང་མན་ངག་ཞུ་བ་སོགས་ཀྱི་ཡོན་ལ་གསེར་སྲང་ལ་འཇལ་ནས་ཕུལ་བ་དང་། བོད་བཙན་པོའི་དུས་ཀྱི་གསེར་སྒ་ཞིག་གི་ཡི་གེར་ཡང་། སྒ་གསེར་གྱི་ཞུ་ལུབ་སྲང་སུམ་ཅུ་རྩ་ལྔ་དང་ཞོ་ཉིས་ཞེས་འབྱུང་བ་དང་། དངུལ་གྱི་བུམ་པ་ཞིག་གི་ཞབས་རའི་ཡི་གེ་(འདྲ་རིས་2-2)རུའང་། གཡུང་དྲུང་བརྟན་པའྀ་དཀོར་ཡ་རེ་ལ་སྲང་བཅུ་བཞྀ་ཞེས་དང་། ད་དུང་ཁྲིམས་ཀྱི་ཞལ་ལྕེ་རུ་གསེར་དང་དངུལ་སྲང་ལ་འཇལ་ནས་ཆད་བཅད་ཚུལ་སོགས་བོད་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་གསེར་དངུལ་གྱི་སྤྱོད་སྒོ་ཡངས་པ་དང་དགའ་དད་བློ་མོས་སོགས་ཀྱི་བསམ་པ་དང་འབྲེལ་བ་ཤིན་ཏུ་མང་ངོ་། །
འདྲ་རིས་2-2: དངུལ་གྱི་བུམ་པའི་ཞབས་རའི་ཡི་གེ།
གསུམ་པ། ལྷོ་ཁ་ཡར་འབྲོག་དང་མཚོ་སྔོན་དུར་ལམ་ནས་ཐོན་པའི་གསེར་དངུལ་གྱི་ཅ་དངོས་འགའ་བྱེ་བྲག་ཏུ་བཤད་པ།
       ཉེ་བའི་ལོ་འགའི་རིང་ལ་ལྷོ་ཁའི་ཡར་འབྲོག་དང་མཚོ་སྔོན་གྱི་དུར་ལམ་སོགས་ནས་གསེར་དངུལ་གྱི་ཅ་དངོས་མང་པོ་ཐོན་ཡོད་ནའང་། རྒྱལ་གཞུང་གི་གནའ་དཔྱད་རྟོག་ཞིབ་ཚན་པས་སྔོག་འདོན་བྱས་པ་རྣམས་ནང་མཛོད་ཀྱི་ཕུག་ཏུ་གཅེས་པར་ཉར་ནས་མཇལ་བའི་གོ་སྐབས་མི་རྙེད་མོད། གསང་སྟབས་ཀྱིས་རྐུན་འདོན་བྱས་པའི་ཅ་དངོས་མང་པོ་འཛམ་གླིང་ཡུལ་གྲུ་མང་པོར་སླེབས་ཡོད། དེ་ལྟ་ནའང་མི་རིགས་རིག་གནས་སྲུང་སྐྱོབ་དང་ཁྱབ་སྤེལ་གྱི་ཕུགས་འདུན་དང་བློ་སྤོབས་ཀྱིས་གོ་བགོས་པ་ཅན་འོ་ཚང་ཚོགས་ཆེན་སོགས་ཀྱིས་ཕྱི་ལ་ཡོད་པ་དངུལ་འབོར་ཆེན་པོས་ཚུར་ཉོས་པར་བརྟེན་གཞི་ནས་གསེར་དངུལ་གྱི་ཅ་དངོས་མང་པོར་དངོས་སུ་མཇལ་བའི་སྐལ་བ་ཐོབ་ཡོད། དེས་ན་འདིར་བདག་གིས་རྒྱལ་ཁབ་ཕྱི་ན་ཡོད་པའི་ཅ་དངོས་སྤུས་ལེགས་མང་པོའི་འདྲ་པར་ལག་ཏུ་ཆུད་པ་ལ་བརྟེན་ནས་བོད་བཙན་པོའི་དུས་ཀྱི་ཅ་དངོས་འགའ་ལ་བྱེ་བྲག་ཏུ་དཔྱད་པའི་བྱ་བར་ཞུགས་ན།
       གཅིག སྡེ་བཞིའི་གསེར་སྐྱེམས། སྡེ་བཞིའི་གསེར་སྐྱེམས་ནི་ཕལ་ཆེར་དུས་རབས་བདུན་པ་ནས་བརྒྱད་པའི་བར་དུ་ལྷོ་ཁ་ཡར་འབྲོག་ནས་ཐོན་པར་གྲགས་ཤིང་ད་ལྟ་ཨ་རིར་མི་སྒེར་གྱིས་ཉར་ཡོད། འདི་ནི་སྲིད་ན་ཆེས་དཀོན་པའི་རྒྱལ་པོ་ཆེན་པོ་སྡེ་བཞི་བཀོད་པའི་གསེར་སྐྱེམས་ཞབས་ཡུ་ཅན་ཞིག་སྟེ། བོད་དུ་གསེར་སྤུས་ལེགས་ཀྱིས་ལུགས་སུ་བཟོས། ཕོར་པ་དང་ཞབས་ཡུ་གཉིས་སུ་ཕྱེ་ཡོད་ལ། ཁ་ཟླུམ་ཞིང་ལྟོ་བ་ཅུང་ཟད་ཞུམ་པའི་ངོས་ལ་ཤར་ལྷོ་ནུབ་བྱང་གི་ཕྱོགས་བཞིར་རྒྱལ་པོ་ཆེན་པོ་བཞིའི་གཟུགས་བརྙན་འབུར་ཐོན་དུ་བྱས་འདུག་པ་དང་། རྒྱལ་པོའི་རྣ་ཆ་ལྟ་བུའི་གྲ་པ་ཟུར་བཞིའི་ནང་དུ་ཤིང་ལོ་རིས་ཀྱིས་བརྒྱན་ཅིང་། ཞབས་ར་ཡུ་བ་ལའང་ཤན་རིས་དང་དུང་ཕྲེང་། པདྨ་སྤུངས་པའི་རི་མོ་སོགས་ཀྱི་མཛེས་རིས་བཀོད་ཡོད།
འདྲ་རིས་3-1(1): སྡེ་བཞིའི་གསེར་སྐྱེམས།
འདྲ་རིས་3-1(2): སྡེ་བཞིའི་གསེར་སྐྱེམས་ངོས་ཀྱི་སྡེ་བཞིའི་རྒྱལ་པོ།
       དེ་ཡང་སྔོན་གྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་ཀུན་ལ་རླུང་ལྟར་གྲགས་པ་བཞིན་ཐུ་བྷོད་བཙན་པོའི་མཐའ་འཁོར་གྱི་རྒྱ་གར་ཆོས་ཀྱི་རྒྱལ་པོ་དང་། སྟག་གཟིག་ནོར་གྱི་རྒྱལ་པོ། གེ་སར་དམག་གི་རྒྱལ་པོ། རྒྱ་ནག་རྩིས་ཀྱི་རྒྱལ་པོ་རྣམས་ལ་རྒྱལ་པོ་སྡེ་བཞི་ཟེར་ཞིང་། སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོས་“ཤར་ན་རྒྱ་ནག་དང་། ཁྲི་བརྟན། ལྷོ་ན་རྒྱ་གར་དང་ཁ་ཆེ་གཉིས། ནུབ་ན་སྟག་སྡེ་དང་གཟིག་འཕན་གཉིས། བྱང་ན་ཁྲོམ་དང་གེ་སར་གཉིས། དབུས་ན་བོད་ཡུལ་གངས་ཀྱི་ར་བ་དགུ་ཟེར་ཏེ། འཛམ་བུའི་གླིང་གི་ས་ཚད་ཀྱི་ལྟེ་བ། བོད་གངས་ཅན་འདི་ཡིན་པར་འདོད་པ་ནི། ས་མཐོ། རི་མང་། གངས་ཆགས་ཆུ་བོ་ཐམས་ཅད་འདི་ནས་ཕྱིའི་མཐའ་རྣམས་ལ་འབབ་པའི་ཕྱིར་གྱི་འདི་ཉིད། སའི་དབུས་ལྟེ་བ་ཡིན་པར་འདོད་དོ། །”[36]ཞེས་གསུངས་ཡོད། བོད་བཙན་པོའི་རིང་དུ་རང་ལ་མཁོ་བའི་ཤེས་རིག་ཐད་ཤར་ཕྱོགས་རྒྱ་དང་མི་ཉག་ནས་བཟོ་གསོ་དང་ནག་རྩིས་སོགས་དྲངས། ལྷོ་ཕྱོགས་རྒྱ་གར་ཡུལ་ནས་དམ་པའི་ཆོས་ཀྱི་སྒྲ་རྣམས་བསྒྱུར་ཅིང་ཉམས་སུ་བླངས། ནུབ་ཕྱོགས་སྟག་གཟིག་དང་གྲུ་གུ་སོགས་ནས་ཟས་ནོར་ལོངས་སྤྱོད་ཀྱི་གཏེར་ཁ་ཕྱེ་ཞིང་བླངས། བྱང་ཕྱོགས་ཧོར་དང་ཡུ་གུར་ནས་དྲག་པོའི་ཁྲིམས་དང་ལས་ལ་གཞིགས་ཏེ་དེའི་དཔེ་སྲོལ་གཏོད་པས། སྐབས་འདིར་ཆང་ཕོར་གཅིག་གི་ངོས་སུ་ཕྱོགས་བཞིའི་རྒྱལ་པོ་ཆེན་པོ་སྡེ་བཞི་བཀོད་པ་འདི་ནི། སྐབས་དེ་དུས་བོད་ནི་ཕྱོགས་བཞིའི་རྒྱལ་པོ་དང་རྒྱལ་ཕྲན་ཐམས་ཅད་དང་མཛའ་ཞིང་འདྲིས་ཆེ་བ་དང་། རིག་གནས་དང་ཚོང་ཟོང་གི་བརྗེ་རེས་མང་བ། ཐུ་བྷོད་བཙན་པོའི་དཀྱེལ་ཆེ་བའི་བློ་སྤོབས་དང་སྲིད་འབྱོར་དབང་ཤེད་ཆེ་བ། མཐའི་རྒྱལ་ཁམས་རྣམས་དབང་འོག་ཏུ་ཚུད་ནས་མཆོད་ཅིང་བཀུར་བ། མཐའི་ནོར་ཐམས་ཅད་དབུས་སུ་འདུ་བ། མཐའི་མཁས་བཙུན་ཐམས་ཅད་བོད་དུ་འབྱོན་པ། རིག་པའི་ཡོན་ཏན་ཐམས་ཅད་ཀྱང་བོད་དུ་དར་ཞིང་རྒྱས་པའི་སྨོན་འདུན་དང་རྟེན་འབྲེལ་བཅས་མཚོན་པའི་རི་མོ་ཞིག་ཡིན་ཞེས་བཤད་ཆོག་གོ །སྡེ་བཞིའི་གསེར་སྐྱེམས་ངོས་ན་ཞལ་གཡས་སུ་ཕྱོགས་པ་དང་། ཕྱག་གཡས་ཀྱིས་ཆང་རྭ་བསྣམས་པ། ཕྱག་གཡོན་པུས་མོའི་སྟེང་དུ་བཙུགས་པ། ཞབས་གཉིས་བསྐུམས་ཤིང་ཁ་འཕྲོད་པ། དབུ་ལ་དར་གྱི་ལ་ཐོད་བཅིངས་པ་འདི་ནི་རྒྱ་གར་ཆོས་ཀྱི་རྒྱལ་པོ་ཡིན་པ་དང་། ཕྱག་གཡས་ཀྱིས་ཆང་གི་ཕོར་པ་བསྣམས་པ་དང་། ཕྱག་གཡོན་པུས་མོར་བཙུགས་པ། ཞབས་གཉིས་བསྐུམས་ཤིང་འགྱིང་བག་བརྗིད་ཉམས་ཅན་འདི་ནི་རྒྱ་ནག་རྒྱལ་པོ་ཡིན་པར་འདོད་དེ། རྒྱ་གར་ཡུལ་ནས་གུཔྟའི་རྒྱལ་རབས་སྐབས་ཀྱི་རིག་གནས་སྒྱུ་རྩལ་གྱི་ལེགས་འབྲས་དང་། ལོ་སྟོང་ཕྲག་འགའི་སྲོལ་རྒྱུན་གྱི་ཉིང་བཅུད་དེ་ནང་པའི་བསྟན་པ་ཉིད་དུས་འདི་ནས་བཟུང་བོད་དུ་གདན་དྲངས་ཡོད་པ་དང་། རྒྱ་ནག་དང་ཡང་མཛའ་བའི་གཉེན་འབྲེལ་སོགས་བརྒྱུད་ནས་བཟོ་རིག་པ་དང་གསོ་རིག་པ། རྩིས་ཀྱི་རིག་པ་སོགས་གདན་དྲངས་ནས་ད་ལྟའི་བར་བོད་དུ་དར་བའི་རྒྱན་དུ་གྱུར་ཡོད་པ་རྣམས་ཀུན་ལ་གསལ་བས་འདི་རུ་མང་པོ་ཞུ་བའི་དགོས་པ་ཆུང་། དེ་དག་ལས་ནུབ་སྟག་གཟིག་དང་བྱང་ཕྱོགས་ལི་ཡུལ་གཉིས་ཅུང་ཟད་ཕྱེ་སྟེ་བཤད་ན། སྡེ་བཞིའི་གསེར་སྐྱེམས་འདིའི་ངོས་ན་ཕྱག་གཡས་བརླ་སྟེང་དུ་འགྱིང་བག་དང་བཅས་ཏེ་བཙུགས་པ་དང་། ཕྱག་གཡོན་གྱིས་ཆང་བུམ་ཡུ་བ་ཅན་འཆིང་བ། ཞལ་རས་ཀྱིས་དབང་འདུལ་དྲག་ཉམས་ཕྱི་ལ་ངོམ་པ། དབུ་སྐྲ་རིང་པོ་ལ་ཐོད་ཀྱིས་དཀྲིས་པ། བེར་ཆེན་གོང་ཁ་ཕྱིར་བརྫེ་བ་ལུས་ཡོངས་ལ་ཁེབས་པར་བགོས་པ། ཞབས་གཉིས་བསྐུམས་ཤིང་ཁ་འཕྲོད་པ་འདི་ནི་སྟག་གཟིག་གི་རྒྱལ་པོ་ཡིན་པར་འདོད་དེ། དགེ་ཆོས་ལགས་ཀྱིས་“དེ་དུས་ཕྱིའི་རྒྱལ་ཁབ་ཀྱི་ཁྲོད་ན་བོད་དང་མཛའ་འབྲེལ་ཆེ་བ་ནི་ཏ་ཟིག་པ་རྣམས་ཡིན་ལ། ཏ་ཟིག་ཡུལ་དུ་ནི་སྐབས་དེར་ནང་པའི་བསྟན་པ་དར་བར་མ་ཟད། ཤེས་རིག་ཡོན་ཏན་གྱི་ཆ་ལ་ཡང་ཁོང་རྣམས་འགྲན་ཟླ་དང་བྲལ་གཤིས། བོད་ཀྱི་རྗེ་བློན་རྣམས་ཀྱང་ཕལ་ཆེར་ཏ་ཟིག་པའི་སྲོལ་ལུགས་གནང་བ་ཡིན་ནམ་སྙམ་སྟེ། སྲོང་བཙན་གྱིས་དར་དམར་པོའི་ཐོད་བཞེས་པ་སོགས་ཀྱང་བཤད་ལ། ཟ་འོག་གི་བེར་དང་། ཕྱགས་ལྷམ་སྣེ་འཁྱིལ་གྱོན་པ་སོགས་ཀྱང་ཏ་ཟིག་གི་སྲོལ་དང་འདྲ”[37]ཞེས་གསུངས་པ་བཞིན་ཏ་ཟིག་པ་རྣམས་ནི་གསེར་དངུལ་གྱི་དངོས་ཆས་དང་རིན་པོ་ཆེའི་རྒྱན་སྤྲས་ལ་དགའ་ཞིང་། ཐ་ན་ཁྲབ་རྨོག་གོ་མཚོན་དང་རྟའི་སྒ་ཆས་རྣམས་ཀྱང་རྒྱས་འཕྱོར་དུ་ཡོད་པ་ནི་བོད་དང་འདྲ་བའི་ཆ་མང་པོ་ཡོད།
       ཕྱིང་ཞྭ་ཟུར་ཅན་སྣེ་བཞི་ཡར་འཁྱིལ་བ་ཅན་འདི་ནི་ལི་ཡུལ་གྱི་རྒྱལ་པོ་ཡིན་པར་འདོད་དེ། ད་ལྟའི་ཞིན་ཅང་མཁར་རྩེའི་ཕུག་པའི་ལྡེབས་རིས་ལས་བྱུང་བའི་རྒྱལ་པོའི་གཟུགས་བརྙན་དང་ཡང་མཐུན་ལ། ཞྭ་དབྱིབས་འདིའི་རིགས་ལ་ལི་ཞྭ་ཞེས་བོད་ཀྱི་ཡུལ་ལུང་མང་པོར་འབོད་པར་གྲགས། ནོར་བུ་ཆ་བདུན་ལས་རྒྱལ་པོའི་རྣ་ཆ་ལྟ་བུའི་ཟུར་བཞི་གྲ་བའི་ནང་དུ་འབུར་དུ་ཐོན་པའི་རྒྱལ་པོའི་གཟུགས་བརྙན་ནི་ཞལ་གཡོན་དུ་ཕྱོགས་པ་དང་། ཕྱག་གཡོན་པས་ཆང་ཕོར་ཡུ་བ་ཅན་ཞིག་དམ་དུ་བཟུང་བ། ཕྱག་གཡས་པ་བརླ་སྟེང་ལ་བཙུགས་པའི་འགྱིང་བག་དང་ལྡན་པ། ཞབས་གཉིས་བསྐུམ་ཞིང་ཁ་འཕྲོད་པ། ཕྱགས་ལྷམ་སྣེ་འཁྱིལ་ཅན་ཞིག་གྱོན་པ། སྐུ་ལུས་ཡོངས་ལ་གོང་སྒོར་ཅན་གྱི་བེར་གོས་མདུན་ན་གཟན་ཁ་དམ་པོར་སྦྱར་བ་ཞིག་གྱོན་ཡོད་ཀྱང་ཤ་ཚུགས་དང་གོས་གཉེར་ཤིན་ཏུ་གསལ་བ། ཞལ་དཀྱིལ་གྱི་སྤྱན་དང་སྣ་སོགས་ཀྱང་གསལ་པོར་མངོན་པ་ཞིག་ཡིན།
       ལི་ཡུལ་ནི་ཡུས་ཐེན(于阗)ཞེས་པ་སྟེ་གནའ་བོའི་རྒྱལ་ཁག་གལ་ཆེ་བ་ཞིག་ཡིན་ལ། བེ་ཇ་ཡའི་རིགས་ཀྱིས་རྒྱལ་སྲིད་བཟུང་བ་ནས་ལོ་ངོ་སྟོང་གི་ལོ་རྒྱུས་ཡོད། འདིའི་ཤར་མཐའ་མཚོ་སྔོན་པོའི་བྱང་རྒྱབ་དང་འབྲེལ་ཞིང་། ནུབ་ཀྱི་མཐའ་ནི་མངའ་རིས་བླ་དྭགས་ཕྱོགས་དང་ཚོང་འགྲུལ་ཡོད་པའི་ཡར་ཀན་བྱ་བ་དེ་ཡིན་ལ། དུས་རབས་དང་པོ་ནས་བཟུང་ནང་པའི་བསྟན་པ་རྒྱ་ཆེར་དར་བའི་འགོ་ཚུགས་པས། ཡུལ་འདི་ནི་སངས་རྒྱས་ཆོས་ལུགས་ཤར་ཕྱོགས་སུ་དར་བའི་ཡུལ་ས་དང་པོའང་ཡིན། སྲོང་བཙན་གྱི་སྐུ་དུས་ཙམ་དུ་ཆོས་བསྣུབས་ཏེ་དགེ་སློང་རྣམས་བོད་དང་རྒྱ་གར་དུ་བྲོས། ད་དུང་ཡང་གོ་ཤྲདྒོ་གླང་རུའི་གཙུག་ལག་ཁང་གི་ཤུལ་དང་། གཞན་ཡང་མཆོད་རྟེན་ཞིག་པོ་དང་སྔོན་གྱི་དགོན་ཤུལ་སོགས་ཤིན་ཏུ་མང་པོ་ཡོད། ཡུལ་འདིའི་མི་རིགས་རྣམས་སོག་རྒྱུད་ཡིན་པས། ཀུན་མཁྱེན་ཀློང་ཆེན་པས་ལྕང་ར་སྨུག་པོ་ལ་སོགས་པའི་སོག་ཡུལ་ཞེས་གསུངས། ཡུལ་འདི་ལ་མདོ་སྨད་པ་རྣམས་ཀྱིས་ཡུལ་ལི་ཞེས་འབོད་པ་ཡང་། དོན་ལ་ལི་ཡུལ་བྱ་བའི་ཚིག་འགོ་མཇུག་ལྡོག་པའམ། ཡང་ན་རྒྱ་གར་ཡུལ་བྱ་བ་ལ་སྐབས་འགར་ཡུལ་རྒྱ་གར་ཞེས་བརྗོད་པ་དང་འདྲ། ཡུལ་འདི་ནི་བོད་ལས་ཤིན་ཏུ་ཁད་རིང་བའི་རྒྱུ་མཚན་གྱིས་སྔར་བོད་འབངས་སུ་འདུས་སོ་བྱ་བ་ཡང་ཡིད་ཆེས་དཀའ་བ་ཙམ་ཡིན་མོད། དགྲ་བཅོམ་དགེ་འདུན་འཕེལ་གྱི་«ལི་ཡུལ་ལུང་བསྟན་»དུ། དེ་ལ་མང་པོ་ཞིག་ནི་བོད་ཀྱི་རྒྱལ་པོས་འཛིན་པར་འགྱུར་རོ[38]ཞེས་དང་། «གླང་རུ་ལུང་བསྟན་གྱི་མདོ་»རུ་། མ་འོངས་པ་ན་ལས་ཀྱི་དབང་གིས་ཡུལ་འདིར་བོད་དང་སུམ་བྷའི་དམག་རྣམས་ཀྱང་འོང་བར་འགྱུར་ཏེ[39]སོགས་གསུངས་ཡོད་དོ། །ལི་ཡུལ་ནི་ཁུ་ནུ་རི་བོའི་བྱང་རྒྱུད་དུ་གནས་པས་གན་དྷ་རའི་ཐང་ནས་བྱང་ཤར་གྱི་ཕྱོགས་ནི་ཀསྨིར་ཡིན་ལ། གནའ་བོའི་དུས་སུ་བགྲོད་ལམ་གཅིག་གིས་བོད་ནས་ཁུ་ནུའི་རི་རྒྱུད་བཅད་ནས་འགྲོ་ཐུབ་ཅིང་། རང་རེའི་རྒྱལ་བློན་རྣམས་དགའ་བའི་རྒུན་ཆང་དང་རྟ་ཆང་ཡང་ས་འདི་ནས་ཐོན་གྱི་ཡོད་པ་དང་། རྒྱན་ཆས་དང་ལྷ་སྐུ་རི་མོའི་བྲིས་ཚུགས་ལའང་རྒྱ་བལ་གཉིས་མ་ཟད། གཞན་ལི་ཡུལ་གྱི་ལུགས་སྲོལ་གྱི་ཤན་ཤུགས་ཀྱང་ཆེ་བར་འདུག
       གཉིས། གསེར་གྱི་སྐྱེམས་ཕོར་ཞབས་ར་ཅན། གསེར་གྱི་སྐྱེམས་ཕོར་ཞབས་ར་ཅན་ནི་ཕལ་ཆེར་དུས་རབས་བདུན་པའི་གཡས་གཡོན་དུ་བོད་དུ་བཟོས་པར་འདོད་དེ། དབྱིབས་ཕོར་པ་ལ་ཞབས་ར་ཅུང་ཟད་མཐོ་བ་དང་། ཕོར་པའི་ཁ་དང་ཞབས་གཉིས་ཕྱི་རུ་གཡེར་ཞིང་དབྱིབས་ལེགས་ཤིང་འཚམ་པ། གཞི་གསེར་གྱི་རིལ་བུ་ཆེ་ཆུང་ཆ་སྙོམས་པོས་ཐང་མར་འཁོད་པའི་ཁྲོད་ན་རྩྭ་ཡི་འཁོར་ལོ་ལྷུག་པར་གྲོལ་བའི་ནང་དུ་ཤེའུས་རྩེད་མོ་དང་ཁྲུང་ཁྲུང་གི་གཤོག་འགྱུར་ལྡེམ་པ། རྩྭ་ཡི་འཁོར་ལོ་དང་རྒྱན་རིས་ཤེའུ་དང་ཁྲུང་ཁྲུང་རྣམས་གསེར་སྐུད་ཀྱིས་མཐའ་རིས་བཏོད་པས་གཟུགས་རིས་རྣམས་ཤིན་ཏུ་གསལ་ཞིང་ཉམས་འགྱུར་ཐོན་པ། ཕོར་པའི་ཁ་དང་རྐེད་ཞབས་སུ་དུང་ཕྲེང་འཁོར་མོར་ཡོད་པ། རྐེད་མཚམས་སུ་པདྨ་ཡར་པད་དང་མར་པད་དུ་ཕྱེ་བ། ཞབས་རའི་ངོས་སུ་ཤིང་ལོ་རིས་ཀྱིས་བརྒྱན་པ། ཕོར་པའི་ནང་གི་མཐིལ་ཞབས་གསེར་སྐུད་བསྒྲིལ་བའི་སྒོར་སྒོར་ནང་དུ་སེངྒེ་གནམ་ལ་མཆོང་བ་ལྟ་བུའི་གསོན་ཉམས་ལྡན་པ་ཞིག་ཡོད།
འདྲ་རིས་3-2: གསེར་གྱི་སྐྱེམས་ཕོར་ཞབས་ར་ཅན།
       སེངྒེ་ནི་རང་རེའི་ནུབ་རྒྱུད་ཀྱི་གནའ་བོའི་མི་རིགས་མང་པོ་དགའ་བའི་སྲོག་ཆགས་ཤིག་ཡིན་ལ། མི་རིགས་འགའ་ཤས་ཀྱིས་སེངྒེ་ལ་མཆོད་ཅིང་བཀུར་བར་བྱེད། དེ་ཡང་ཆེས་སྔ་མོར་མི་རིགས་མང་པོ་ཞིག་གི་རིག་གནས་ཁྲོད་དུ་སེངྒེ་ནི་གལ་ཆེ་བར་བརྩིས་ཡོད་དེ། དཔེར་ན་སེངྒེ་རྐང་བ་བརྒྱད་པ་ཅན་དང་། སེངྒེ་ཁྱུང་གི་གཤོག་པ་ཅན། སེངྒེའི་གཟུགས་ལ་མི་ཡི་གདོང་ཅན་སོགས་ཡོད་པ་ལྟ་བུ་རེད། བོད་ལ་མཚོན་ནའང«བཀའ་ཐང་སྡེ་ལྔ»སོགས་ཡིག་ཆ་ཅུང་ཟད་སྔ་བ་རྣམས་སུ་དེ་དུས་གཡུལ་སའི་རུ་འདྲེན་གྱི་རུ་དར་གྱི་སྟེང་དུ་སེངྒེ་བྲིས་པ་དང་། ཕོ་བྲང་གི་རྒྱལ་སྒོ་དང་བང་སོའི་མདུན་དུ་སེངྒེ་བཞག་པ། གཙུག་ལག་ཁང་གི་ཀ་གདུང་དང་སྒོ་ཆེན་སྟེང་དུ་སེངྒེ་བརྐོས་པ། དཀོར་ནོར་དང་ཅ་དངོས་རྩ་ཆེའི་རྒྱན་རིས་སུ་སེངྒེ་བཀོད་པ་བཅས་ཀྱི་ལུགས་སྲོལ་ཡོད་པ་གསུངས་འདུག
       གསུམ། སྐྱེམས་ཐུལ་བྱ་མ་བུམ། སྐྱེམས་ཐུལ་བྱ་མ་བུམ་ནི་དུས་རབས་བདུན་པ་ནས་བརྒྱད་པའི་བར་དུ་ཡར་འབྲོག་ནས་ཐོན་པར་གྲགས་ཤིང་། ད་ལྟ་ཨ་རིར་མི་སྒེར་གྱིས་ཉར་ཡོད། གསེར་གྱི་ཆང་སྣོད་སྐྱེམས་ཐུལ་བྱ་མ་བུམ་འདི་ནི་ཆེ་ཆུང་ཁྱིམ་བྱ་དེ་ཕོ་ཞིག་གི་ཚད་དང་ལྡན་ཞིང་། མགོ་དང་ལུས། མཇུག་མ། རྐང་པ་བཅས་ཆ་བཞིར་བགོས་ནས་བཟོས་ཡོད་ཅིང་། དེ་ཕོས་གཤོག་པ་བསྐུམས་ཤིང་མཇུག་མ་ཡར་བཀྱགས་འདུག་པ་དང་། རྐང་པ་གཉིས་ནི་མཉམ་གཤིབ་ཀྱིས་བསྡད་ཡོད་པ་ལས་བྱ་སྐད་སྒྲོག་ལ་ཉེ་བའི་སྔ་རོལ་གྱི་རྣམ་པ་ཞིག་མངོན་ཡོང་། དེར་མ་ཟད་སྐེ་སྒྲོ་དང་ལུས་ཀྱི་སྤུ། མཇུག་མའི་སྒྲོ་སོགས་རིང་ཐུང་དང་ཉམས་ཇི་བཞིན་དུ་གསལ་ལ། ལྷག་པར་དུ་སྒྲོ་རིང་པོ་འགའ་ཤས་གཡས་སུ་ཕབ་པ་དང་སྒྲོ་སྤུ་རེ་རེའི་སྤུ་རིས་ཀྱང་ཞིབ་ཏུ་མཐོང་ཐུབ། གཞན་ཡང་དེ་ཕོའི་མིག་གཉིས་ཕལ་ཆེར་བྱུ་རུའི་ཕྲ་བཀོད་ཡོད་པ་ཞིག་རེད་སྙམ་ཡང་ད་ལྟ་མཐོང་དུ་མེད་མོད། ཡིན་ནའང་མཆུ་རྩེ་ན་ནས་འབྲུ་ཞིག་བཟུང་ཡོད་པས་བྱའི་མཆུ་བར་ཕྱེ་ལ་ལྕེ་གསལ་ཞིང་། བུམ་ནང་གི་བཏུང་བྱ་དེའང་ཆང་ཡིན་པ་ཟུར་ནས་བསྟན་ཡོད། མཇུག་སྒྲོའི་བར་ན་ཆང་བླུགས་སའི་ཁ་ཟླུམ་པོ་དང་། མཆུ་ཏོའི་འོག་ན་ཆང་ལྡུག་སའི་དམ་ཁ་ཡོད། འདི་ལྟ་བུ་ནི་ལྷ་བཟོ་མཁས་པས་པིར་གྱིས་བྲི་བའང་དཀའ་སྟེ། བཟོ་བོ་མཁས་པས་ལུགས་སུ་བཟོས་ནས་ཞིབ་ཕྲ་གསོན་ཉམས་དང་ལྡན་པར་ཐོན་པ་ནི་བཟོ་རྩལ་ལ་ཕུལ་དུ་ཕྱིན་པ་ཞིག་མིན་ན་འགྲུབ་དཀའ་བ་དང་། རྒྱུ་ཆ་གསེར་བཙོ་མ་སྦྱངས་བརྡུངས་བྱས་ཡོད་པ་ལས་ཀྱང་རྒྱལ་གཞུང་དང་རྒྱལ་པོའི་དཀོར་སྣའི་གྲས་ལས་ཕལ་པའི་སྤྱད་བྱ་མིན་པ་ཐག་གཅོད་ཐུབ། འདི་ལས་ང་ཚོས་བྱ་མ་བུམ་ཟེར་བའི་ཆེས་སྔ་མོའི་ཐ་སྙད་ནི་བྱ་ཕོའི་གཟུགས་ལ་ཆང་སྣོད་བུམ་པའི་བྱེད་ལས་ཅན་འདི་ལྟ་བུ་ལ་ཟེར་བ་ཡིན་སྙམ།
འདྲ་རིས་3-3: སྐྱེམས་ཐུལ་བྱ་མ་བུམ།
       བསམ་ཡས་བྱ་དེ་དཀར་པོ་ཞེས་པ་ནི་དཀོར་བདག་པེ་ཧར་རྒྱལ་པོའི་བླ་བྱ་ཡིན་ཞིང་། སྔར་ཁོས་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་དུས་རང་ཉིད་ཀྱི་བླ་སྲོག་གནས་པའི་གཡུ་ཡི་ཐུབ་པ་དང་། དུང་གི་སེངྒེ། བསེ་འབག་སྨུག་ཆུང་། བྱ་དེ་དཀར་པོ་སོགས་ཀ་ཅའི་ཕྱིར་དྲངས་པ་དང་། རྒྱལ་པོ་དེ་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་དམ་ལ་བཏགས་ནས་དཔལ་གྱི་ཆོས་འཁོར་སྲུང་བའི་རྒྱལ་པོར་བསྐོས་ཤིང་། སློབ་དཔོན་པདྨས་མཛད་པའི་«རྒྱལ་མདོས་»སུ་རྒྱལ་པོ་འདི་ཉིད་ཀྱི་བླ་ཆགས་པའི་རྟེན་དུ་བཤོས་སུ་དེ་ནི་བྱ་དཀར་འབུལ་བ་སོགས་ཀྱང་གསལ། དེའི་ཕྱིས་སུ་བསམ་ཡས་དབུ་རྩེ་རིགས་གསུམ་རྟེན་དང་བརྟེན་པ་མེ་ཡིས་འཇིག་སྐབས་དགོང་མོ་མི་རྣམས་གཉིད་དུ་ཡུར་བའི་དུས་དུས་མ་ཡིན་པར་བྱ་སྐད་ཐེངས་མང་བརྒྱབ་པས། མི་རྣམས་ཀྱིས་གཙུག་ལག་ཁང་ལ་མེ་ཤོར་བ་ཚོར་ལ། བྱ་དེ་ནི་པེ་ཧར་རྒྱལ་པོའི་སྤྲུལ་པར་བརྩིས་ནས་བསམ་ཡས་གཙུག་ལག་ཁང་གི་ལྡེབས་རིས་སུ་བཀོད་ནས་གསོལ་བ་སྨོན་ལམ་འདེབས་པའི་ལམ་སྲོལ་ཆགས་པའི་བཤད་རྒྱུན་ཡོད། དེ་ནི་སྐྱེམས་ཐུལ་བྱ་མ་བུམ་འདི་དང་འབྲེལ་བ་ཡོད་པར་བཤད་དཀའ་ནའང་། ཆེས་སྔ་མོ་ཞིག་ནས་ཡར་ཀླུང་ཕྱོགས་ནས་བྱ་དེ་དཀར་པོ་དེ་བླ་བྱ་དང་སྐད་བརྒྱབ་པ་གོ་ན་བཀྲ་ཤིས་པར་བརྩི་བ་སོགས་ཀྱི་ལུགས་སྲོལ་དང་འབྲེལ་བ་ལོས་ཡོད་སྙམ་མོ། །
       བཞི། དངུལ་དམ་རྟ་མགོ་མ། དངུལ་དམ་རྟ་མགོ་མ་ནི་སྲོང་བཙན་སྒམ་པོའི་ཆང་དམ་དུ་གྲགས་ཏེ། ཆང་དམ་དེའི་ཁ་དང་སྐེ། ལྟོ་བ་བཅས་དཀྲིས་མཚམས་གསུམ་གྱིས་བཅད་ནས་བཟོས་ཡོད་ཅིང་། དེ་ནི་ཁ་རྟ་མགོའམ་རྔ་མོང་གི་མགོ་ཅན་ལ་དམ་ཁ་བཟོས་པ་དང་། སྐེ་རིང་ཞིང་ལྟོ་བ་ཟླུམ་པ། དཀྲིས་མཚམས་རེ་རེ་ལ་ཤིང་ལོ་དང་འཁྱིལ་སྣའི་རིས་ཀྱིས་འཁོར་མོར་བརྒྱན་པ། ལྟོ་བ་སྟོད་སྨད་དུ་བགོས་པའི་སྟོད་ལ་འབུར་བརྡུང་གིས་པ་ཏྲའི་རི་མོ་བཀོད་ཅིང་འཁྱིལ་སྣའི་དཀྱིལ་ན་ནོར་བུའི་རིས་ཅན་ཆ་གསུམ་ཡོད་པ། སྨད་ན་མི་གཅིག་གིས་རྒྱུད་མངས་གཉའ་བར་སྦྲེང་ཞིང་གར་སྟབས་ཀྱི་ཉམས་འགྱུར་ཅན་ཆ་གཉིས་དང་མི་གཅིག་གིས་ཆང་གིས་ར་རོ་བ་གཅིག་སྐྱོར་བའི་རྣམ་པ་ཅན་ཞིག་ཡིན། དེ་ནི་བལྟས་པ་ཙམ་གྱིས་གྲུ་གུ་སྟག་གཟིག་གི་མིའི་ཉམས་ཁྱད་དང་ལྡན་ཡང་བཟོ་སྟངས་དང་རྒྱན་རིས་ནི་བོད་དང་ཡང་འབྲེལ་བ་ཆེ་བར་སྙམ། གང་ལྟར་མི་རེ་རེའི་སྐབས་བབ་ཀྱི་རྣམ་འགྱུར་སྐྱིད་པའི་གར་ལ་རོལ་བ་དང་ཆང་གིས་བཟི་བའི་ཚུལ་ནི་འགུལ་ཉམས་དང་གསོན་ཉམས་ཀྱིས་ཕྱུག་ཡོད་པ་ནི་ཆེས་ཁྱད་དུ་མཚར་བ་ཞིག་ཡིན། «རྒྱལ་པོ་བཀའི་ཐང་ཡིག»ཏུ་ཀ་བ་བུམ་པ་ཅན་དུ་ཆོས་ཀྱི་གཏེར་དང་ཀ་བ་ཤིང་ལོ་ཅན་དུ་གསེར་དངུལ་སོགས་རིན་པོ་ཆེའི་གཏེར་སྦས་པ་དང་དཀོར་ཆ་རིན་པོ་ཆེ་དངུལ་གྱི་བུམ་པ་རྟའི་མགོ་ཅན་གསུམ་ཞེས་དང་། དངུལ་རྐྱན་རྔ་མོང་གི་མགོ་ཅན་གསུམ[40]ཞེས་གསུངས་པ་ཕལ་ཆེར་དེའི་གྲས་ཀྱི་གཅིག་འདི་མིན་ནམ་སྙམ། ཡང«རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོ»རུ། “ཡང་ཚེས་གཅིག་གི་ཉིན་ཇོ་བོ་རིན་པོ་ཆེ་ལ་སྔར་བཤམས་པའི་གསེར་གྱི་དབུ་རྒྱན་དང་། ཞལ་གསེར་གསོལ། མདུན་དུ་དངུལ་གྱི་ལྷུང་བཟེད། མཎྚལ། གྱེ་རེ་ཞེས་པའི་རི་གཏེར་ནས་བླངས་པའི་དངུལ་དམ་རྟ་མགོ་མ་སོགས་ཕུལ།”[41]ཞེས་གསུངས་པར་གཞིགས་ན། དུས་རབས་བཅོ་ལྔ་པའི་དུས་འགོ་ནས་བཟུང་ད་ལྟའི་བར་དངོས་ཆས་འདི་འདྲ་ཞིག་ལྷ་སའི་གཙུག་ལག་ཁང་དུ་བཞུགས་པའང་གསལ་པོ་ཡིན། སྣོད་ཆས་འདི་དག་ལས་སྐབས་དེ་དུས་བོད་ཀྱི་རྒྱལ་བློན་འབངས་རྣམས་ཆང་སྣ་ཚོགས་བཏུང་བ་དང་རྒྱས་སྤྲོས་ཀྱི་འཚོ་བར་དགའ་བ་རྟོགས་འོངས་ཏེ། དེ་ཡང“བུ་རམ་སྦྲང་རྩི་བཙོས་དང་རྗེན་པ་དང་། །འབྲས་ཆང་དྭངས་མ་རྟ་ཆང་རྒུན་ཆང་དང་། །ནས་ཆང་གོ་ལ་རྒྱ་ནག་ཞལ་བསིལ་དང་། །བཏུང་བའི་ཚོགས་དང་ཞལ་ཟས་གང་དགྱེས་རོལ། །”[42]ཞེས་པ་ལྟར། བཏུང་བ་ཆང་གི་རིགས་ལ་སྔོན་མོ་ནས་ཆང་དང་། དཀར་པོའི་གྲོ་ཆང་། མངར་མོའི་རྒུན་ཆང་། སྟོད་རྒྱ་གར་གྱི་སྨན་ཆང་། སྨད་རྒྱ་ནག་གི་འབྲས་ཆང་། བོད་དབུ་ནག་གི་ནས་ཆང་། བལ་པོའི་བུར་ཆང་། ཁ་ཆེའི་རྒུན་ཆང་སོགས་ཕུན་སུམ་ཚོགས་ཚུལ་གསུངས་ཡོད་དོ། །
འདྲ་རིས་3-4: དངུལ་དམ་རྟ་མགོ་མ།
       ལྔ། གསེར་གྱི་སྐྲ་ཤུབས། གསེར་གྱི་སྐྲ་ཤུབས་འདི་ནི་དུས་རབས་བདུན་པ་ནས་བརྒྱད་པའི་བར་དུ་ཡར་འབྲོག་ནས་ཐོན་པར་གྲགས་ཤིང་། ད་ལྟ་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་དུ་ཉར་ཡོད། གསེར་གྱིས་བཟོས་པའི་བཙུན་མོའི་སྐྲ་རྒྱན་འདི་ནི་སྦུ་གུ་མང་པོ་གཤིབ་པའི་སྟེང་ན་གསེར་ཤོག་ལེབ་མོས་སྦྲེལ་བ་དང་། དེའི་གཞུང་ལ་གསེར་ཐིག་རིལ་བུ་ཆེ་ཆུང་མཉམ་པ་གྲངས་མེད་ཀྱིས་གཞི་བཏིངས་ཤིང་གསེར་ལེབ་མོས་དབྱིབས་རིས་བཏོད་ལ་གཡུ་དང་བཻཌུརྱ་སོགས་ཀྱིས་བརྒྱན་པ་ཞིག་ཡིན། དེ་ཡང་ཕུ་རིང་བའི་གོས་དང་སག་ལྷམ་སྣེ་རིང་གྱོན་པའི་མི་གཉིས་མཉམ་གཤིབ་ཀྱིས་གར་གྱི་ཉམས་དང་བཅས་པའི་བར་ན་ཆང་གི་བུམ་པ་ཞིག་ཡོད་ལ། ཕལ་ཆེར་ཆང་འཐུང་གར་དང་སྐྱིད་རོལ་གྱི་རྣམ་པ་ཞིག་མཚོན་ཡོད། མཐའ་དེའང་ནང་ནས་ཕྱི་ལ་རིམ་པ་གསུམ་དུ་ཕྱེ་ཡོད་དེ། གསེར་ལེབ་མོས་དཀྲིས་པའི་དུང་ཕྲེང་ཨིནྡ་ནི་ལའི་ཕྲ་བཏབ་པ་དང་། གསེར་སྐུད་འབུར་དཀྲིས་རིམ་པ་གསུམ། དེ་ཡི་མཐའ་ན་གསེར་གྱི་རིལ་བུས་ཕྲེང་བར་བསྐོར་བ་བཅས་ཡོད།
འདྲ་རིས་3-5: གསེར་གྱི་སྐྲ་ཤུབས།
       དྲུག གསེར་གྱི་སྐྲ་རྒྱན། གསེར་གྱི་སྐྲ་རྒྱན་ནི་དུས་རབས་བདུན་པ་ནས་བརྒྱད་པའི་བར་དུ་ཡར་འབྲོག་ནས་ཐོན་པར་གྲགས་ཤིང་། ད་ལྟ་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་དུ་ཉར་ཡོད། འདི་ཡང་བུད་མེད་ཀྱི་སྐྲ་རྒྱན་ཞིག་ཡིན་པར་འདོད་དེ། དེ་ནི་གཞི་སྦུ་གུ་ཅན་མང་པོ་གཤིབ་པ་ལ་གསེར་ཤོག་ལེབ་མོས་སྦྱར་བ་དང་། དེའི་སྟེང་ལ་སྒོར་དབྱིབས་བཞི་དང་དབུས་བཅས་གཡུ་རྩི་སྔོན་པོས་བྱུགས་པ། དེ་ཡི་མཐའ་ཡང་འབུར་དཀྲིས་རིམ་པ་གཉིས་དང་རིལ་བུ་ཕྲེང་བས་མཐའ་ནས་བསྐོར་བ་ཞིག་ཡིན།
འདྲ་རིས་3-6: གསེར་གྱི་སྐྲ་རྒྱན།
       བདུན། གསེར་གྱི་སྙན་རྒྱན། གསེར་གྱི་སྙན་རྒྱན་ནི་དུས་རབས་བདུན་པ་ནས་བརྒྱད་པའི་བར་དུ་ཡར་འབྲོག་ནས་ཐོན་པར་གྲགས་ཤིང་། ད་ལྟ་ཨ་རིར་མི་སྒེར་གྱིས་ཉར་ཡོད། འདི་ནི་བཙུན་མོའི་སྙན་རྒྱན་ཆ་གཅིག་ཡིན་པར་འདོད་དེ། སྔ་མོའི་རྗེ་བཙུན་སྒྲོལ་མ་དང་ལྷ་མོ་དབྱངས་ཅན་མ་སོགས་ཀྱི་སྐུ་བརྙན་ལའང་འབྱུང་། སྒོར་དབྱིབས་ཅན་གྱི་གསེར་གྱི་ཞུ་ལུབ་ལ་འབུར་གཟུགས་ཀྱི་རྒྱན་རིས་རིམ་པ་ལྔ་རུ་ཕྱེ་ནས་བཀོད་ཡོད་ཅིང་། དེའི་ནང་རིམ་དུ་གསེར་སྐུད་དཀྲིས་རིས་ཅན་གྱི་དབུས་ཐམས་ཅད་གཡུ་ཡིས་ཕྲ་རྒྱན་ཅན་གྱི་མེ་ཏོག་འདབ་མ་བཞི་པ་ཅན་དང་། དེ་ཡི་མཐའ་རུ་གསེར་དང་གཡུ་ཟུར་གསུམ་ཕན་ཚུན་སྣོལ་བ། དེ་ཡི་མཐའ་རུ་གསེར་རིལ་ཆུང་ངུ་ཆ་མཉམ་གྱིས་ཟུར་གསུམ་ཡར་མར་སྣོལ་བ། དེ་ཡི་མཐའ་རུ་ཤིང་ལོ་གཡས་གཡོན་དུ་བཞད་པས་འཁོར་མོར་ཡོད་པ། དེའི་མཐའ་རུ་ཕྲེང་བས་བསྐོར་བ་ཞིག་ཡིན།
འདྲ་རིས་3-7(1): གསེར་གྱི་སྙན་རྒྱན།
འདྲ་རིས་3-7(2): གསེར་གྱི་སྙན་རྒྱན།
བརྒྱད། གསེར་གྱི་སྐྲ་རྒྱན་གཞན་ཞིག གསེར་གྱི་སྐྲ་རྒྱན་འདི་ནི་དུས་རབས་བདུན་པ་ནས་བརྒྱད་པའི་བར་དུ་ཡར་འབྲོག་ནས་ཐོན་པར་གྲགས་ཤིང་། ད་ལྟ་ཨ་རིར་མི་སྒེར་གྱིས་ཉར་ཡོད། འདི་ཡང་རྒྱལ་པོའི་རྒྱན་ཆ་ཞིག་ཡིན་པར་འདོད་ཀྱང་ད་དུང་དཔྱད་མུས་སུ་ཡོད། དེ་ཡང་ནོར་བུ་ཆ་བདུན་ལས་རྒྱལ་པོའི་རྣ་ཆའི་རི་མོ་དང་འདྲ་བར་ཟུར་ཅན་རྡོ་རྗེའི་དབྱིབས་ལྟ་བུ་འབྱུང་བས་རྒྱལ་པོའི་རྒྱན་ཆ་ཞིག་མིན་ནམ་སྙམ། རྒྱན་ཆའི་དཀྱིལ་ན་གྲུ་ཟུར་བཞི་ཅན་སྣོལ་བ་རྡོ་རྗེའི་དབྱིབས་ལྟ་བུ་གཡུ་ཡིས་བརྒྱན་ཅིང་། མཐའ་ཡི་དུང་ཕྲེང་ཨིནྡྲ་ནི་ལས་བརྒྱན་པ་དང་། དེ་ཡི་མཐའ་ན་གསེར་སྐུད་འབུར་དཀྲིས་ཕྲེང་བ་གསུམ་ལ་གསེར་རིལ་ཕྲེང་བས་བསྐོར་ཡོད།
འདྲ་རིས་3-8: གསེར་གྱི་སྐྲ་རྒྱན།
       དགུ། གསེར་གྱི་སྐྲ་ཤུབས་གཞན་ཞིག གསེར་གྱི་སྐྲ་ཤུབས་འདི་ནི་དུས་རབས་བདུན་པ་ནས་བརྒྱད་པའི་བར་དུ་ཡར་འབྲོག་ནས་ཐོན་པར་གྲགས་ཤིང་། ད་ལྟ་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་དུ་ཉར་ཡོད། སྐྲ་ཤུབས་འདི་ནི་ནང་དོན་འདྲ་མཚུངས་ཡིན་པའི་རི་མོ་གོང་འོག་གཉིས་སུ་ཕྱེ་ཡོད་དེ། རི་མོ་ནི་གཡས་གཡོན་གཉིས་ན་འཁོར་གཉིས་ཀྱིས་ཆང་བུམ་རེ་རེ་དབུས་ཀྱི་གཙོ་མོ་ལ་སྟོབ་པའི་རྣམ་པ་ཅན་ཞིག་ཡིན། གསེར་སྐུད་ལེབ་མོས་དབྱིབས་བཟོས་པའི་ཕྲ་ཀོང་རེ་རེ་གཡུ་ཡིས་བརྒྱན་ཡང་ཕྲ་རྒྱན་མང་པོ་ཐོར་འདུག མཐའ་ན་གསེར་དཀྲིས་ཀྱིས་དུང་ཕྲེང་ལ་ཨིནྡྲ་ནི་ལའི་ཕྲ་བཀོད་ཅིང་། དེའི་མཐའ་ན་གསེར་སྐུད་འབུར་དཀྲིས་རིམ་པ་གསུམ་དང་དེའི་མཐའ་ན་གསེར་རིལ་ཕྲེང་བས་བསྐོར་ཡོད།
འདྲ་རིས3-9: གསེར་གྱི་སྐྲ་ཤུབས།
       བཅུ། གསེར་གྱི་མགུལ་རྒྱན་ནམ་ཕྱང་ཕྲུལ། གསེར་གྱི་མགུལ་རྒྱན་ནམ་ཕྱང་ཕྲུལ་ནི་དུས་རབས་བདུན་པ་ནས་བརྒྱད་པའི་བར་དུ་ཡར་འབྲོག་ནས་ཐོན་པར་གྲགས་ཤིང་། ད་ལྟ་ཨ་རིར་མི་སྒེར་གྱིས་ཉར་ཡོད། གསེར་གྱི་མགུལ་རྒྱན་འདི་ནི་ནོར་བུ་སུམ་རྩེག་སྤུངས་པའི་སྟེང་ན་གྲུ་བཞིའི་དབྱིབས་ལ་ཨ་ལུང་ཅན་ཞིག་ཡིན་ཏེ། སྒོར་སྒོར་སྦྲེལ་བ་བཙུན་མོའི་རྣ་ཆ་དང་འདྲ་བས་བཙུན་མོའི་མགུལ་རྒྱན་ཡིན་པར་འདོད།
འདྲ་རིས་3-10: གསེར་གྱི་མགུལ་རྒྱན་ནམ་ཕྱང་ཕྲུལ།
       བཅུ་གཅིག གསེར་གྱི་སྐྲ་རྒྱན་གཞན་ཞིག གསེར་གྱི་སྐྲ་རྒྱན་འདི་ནི་དུས་རབས་བདུན་པ་ནས་བརྒྱད་པའི་བར་དུ་ཡར་འབྲོག་ནས་ཐོན་པར་གྲགས་ཤིང་། ད་ལྟ་ཨ་རིར་མི་སྒེར་གྱིས་ཉར་ཡོད། གསེར་གྱི་སྐྲ་རྒྱན་འདི་ཡི་དཀྱིལ་ན་ཨ་དཀྲིས་སྣོལ་མ་ཆུ་འཁྱིལ་བ་ལྟ་བུ་ཞིག་ཡོད་པ་འདི་ནི་གནའ་སྔ་མོའི་རི་མོ་ཞིག་ཡིན་ལ། གསེར་དཀྲིས་ཀྱིས་དབྱིབས་རིས་བཟོས་པའི་ཨ་དཀྲིས་ལ་གསེར་རིལ་ཆེ་ཆུང་མཉམ་པ་མང་པོ་བརྡལ་མར་བཀྲམ་ཞིང་། དེ་ཡི་མཐའ་ན་གཡུ་ཡིས་ཕྲ་བཏབ་པ་དང་། དབྱིབས་རིས་བབ་ཆགས་ཤིང་ཤུགས་དང་ལྡན་པས་འཁྱིལ་ལ། དེའི་མཐའ་ཡང་གསེར་རིལ་ཕྲེང་བས་བསྐོར་ཡོད།
འདྲ་རིས་3-11: གསེར་གྱི་སྐྲ་རྒྱན།
       བཅུ་གཉིས། རྒྱལ་པོའི་རྒྱན་ཆ་ཨ་དཀྲིས་གཡུང་རིས་ཅན། རྒྱལ་པོའི་རྒྱན་ཆ་ཨ་དཀྲིས་གཡུང་རིས་ཅན་འདི་ནི་དུས་རབས་བདུན་པ་ནས་བརྒྱད་པའི་བར་དུ་ཡར་འབྲོག་ནས་ཐོན་པར་གྲགས། ད་ལྟ་ཨ་རིར་མི་སྒེར་གྱིས་ཉར་ཡོད། དེ་ནི་ཕལ་ཆེར་རྒྱལ་པོ་དང་བཙུན་མོའི་སྐྲ་རྒྱན་ནམ་མགུལ་རྒྱན་མིན་ནམ་སྙམ། དེ་ཡང་རྒྱན་ཆའི་རྒྱབ་ངོས་སུ་སྐྲའི་ལན་བུ་བརྒྱུ་སའི་སྦུ་གུ་མང་པོ་གཤིབ་པའི་སྟེང་ན་གསེར་ལེབ་ཀྱིས་བསླན་ཞིང་མདུན་ངོས་སུ་རིམ་པས་གསེར་རིལ་ཕྲེང་བ་དང་དཀྲིས་ཐག་གིས་གྲུ་ཟུར་ནང་དུ་དཀུམ་ཞིང་དཀྱིལ་ན་གཡུང་རིས་གཡས་སུ་འཁོར་བ་ཞིག་ཡོད། དེའི་མཐའ་ན་གཡུ་སོགས་རིན་པོ་ཆེའི་ཕྲ་རྒྱན་ཡོད་ཀྱང་ད་ལྟ་རེ་གཉིས་ལས་མི་འདུག
འདྲ་རིས་3-12: རྒྱལ་པོའི་རྒྱན་ཆ་ཨ་དཀྲིས་གཡུང་རིས་ཅན།
       བཅུ་གསུམ། འགུ་ཡའམ་མཛུབ་དཀྲིས། འགུ་ཡའམ་མཛུབ་དཀྲིས་འདི་ནི་དུས་རབས་བདུན་པ་ནས་བརྒྱད་པའི་བར་དུ་ཡར་འབྲོག་ནས་ཐོན་པར་གྲགས་ཤིང་། ད་ལྟ་ཨ་རིར་མི་སྒེར་གྱིས་ཉར་ཡོད། གཅན་གཟན་གཏུམ་པོ་སེངྒེ་དང་སྟག་སོགས་ཀྱི་གདོང་དབྱིབས་ཅན་གྱི་མཛུབ་དཀྲིས་འདིས་ཕ་རོལ་རྒོལ་བའི་ཟིལ་རྔམ་དང་རྩལ་ཤུགས་སོགས་མཚོན་པས། འདི་ནི་སྐྱེས་པ་ཕོ་ཡི་མཛུབ་རྒྱན་ཡིན་ངེས་ལ། གསེར་ལེབ་དཀྲིས་ཀྱིས་དབྱིབས་བཟོས་པ་ལ་མིག་གཉིས་དང་རྣ་བ་གཉིས་གཡུ་དང་། མཆུ་དང་རྣ་ཅོག་གཉིས་བྱུ་རུས་ཕྲ་བཏབ་པས་གཟུགས་རིས་མངོན་གསལ་དུ་ཐོན་ཡོད།
འདྲ་རིས་3-13: འགུ་ཡའམ་མཛུབ་དཀྲིས།
       བཅུ་བཞི། རྡོ་རྗེའི་མཛུབ་དཀྲིས། རྡོ་རྗེའི་མཛུབ་དཀྲིས་འདི་ནི་དུས་རབས་བདུན་པ་ནས་བརྒྱད་པའི་བར་དུ་ཡར་འབྲོག་ནས་ཐོན་པར་གྲགས་ཤིང་། ད་ལྟ་ཨ་རིར་མི་སྒེར་གྱིས་ཉར་ཡོད། རྡོ་རྗེའི་དབྱིབས་ལ་ཨ་ལུང་ཅན་གྱི་མཛུབ་དཀྲིས་གཡུ་ཕྲ་ཅན་འདི་ནི་བལྟས་པ་ཙམ་གྱིས་རྒྱུན་རིང་པོར་བཏགས་པའི་བརྡར་ཤུལ་གསལ་པོར་མངོན་པ་ཞིག་ཡིན།
འདྲ་རིས་3-14: རྡོ་རྗེའི་མཛུབ་དཀྲིས།
       བཅོ་ལྔ། སྒ་གསེར་གྱི་ཞུ་ལུབ་ཅན། སྒ་གསེར་གྱི་ཞུ་ལུབ་ཅན་འདི་ནི་དུས་རབས་བདུན་པ་ནས་བརྒྱད་པའི་བར་དུ་ཡར་འབྲོག་ནས་ཐོན་པར་གྲགས་ཤིང་། ད་ལྟ་ཨ་རིར་མི་སྒེར་གྱིས་ཉར་ཡོད། སྒ་གསེར་གྱི་ཞུ་ལུབ་ཅན་འདི་ནི་རྟ་སྒ་གསེར་གྱི་ཤན་ཁ་ཆ་ཚང་སྟེ་སྒའི་སྔ་རུ་དང་ཕྱི་རུ། ཡོག་བཅས་ཀྱིས་གྲུབ་ཡོད། དེ་ཡང་སྒ་ཤིང་སྤུས་དག་གིས་སྒ་དཔངས་བཟོས་རྗེས་གསེར་ཞུ་ལུབ་ཀྱིས་ཤན་པ་དང་། སྒའི་སྔ་རུའི་དཀྱིལ་ན་བྱ་ཁྱུང་ཆེན་གཤོག་པ་བརྒྱངས་པ་རྭ་དང་སྡེར་མོ་ཅན་ཞིག་ཡོད་ཅིང་། གཡས་གཡོན་ན་པ་ཏྲ་འཁྱིལ་རིས་ཅན་གྱི་མཐའ་ན་འབྲུག་ཁ་སྤྲོད་དང་སྟག་ཁ་སྤྲོད་ཅིག་ཡོད། སྒའི་ཕྱི་རུའི་ཕྱི་ཤན་གྱི་དཀྱིལ་ན་སེངྒེ་གཡུ་རལ་ངོམ་པ་ཁ་སྤྲོད་ཅིག་མཆིས་ཤིང་དེའི་དབུས་ན་མེ་ཏོག་དང་། གཡོན་ན་སེངྒེས་ཤ་བ་གསོད་པ་དང་ར་རྒོད་རྒྱུག་མཆོང་བྱེད་པ། གཡས་ན་རྟ་ལ་བཅིབས་པའི་དཔའ་རྟུལ་ཞིག་གིས་གཞུ་བཀང་ ནས་རི་དྭགས་ཤ་བ་གསོད་པའི་རི་མོ་བཀོད་ཡོད་ཅིང་། དེའི་མཐའ་ན་ཤིང་སྡོང་གི་ཡལ་བར་ན་བྱ་རྒོད་ཅིག་གིས་ཀྱང་ཁ་ཕྱིར་འཁོར་ནས་ལྟ་བ་ཞིག་ཡིན་ལ། སྒའི་ཕྱི་རུའི་ནང་ཤན་ན་ལྷ་བྱས་གཤོག་འགྱུར་ལྡེམ་པ་དང་ལྷ་རྟ་གཤོག་པ་ཅན། བར་དང་གསེང་ན་ཤིང་ལོ་པ་ཏྲའི་རི་མོ་སོགས་འབུར་གཟུགས་ཀྱིས་བརྡུངས་ནས་བཟོས་ཡོད་པ་རྣམས་གསོན་ཉམས་ལྡན་ཞིང་ཟིལ་རྔམ་བློ་དཀྱེལ་ཆེ་བའི་ཉམས་འགྱུར་ཀུན་ནས་ངོམ་ཡོད།
འདྲ་རིས་3-15: སྒ་གསེར་གྱི་ཞུ་ལུབ་ཅན།
       བཅུ་དྲུག གསེར་སྲབ། གསེར་སྲབ་འདི་ནི་དུས་རབས་བདུན་པ་ནས་བརྒྱད་པའི་བར་དུ་ཡར་འབྲོག་ནས་ཐོན་པར་གྲགས་ཤིང་། ད་ལྟ་ཨ་རིར་མི་སྒེར་གྱིས་ཉར་ཡོད། གསེར་སྲབ་ཆ་ཚང་བ་འདི་ནི་ཀོ་བའི་འབྲེང་རྒྱུན་ཐོག་ཏུ་དམ་པོར་བརྒྱན་ཡོད་པ་ཞིག་སྟེ། སྲབ་དང་ཨོལ་སྒྲོག ཁ་རུ། འགྲམ་ལོང་། གདོང་རྒྱན་དང་བཅས་པ་ཡོད།
འདྲ་རིས་3-16: གསེར་སྲབ།
བཞི་པ། གསེར་དངུལ་གྱི་ཅ་དངོས་ཁག་གི་བྱུང་ལུགས་དང་བཟོ་རྩལ་ཁྱད་ཆོས།
       གཅིག གསེར་དངུལ་གྱི་ཅ་དངོས་ཁག་གི་བྱུང་ལུགས།
       གསེར་དངུལ་གྱི་ཅ་དངོས་སྤུས་དག་པ་མང་པོ་འདི་རྣམས་གང་ནས་བྱུང་ཟེར་ན། དེ་ནི་སྦས་པའི་གཏེར་བཏོན་པ་དང་རྒྱལ་བློན་སོགས་ཀྱི་བང་སོ་ལས་བྱུང་བ་ཤེས་སླ་སྟེ། དེ་ཡང་བོད་དུ་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བའི་ཕྱིར་དུ་ཀ་བ་བུམ་པ་ཅན་དུ་ཆོས་ཀྱི་གཏེར་དང་ཀ་བ་ཤིང་ལོ་ཅན་དུ་གསེར་དངུལ་སོགས་རིན་པོ་ཆེའི་གཏེར་སྦས་པ་སོགས«བཀའ་ཐང་སྡེ་ལྔ»རུ་འདི་ལྟར་གསུངས་ཡོད་དེ། “ཟངས་མོ་ཆེ་ཁ་སྦྱར་བའི་ནང་ན། གསེར་སྦྲམ་དང་མཚལ་བསྲེས་པ་མི་ཁུར་བདུན་ཡོད། དེའི་དཀྱིལ་ན་དངུལ་གྱི་གའུ་ཞིག་ན། རིན་པོ་ཆེ་ནོར་བུ་བསམ་འཕེལ་བྱ་ངང་པའི་སྒོ་ང་ཙམ་ཞིག་ལྷའི་གོས་པཉྩ་ལི་ཀས་གྲིལ་ནས། རྒྱལ་པོ་སྟོང་རི་སྟོང་བཙན་གྱི་བསྣམས་ཞལ་རིན་པོ་ཆེ་ཕྲ་མེན་གྱི་སྐྱོགས་སུ་བཅུག་སྟེ། པཉྩ་ལི་ཀ་ལ་སོགས་པ་ལྷའི་ན་བཟའ་བདུན་གྱིས་གྲིལ་ནས་ཡོད་དོ། །དེའི་ཟངས་ཀྱི་མཐའ་ན། དཀོར་ཆ་རིན་པོ་ཆེ་དངུལ་གྱི་བུམ་པ་རྟའི་མགོ་ཅན་གསུམ།”[43]ཞེས་དང་། སྲོང་བཙན་སྐབས་སུ་ར་ས་འཕྲུལ་སྣང་གི་འོག་ཏུ་དཀྱིལ་འཁོར་གྱི་རྣམ་པས་བཞེངས་ལ། “གསེར་སྦལ་སྨུག་པོས་སྟེང་ནས་ཁ་ལ་དགབ། །……གཞན་ཡང་དཀྱིལ་འཁོར་གྱི་ནང་ན། བལ་པོའི་གཡུ་ཟངས་ས་ལེ་སྦྲམ་མཛོ་རྒྱབ་དགུ་དང་། གཟི་དང་། བྱུ་རུ་དང་། མཆོང་དང་། མེ་ཤེལ་དང་། དུང་དང་། ཉ་ལྕིབས་ལ་སོགས་པས་འཁར་བའི་རྐྱེན་(རྐྱན་)ཆེན་མོ་བཀང་བ་ཁ་ཟངས་ཀྱི་པ་དྲས་(ཏྲས་)བཅད་པ་ཕྱོགས་རེ་ན་བཅུ་བཅུ་ཡོད་དོ། །གཞན་ཡང་རྒྱལ་པོའི་བསྣམས་ཞལ་དངུལ་ལ་རིན་པོ་ཆེ་སྣ་བདུན་གྱིས་ཕྲ་བཏབ་པ་བདུན་དང་དངུལ་སྡེར་ཆེན་པོ་བདུན། །འབྲས་ཆང་དང་རྒུན་ཆང་དང་གོ་ལའི་སྣོད། །དངུལ་རྐྱེན་(རྐྱན་)རྔ་མོང་གི་མགོ་ཅན་གསུམ་དང་། །ངང་པའི་མགོ་ཅན་བདུན་ཏེ་བཅུ་ཡོད་དོ། །”[44]ཞེས་གསལ་པོར་གསུངས་ཡོད། གཞན་ཡང«འཇིགས་མེད་གླིང་པའི་གཏམ་ཚོགས»ལས་མགར་གྱི་ཡིག་ཚང་ལས་སྲོང་བཙན་བང་སོའི་སྐོར་གླེང་བའི་སྐབས་སུའང་། བང་སོའི་ནང་དུ། ལྷ་ཀླུ་མི་ཡི་རིན་ཆེན་སྣ་ཚོགས་དང་། གསེར་གྱི་ཁྲབ་དང་རིན་པོ་ཆེའི་པྲོག་ཞུ་དང་། གསེར་གྱི་མི་རྟའི་གཟུགས་སོགས་ཡོད་པར་གསུངས།[45]
       སྤྱིར«བཀའ་ཐང་སྡེ་ལྔ»གཏེར་ནས་རྫོགས་པར་བཏོན་པའི་མཇུག་གྲུབ་པ་ནི་ཤིན་ཏུ་འཕྱི་ནའང་། དཔེ་བྱིངས་དེ་གནའ་དུས་ཤིག་གི་ཡིན་པར་ཐེ་ཚོམ་མེད་ལ། ལྷག་པར་དུ«རྒྱལ་པོ་བཀའི་ཐང་ཡིག»སོགས་སུ་རྒྱལ་བརྒྱུད་རྣམས་ཀྱིས་བང་སོ་བརྩིགས་ཚུལ་དང་། གཏེར་སྦས་ཚུལ། སྐས་རིམ་དང་སྣོད་སྒམ། གསང་རྒྱ་དང་བཀག་རྒྱ། དཀོར་སྣ་རྣམས་ཀྱི་ཞིབ་གསལ་སྒྲིག་རིམ་ལས་ཕལ་ཆེར་མངོན་སུམ་མཇལ་བའམ་ཡང་ན་བང་སོ་བཏོན་པའི་ཟིན་བྲིས་ལྟ་བུའི་སྣང་བ་སྟེར་བས་ན། བརྩམས་ཆོས་འདི་ནི་ཡིག་ཆ་རྙིང་པ་མང་པོས་བརྒྱན་ཡོད་པས་གོ་བའི་ས་བོན་མང་པོ་སྐྱེད་ཐུབ་པ་ཞིག་ཡིན། ཡང«རྒྱལ་པོ་བཀའི་ཐང་ཡིག»ཏུ་སྲོང་གི་བང་སོ་ཇི་ལྟར་མཆོད་ཚུལ་སྐོར་ལ། “རྒྱལ་བརྒྱུད་རྣམས་ཀྱིས་ཡར་ཀླུངས་སྨུག་རི་རུ། །བང་སོ་བརྩིགས་ནས་ཡབ་ཡུམ་གསུམ་གྱི་པུར། །གསེར་གྱིས་བྱུགས་ནས་དངུལ་གྱི་གའུར་བཅུག །བང་སོའི་དབུས་མར་ཁྲི་ལ་བཞུགས། །གསེར་དངུལ་གཡུ་སོགས་བྲེ་ཡི་ཁལ་རེ་དང་། །རྒྱལ་པོའི་དཀོར་ནོར་གང་ཡིན་སྤྱན་སྔར་སྤུངས། །དར་ཟབ་བླ་བྲེར་གདུགས་དང་རྒྱལ་མཚན་བྲེས། མི་གླགས་ཚགས་ཀྱིས་ལེགས་པར་བསྡམས་པ་ལ། །མི་ཤིགས་རྒྱ་ནི་རིམ་པ་བདུན་གྱིས་བཏབ། །”[46]ཅེས་གསུངས། དེ་ལྟར་ནང་བློན་གང་ཡིན་པ་དེ་རྒྱལ་པོའི་བང་སོའི་པུར་ཁ་དང་ནོར་རྫས་སྲུང་བར་བསྐོས་ཤིང་། ཁོང་གིས་གཤིན་པོའི་ཚུལ་བཟུང་ནས་པུར་གྱི་འབངས་སུ་བྱས་ཏེ་རྒྱལ་རྒྱུད་གསོན་པོ་རྣམས་དང་མི་འཕྲད་ཅིང་། མཆོད་པའི་དུས་ལ་མ་གཏོགས་བང་སོའི་ཐོ་ཕྱི་རུ། མི་དང་རྟ་ཕྱུགས་འཁྱམས་དབང་མེད་ལ། གལ་ཏེ་དུར་སྲུང་གིས་བཟུང་ན་གསོན་པོའི་ཁྱུར་མི་ཚུད་པར་གཤིན་པོའི་ཚུལ་བཟུང་ནས་དུར་སྲུང་གི་བྲན་གཡོག་ཏུ་བྱེད། “མཐའ་འཁོབ་རྒྱལ་པོས་བོད་ལ་ལྟོ་ནག་གཏོང་། །རྒྱལ་པོའི་ཕོ་ཉ་བང་སོའི་པུར་ལ་འཇབ། །”[47]ཅེས་དུས་མཆོད་ལ་སླེབས་དུས་དུར་སྲུང་ཐམས་ཅད་མི་རིག་པའི་ཡུལ་ལུང་དུ་དགྱེས་རྗེས་རྒྱལ་རྒྱུད་རྗེ་འབངས་འཁོར་དང་བཅས་པས་མཆོད་པར་བྱེད་པ་ཡིན།
       «ཀུན་མཁྱེན་འཇིགས་མེད་གླིང་པའི་གཏམ་ཚོགས་»སུ“བང་སོ་འདིར་ལོ་རྒྱུས་རྙིང་པ་ཁ་ཅིག་ཏུ། ཁེངས་ལོག་ནས་ལོ་དགུ་པ་ལ་ཤུད་པུ་སྟག་རྩེ་སོགས་བཞིས་བགྲོས་ཏེ་བང་སོ་རྣམས་བགོ་བཤའ་བྱས། གཉགས་ཀྱིས་དོན་མཁར་མདའ། ཚེ་སྤོང་ཞང་གིས་རྒྱལ་ཆེན། ཤུད་པུས་སེངྒེ་ཅན། འཕྲུལ་རྒྱལ་གྲོང་འཕྱོས་རྣམས་ཀྱིས་བྲུས་ཤིང་། མདོ་ཞེར་སྙི་པས་ཏེ་བྲུས་འཕྲོར་ལུས། སྲོང་བཙན་འགྲོ་ལྡོག་ཟུང་གིས་ཐོབ་སྟེ་ལུས། ཞེས་ཀྱང་བཤད་མོད། ཡོངས་སུ་སྒྲོག་པར། བང་སོའི་དབྱིབས་ལ་ཆུ་ཕུར་གྱི་མིག་ལ་བལྟར་མི་ངོམས་པའི་རླུང་སྤུ་གྲི་རེག་གཅོད་འཕྲུལ་གྱི་འཁོར་ལོའི་རྣོ་དབལ་དང་། གནོད་སྦྱིན་དཀར་པོའི་ཕྱོགས་ལ་དགའ་བ། མི་མ་ཡིན་གྱི་ཚོགས་རྣམས་ཀྱིས་རྟག་ཏུ་སྲི་ཞུ་དང་སྲུང་བར་བྱེད་པས་ནག་པོའི་རྩ་ལག་གླང་དར་མ་འུ་དུམ་བཙན་གྱིས་ཀྱང་བང་སོ་གཞན་རྣམས་ཉམས་དམས་པར་བྱས་པའི་ཚེ་འདི་ལ་རྨ་དབབ་པར་མ་ནུས་པ་ནི་ཁྱད་གཞི་ཚད་མར་གྱུར་པའོ”[48]ཞེས་གསུངས། དེས་ན་བཙན་པོའི་སྲིད་དབང་སིལ་བུར་ཐོར་རྗེས་སུ། འབངས་གྱེན་ལོག་གིས་ཐོག་མར་བཙན་པོའི་བང་སོ་སྔོག་པའང་སྔ་མོ་ནས་པུར་རྫོངས་སུ་དཀོར་ནོར་རྩ་ཆེན་པོ་བཅུག་ཡོད་པ་ཀུན་ཀྱིས་རློམ་པར་འདོད་ལ། དེ་དག་བསྔོགས་ནས་ཅ་དངོས་མང་པོ་རྐུ་འཁྱེར་བྱས་ཡོད་པ་ནི་བདེན་པར་སེམས།
       ཟངས་ཆེན་ཁ་སྦྱར་བ་དང་། བུམ་པ་ཁ་དམ་དུ་སྦྱར་བ། རྡོ་སྒྲོམ་དང་དངུལ་སྒྲོམ་དུ་བཅུག་པ་སོགས་ཡོད་པར[49]གསུངས་པ་ལ་གཞིགས་ན། ཡར་ཀླུང་ནས་ཐོན་པའི་གསེར་ཆས་འདི་རྣམས་ཀྱང་གོ་ཐོས་ལ་རྫ་བུམ་ཁ་དམ་དུ་སྦྱར་ནས་ཡོད་པར་བཤད། གསེར་གྱི་དཀོར་སྣ་འདི་རྣམས་སའི་འོག་ཏུ་སྦས་ཀྱང་ས་དང་བརླན། རྡོ་ཤིང་ལྕགས་སོགས་གཞན་གྱི་གཡའ་དང་དྲི་མས་གོས་མེད་པར་བཀྲག་མདངས་འཚེར་བ་དང་པོའི་དུས་བཞིན་ཡོད་ལ། དཀོར་སྣ་འདི་དག་གི་གསེར་གྱི་སྤུས་ཚད། རྒྱན་རིས་ཀྱི་ནང་དོན། བཟོ་རྩལ་དང་དབྱིབས་ཀྱི་ཁྱད་ཆོས། དེ་དག་ལས་ཐོན་པའི་དཀྱེལ་ཆེའི་བློ་སྤོབས་དང་དབང་ཤེད་སྟོབས་འབྱོར་སོགས་ཆ་གང་ནས་བརྟགས་ཀྱང་། ཅ་དངོས་འདི་དག་ནི་འབངས་ཕལ་པའི་སྤྱོད་ཆས་མིན་པར་བཙན་པོའི་དཀོར་སྣ་བཅུ་གསུམ་གྱི་གྲས་ཡིན་པ་རྟོགས་ཐུབ་ཅིང་། ལོ་རྒྱུས་ཀྱི་སྐབས་བབ་སོགས་གང་ནས་བལྟས་ཀྱང་བཙན་པོ་སྲོང་བཙན་སྒམ་པོའི་དཀོར་ནོར་ཡིན་པར་གཏན་འཁེལ་བྱས་ན་མི་ཆོག་པ་མེད་པར་སེམས། དེས་ན་གལ་ཏེ་སྲོང་བཙན་སྒམ་པོའི་དཀོར་ནོར་ཡར་ཀླུང་འཕྱོངས་རྒྱས་སུ་མི་བཞུགས་པར་ཡར་འབྲོག་ཏུ་རྙེད་པའི་རྒྱུ་མཚན་གང་ཡིན་ཞེ་ན། ཁེང་ལོག་ནས་ལོ་དགུ་པ་ལ་ཤུད་པུ་སྟག་རྩེ་སོགས་བཞིས་བགྲོས་ཏེ་བང་སོ་རྣམས་བགོ་བཤའ་བྱས་ཡོད་ནའང་བཙན་པོའི་གཅིག་གྱུར་གྱི་སྲིད་དབང་ཐོར་བ་དང་བཙན་པོ་འུ་དུམ་གྱི་སྲས་གཉིས་བར་དབང་རྩོད་ཀྱི་འཁྲུག་ཟིང་རྒྱ་ཆེར་བསླངས་ཤིང་། འཁྲུག་སློང་གི་ལྟེ་བའང་ཡར་ཀླུང་གི་ཡུལ་ཡིན་ན། སྲོང་བཙན་བང་སོ་བསྔོགས་ནས་ཐོབ་པའི་བཙན་པོའི་དཀོར་སྣ་རྣམས་ཁྱེར་ནས་ཡར་ཀླུང་འཕྱོངས་རྒྱས་དང་ས་འབྲེལ་བའི་ཡར་འབྲོག་ཤར་ལྷོའི་རྒྱུད་དུ་བྲེལ་འཚུབ་ངང་ནས་སླར་ཡང་ས་འོག་ཏུ་སྦས་པར་སྙམ་ལ། སའི་འོག་ཏུ་སྦས་པའི་ཚུན་ལ་བང་སོ་བསྔོགས་ནས་ས་ཁར་བཏོན་ཡོད་ནའང་། སྒྲོམ་ཁ་ཕྱེ་ནས་བེད་སྤྱོད་པའི་གོ་སྐབས་རྙེད་མེད་པར་ད་ལྟའི་བར་ས་འོག་གི་གཏེར་དུ་ལུས་པ་རེད་འདོད།
       གཉིས། གསེར་དངུལ་གྱི་ཅ་དངོས་དག་གི་བཟོ་རྩལ་ཁྱད་ཆོས།
       དེ་ཡང་གོང་དུ་བཤད་པ་བཞིན་གསེར་ནི་བཙན་པོའི་སྲིད་ཤུགས་དབང་ཐང་དང་། བློན་འབངས་རྣམས་ཀྱི་རྒྱུ་དང་འབྱོར་པ་ངོམ་བྱེད་ཡིན་པར་མ་ཟད། བཟོ་པའི་ལག་རྩལ་ཁྱད་མཚར་ངོམ་བྱེད་ཅིག་ཀྱང་ཡིན། དེ་བས་གསེར་མགར་ནི་ལོ་རྒྱུས་དུས་རིམ་གང་དུའང་གལ་ཆེ་ཞིང་དགའ་བར་འོས་པའི་ལག་ཤེས་པ་ཞིག་ཏུ་བརྩི་བཞིན་ཡོད། སྐབས་དེ་དུས་གསེར་དངུལ་བཟོ་བ་ལ་བཙན་པོའི་གཞུང་གིས་གཉེར་པ་དང་། ལས་བཟོ་མཁས་པའི་བཟོ་པ་སོགས་ཡོད་པར་མ་ཟད། ད་དུང་བལ་པོ་དང་ལི་ཡུལ་སོགས་ནས་ཡོང་བའི་ལས་བཟོ་བ་རྣམས་བཙན་པོའི་གཞུང་གིས་ཉར་ནས་ཆེད་མངགས་ཀྱིས་གསེར་ཆས་དང་དངུལ་ཆས་བཟོ་བའི་གནས་ཚུལ་ཡོད་པ་ནི་ལོ་རྒྱུས་དེབ་ཐེར་མང་པོར་མཇལ་རྒྱུ་ཡོད། «ཨེ་ཤ་ཡའི་དཀྱིལ་མའི་ཤེས་རིག་ལོ་རྒྱུས»ཞེས་པའི་དེབ་གསུམ་པར། “དེ་དུས་བོད་ཀྱི་ལྕགས་རིགས་བཟོ་བའི་ལག་རྩལ་གྱི་ཚད་མཐོན་པོར་སླེབས་ཡོད་ལ། དེ་ཡང་དུས་རབས་འགའི་འཕེལ་རྒྱས་ལ་བརྟེན་ནས་བཞུ་སྦྱང་དང་བརྡར་བཅད་ཀྱི་བཟོ་རྩལ་ལ་བྱང་ཆུབ་པ་ཡོད། བཟོ་ཐབས་འདི་དག་སྤྱད་ནས་གཡུལ་སའི་དམག་གི་སྲ་བའི་ཁྲབ་རྨོག་དང་རྣོ་བའི་མདའ་མདུང་གྲི་གསུམ་སོགས་མཁོ་འདོན་བྱེད་ཀྱིན་ཡོད་པར་མ་ཟད། དེང་གི་དུས་ལའང་བོད་པ་རྣམས་ཀྱིས་ཆོས་ལུགས་ཀྱི་མཛད་སྒོའི་སྐབས་སུ་བཙན་པོའི་སྐབས་སུ་བཟོས་པའི་ཅོང་ཆེན་དང་གསེར་གྱི་ཅ་དངོས་སྤུས་ལེགས་རྣམས་བེད་སྤྱོད་བཞིན་ཡོད”[50]ཅེས་གསུངས་ཡོད། དེར་བརྟེན་དུས་སྐབས་འདིའི་གསེར་དང་དངུལ་ཆས་ལ་དབྱིབས་དང་རྣམ་པ་མི་འདྲ་ཞིང་། མཛེས་རིས་དང་ནང་དོན་ཕུན་སུམ་ཚོགས་ལ། བཟོ་རྩལ་ཁྱད་དུ་མཚར་བ་ལྡན་པས། འདི་ལས་གནའ་བོའི་མི་རྣམས་ཀྱི་གསེར་དངུལ་གྱི་ཅ་དངོས་རེ་རེ་བཟོ་དུས་དགའ་མོས་ཀྱི་བསམ་བློ་དང་བློ་གྲོས་ཐིམ་ཡོད་པ་སོགས་ཀྱང་རྟོགས་ཐུབ།
       གསེར་ཆས་ཀྱི་རྒྱན་རིས་དེ་དག་ལ་ཡིད་ལས་སྤྲོས་པའི་སེམས་ཅན་བྱ་དང་རི་དྭགས། འདུན་པའི་རི་མོ་སོགས་མང་པོ་བྱུང་ཡོད་དེ། དཔེར་ན། གངས་ཀྱི་སེངྒེ་དང་། ལྷ་རྟ་གྱི་ལིང་། བྱ་ཁྱུང་ཤང་ཤང་ཏེའུ་སོགས་ཡོད་པར་མ་ཟད། རི་དྭགས་རྔོན་པ་དང་གཅན་གཟན་གཏུམ་པོས་རི་དྭགས་ལ་རྒོལ་བའང་ཡོད། དེ་བཞིན་དུ་དངོས་ཡོད་ཀྱི་རྩི་ཤིང་མེ་ཏོག་སོགས་ཀྱང་བཟོ་རྩལ་པས་དངོས་སུ་རྟོག་ཞིབ་གནང་ནས་མཛེས་པའི་རང་བཞིན་བཏོན་པ་བཞིན་ཡོད་ལ། དབྱིབས་བཟོ་རང་དང་འདྲ་ཆགས་མཐུན་པའི་མཛེས་ཉམས་ངོམ་པར་བཀྲ་བས། འདི་དག་ལས་རྒྱན་རིས་ཀྱི་མཛེས་ཉམས་ཐོན་ཡོད་པར་མ་ཟད། ནང་དོན་དང་རྣམ་པ་གང་གི་ཆ་ནས་ཀྱང་བསམ་བློའི་གདེང་ཚད་མཐོ་ཞིང་ཕ་རོལ་ཟིལ་གྱིས་གནོན་ལ་ཀུན་ལས་རྣམ་པར་རྒྱལ་བའི་བློ་སྤོབས་དང་། འཚོ་བའི་ དམིགས་རེ་ཡར་ལ་འགྲོ་བའི་ཁྱད་ཆོས་ཐོན་ཡོད། རྒྱན་རིས་སྣ་ཚོགས་པ་དེ་རྣམས་ཀྱང་གཙོ་བོ་དངོས་ཆས་ཀྱི་བཟོ་དབྱིབས་དང་འཚམ་པོར་བསྟུན་པས། བཀོད་པ་མཛེས་པ་དང་བཟོ་རྩལ་གཉིས་ཟུང་འབྲེལ་བྱས་པ་ལས་ཀྱང་གསེར་བཟོ་བའི་སྒྱུ་རྩལ་གྱི་ཤེས་རབ་དང་གསར་གཏོད་ཀྱི་ནུས་པ་ཤེས་ཐུབ།
       གསེར་གྱི་སྐྱེམས་ཕོར་དང་སྐྱེམས་ཐུལ། རྒྱན་ཆས་སོགས་རྒྱལ་པོའི་དཀོར་སྣ་སོགས་ནི་ཅ་དངོས་བྱེ་བྲག་ཏུ་བཤད་པའི་སྐབས་ཞུས་ཟིན་ལ། སྒ་ཆས་སྲབ་སོགས་གསེར་དང་དངུལ་གྱིས་བཟོས་ནས་དང་དོད་ཆེན་པོ་བྱེད་པའི་ཐད་ལ། རྟ་ནི་རྒྱལ་བློན་རྣམས་འཚོ་བའི་ཁྲོད་དུ་རྐང་རྟེན་བཞོན་པ་ཡིན་པ་དང་། ལྷག་པར་གཡུལ་གྱི་རྒྱལ་ཕམ་དང་དཔའ་ངར་ཆེ་མིན་སོགས་ནི་རྟ་ལ་བརྟེན་དགོས་ཏེ། «ཐང་ཡིག་གསར་རྙིང»དུ། ཁྲི་སྲོང་བཙན་ནི“འབངས་ལ་བྱམས་ཤིང་མཛངས་དཀྱེལ་ཆེ། རྟག་ཏུ་རྟ་ལ་བཅིབས་ནས་འབྲོང་དང་རྐྱང་རྔོན་པར་འགྲོ།”[51]ཞེས་གསུངས་ཡོད་པ་ལས་ཀྱང་རྒྱལ་རྗེ་རྣམས་ཀྱི་འཚོ་བ་རོལ་སྟངས་དང་གོམས་སྲོལ་དེའང་གུས་ལུགས་བརྟན་ཆགས་དང་ཞིབ་ཅིང་རྒྱས་པར་ཡོད་པ་རྟོགས་ཐུབ། དེ་བཞིན་དུ་ཚེ་ལས་འདས་ནའང་རྟའི་ཆིབས་པ་ལ་བརྟེན་ནས་ཐར་པའི་ལམ་དུ་བགྲོད་ན་བསམས་པའི་འདུན་པས། གོས་དང་རྟ་དང་གཅེས་པའི་ཆས་རྣམས་ཀྱང་དུར་དུ་འཇོག”[52]པའི་ལུགས་སྲོལ་ཡོད་དེ། དགེ་ཆོས་ཀྱིས་གསུངས་པ་བཞིན་འཚོ་བཞུགས་པའི་སྐབས་ཀྱི་བཞོན་པའི་རྟ་དེ་དུར་རྫོང་དུ་སྦ་བར་མ་ཟད། རྟའི་སྒ་ཆས་སྲབ་དང་བཅས་པའང་སྦས་ཡོད།[53] དེར་བརྟེན་གསེར་སྒའི་རྒྱན་རིས་སུའང་རྟ་ཡི་སྟེང་ན་མདའ་འཕེན་པ་དང་རི་དྭགས་ཤ་བ་རྔོན་པ་སོགས་དགྱེས་རོལ་བྱེད་སྟངས་རྣམས་མཚོན་ཡོད་ལ། མཚོ་སྔོན་དུར་ལམ་ནས་ཐོན་པའི་དུར་སྒམ་ཞིག་གི་རི་མོ་ལས་ཀྱང་ཚེ་འདས་པ་ཚེ་འཕོས་ནས་ལྷ་ཡུལ་ནའང་མི་རྣམས་ཀྱིས་ལུས་ལ་གསེར་དང་གཡུ་བྱུར་གྱི་རྒྱན་ཆ་བཏགས་ཤིང་། ལག་ཏུ་ཆང་བི་དང་བུམ་པ་སྡེར་སྣོད་སོགས་བཟུང་ནས་དགྱེས་པར་རོལ་ཅིང་། འདོ་ཕྲུག་རྟ་བོའི་སྟེང་ན་ལྡེམ་འགྱུར་སྐྱ་རྩལ་ངོམ་པ་དང་། མདའ་འཕེན་པ། རི་དྭགས་རྔོན་པ་སོགས་འཚོ་བཞུགས་སྐབས་ཀྱི་དགྱེས་རོལ་བྱེད་སྟངས་རྣམས་རེ་སྨོན་དང་འབྲེལ་ནས་མཚོན་ཡོད།
འདྲ་རིས་4-1: གསེར་གྱི་རྒྱན་ཆས་ལ་གཡུ་ཡིས་བརྒྱན་པ་ཅན།
       དེ་བཞིན་ཁྱུང་བྱ་རུ་ཡི་སྐོར་ལ། ཁྱུང་ཞེས་པ་གཤོག་རྩལ་ལྡེམ་ཞིང་མཆུ་རྣོ་བ་དང་གདུག་ཅན་སྦྲུལ་སྦར་མོས་འཛིན་པ་ཞིག་ཡིན། བྱ་རུ་ཞེས་པའི་གོ་གནས་ཀྱི་ཐོབ་ཐང་ལ་བྱུང་བའི་རྟགས་ཏེ་བྱ་ཁྱུང་གི་རྭ་ཡི་དབྱིབས་ལྟ་བུ་དབུ་རྒྱན་བཟོ་བའི་སྲོལ་འདུག་ཅིང་། ཞང་ཞུང་གི་རྒྱལ་པོ་བྱ་རུ་ཅན་བཅོ་བརྒྱད་ཅེས་པར་ཡང་གསེར་གྱི་བྱ་རུ་ཅན་དང་། ཤེལ་གྱི་བྱ་རུ་ཅན། འོད་ཀྱི་བྱ་རུ་ཅན་སོགས་ཡོད། ཁྱུང་གི་བྱ་རུ་ནི་རྒྱལ་པོའི་དབུ་རྨོག་གི་རྩེ་ལ་རིན་ཆེན་གསེར་གྱི་བྱ་ཁྱུང་གིས་བརྒྱན་པ་དང་ཕྱི་ལ་ཞབས་ཀྱིས་འཆག་དུས་མནབ་པ་ཞིག་ཡིན་ཏེ། མི་ཡི་རྒྱལ་པོ་རྣམས་ཀྱི་ཆེ་རྟགས་ཙམ་དུ་མ་ཟད་མཆོད་པའི་ཞིང་དང་བཀུར་བའི་གནས་ལ་ཡང་བཀོལ་སྲོལ་ཡོད་དོ། །དེ་བཞིན་དུ་མཆོད་རྟེན་གྱི་རྩེ་ལ་བྱ་རུ་ཁྱུང་རུས་བརྒྱན་པ་དང་། ཡི་དམ་ཁྲོ་བོའི་འཁོར་འགའི་དབུ་ལ་གནམ་ལྕགས་བྱ་རུ་ཁྱུང་རིས་ཀྱིས་བརྒྱན་སྲོལ་ཡོད་དེ། ཡི་དམ་ཁྲོ་བོའི་འཁོར་འགའ་ལ་དབུ་ལ་གནམ་ལྕགས་འཁྲུངས་ཞེས་པ་དང་བྱ་ཡི་སྤྱི་རྗེ་ཁྱུང་ཡིན་པ་སོགས་བཤད་ཅིང་། དེ་ཡི་མགོའི་གཡས་གཡོན་དུ་རྭ་ཡི་རྣམ་པ་ཅན་ཞིག་ཡོད་པར་བཤད། བྱ་ཁྱུང་གི་རུ་དབྱིབས་དང་མཚུངས་པས་ཁྱུང་རུ་ཞེས་བརྗོད་དེ་ཞང་ཞུང་ཞེས་པའི་མིང་འདི་ཡང་། ཞང་ཞུང་གི་སྐད་དུ་ཁྱུང་ལ་ཞུང་ཞེས་བརྗོད་ཅིང་། དེ་བོད་སྐད་དུ་བསྒྱུར་ན་ཁྱུང་ཞེས་འབྱུང་བས་ཁྱུང་གི་ལུང་པའམ་ཁྱུང་པོའི་ལུང་པ་ཞེས་བརྗོད་པ་ཡིན་པར་བཤད།[54]
       ཨིནྡྲ་ནི་ལ་དང་གཡུ་བྱུར་ནི་གནའ་སྔ་མོར་པར་སིག་དང་གྲུ་གུའི་ཚོང་པ་རྣམས་བརྒྱུད་ནས་བོད་དུ་མང་པོ་དྲངས་ཡོད་ལ། རྒྱལ་པོ་དང་བཙུན་མོ་སྲས་མོ་ལྷ་ལྕམ་སོགས་ཀྱི་རྒྱན་ཆས་སུ་བྱས་པ་གོང་གསལ་གྱི་པར་རིས་ལས་ཀྱང་ཤེས་སླ། དེ་ཡང་རིན་པོ་ཆེའི་བརྟག་ཐབས་ལས་ཨིནྡྲ་ནི་ལ་ལ་ཟུར་ཆག་པའི་སྒྲ་ལས་ཨིན་ད་རྙིལ་ཞེས་ཀྱང་གྲགས་ལ། དེ་ནི་ཁ་དོག་ལས་སྨོས་ཏེ་རིགས་གསུམ་ལས་མཆོག་ནི་སྟོན་གནམ་འདྲ་བ་སྟེང་དུ་དར་རས་བཞག་ན་རང་གི་འོད་ནི་དེ་ལ་གདུགས་ལྟར་འཁོར་ཏེ་སྔོན་པོར་འགྱུར་བ་དང་། རྒྱན་གྱི་དང་པོར་བརྩི་ཞིང་། རིན་ཐང་ཡང་རིམ་པ་ལྟར་གསེར་ལས་སྟོང་སྐོར་དང་བརྒྱ་སྐོར་དང་བཅུ་ཕྲག་སྐོར་གྱིས་རྩ་ཆེ་བར་གོ་བར་མ་ཟད། ནད་ཡོད་དོ་ཅོག་རྣམས་སེལ་བའི་སྨན་མཆོག་ཅིག་ཡིན་པར་མ་ཟད། ཐང་ག་དང་ལྡེབས་རིས་ཀྱི་ཚོན་རྩི་ལའང་བཀོལ་སྤྱོད་བྱེད་བཞིན་ཡོད།
       གཡུ་ནི་གནའ་སྔ་མོ་ནས་རྩ་ཆེ་བའི་རིན་པོ་ཆེར་བརྩི་ཞིང་རྒྱན་དུ་བཏགས་ན་སྐྱེས་ལྷས་སྲུང་ཞིང་བླ་གནས་པར་བཤད་པ་དང་། ཆེན་པོ་རྣམས་ཀྱི་དཔངས་བསྟོད་དང་ཐོབ་ཐང་ཞིག་ཏུའང་བརྩི་སྟེ། དཔེར་ན་སད་མ་ཀར་གྱིས་རྒྱལ་པོ་སྲོང་བཙན་ལ་གཡུ་རྙིང་བཟང་པོ་སུམ་ཅུ་བསྐུར་ཏེ། ཞང་ཞུང་རྒྱལ་པོ་ལིག་མི་ར་ལ་རྒོལ་ཕོད་ན་ནི་གཡུ་ཐོགས། རྒོལ་མ་ཐུབ་ན་ནི་བུད་མེད་དང་མཚུངས་པར་ཝ་ཞུ་གྱོན་ཅིག་ཟེར་བའི[55]བརྡ་འཕྲིན་བསྐུར་བ་ལྟར་དཔའ་བོ་ལ་གཟེངས་བསྟོད་བྱེད་པའི་རྟགས་སུ་གཡུ་སྤྲོད་པའི་སྲོལ་ཡོད། དེ་བཞིན་དུ་སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོས་“རྒྱལ་པོ་འདིའི་རིང(ཁྲི་སྲོང་ལྡེ་བཙན)ལ། གྲུ་གུའི་ཡུལ་ནས་གཡུ་རྙིང་དྲེའུ་ཁལ་རྒྱབ་བཅོ་བརྒྱད་འབུལ་བྱུང་བས། བོད་ན་གྲུ་གུའི་གཡུ་རྙིང་ཡིན་ངེས་དེ་ལས་མེད་དོ”[56]ཞེས་གསུངས་པས། སྐབས་དེ་དུས་གཡུ་མང་ཆེ་བ་ས་སྲན་དང་གྲུ་གུའི་ཚོང་པ་རྣམས་ཀྱིས་བོད་དུ་ཁྱེར་ཡོང་བ་སྔོ་སྐྱ་སྣུམ་ཞག་ཅན་དེ་ཡིན་ལ། བོད་རང་ནས་ཐོན་པ་ཡོད་ནའང་་གཡུ་དེ་ལྗང་སྐྱ་ཤལ་ལེ་བ་ཞིག་དུ་ཡོད་དོ། །
       བྱུ་རུ་ཡང་བོད་རྣམས་དགའ་བར་བྱེད་པའི་རྒྱན་ཆ་དང་སྨན་གྱི་རྒྱུ་ཆ་རྩ་ཆེ་བ་ཞིག་ཡིན་ཏེ། དེ་ཡང«བཟོ་རིག་པའི་བསྟན་བཅོས»སུ། “བྱུ་རུ་ལ་ནི་དམར་ནག་དཀར་པོ་གསུམ། །རྒྱ་མཚོའི་འགྲམ་དང་གྲུ་གུའི་ཡུལ་གྱི་མཐའ། །བྲག་སེར་ཆུ་དང་བྱེ་མ་འཐབ་སར་སྐྱེ། །རྒྱལ་མོ་ལག་གཡས་ལ་སོགས་ཤིང་གི་དབྱིབས། །དེ་ཡང་བརླན་གཤེར་ཆེ་སར་སྐྱེ་ན་དམར། །སྐམ་སར་ཚད་པས་གདུངས་པས་སྐྱ་བ་ཡིན། །”[57]ཞེས་གསལ། དེ་བཞིན་དུ་གསེར་གྱི་བཙོ་སྦྱང་བྱེད་ཐབས་དང་། འདུལ་ལུགས། མདོག་བསྒྱུར། དངུལ་སྲང་སོགས་ལ་ཚ་གསེར་བྱུགས་ཐབས། གསེར་ཤོག་བྱེད་ན་བརྡུང་བའི་ལག་ལེན། མགར་དུ་བྱེད་པའི་ཚ་ལ་མཐུད་སྟངས། སྤྲ་ཚིལ་གྱིས་གཟུགས་གང་རུང་བཟོས་པ་ནས་ལུགས་སུ་བཟོ་སྟངས། ཐ་ན་གསེར་གྱི་བཙོ་ཐལ་བཟོས་ནས་གསོ་བྱེད་སྨན་དུ་སྒྲུབ་ཚུལ་སོགས་བཟོ་རིག་པའི་བསྟན་བཅོས་རྣམས་སུ[58]རྒྱ་ཆེར་གསུངས་ཡོད་། དངུལ་ལའང་ས་ལས་བྱུང་བ་དང་། ཤིང་ལས་བྱུང་བ། རྡོ་ལས་བྱུང་བའི་དབྱེ་བ་དང་། དངུལ་གྱི་བརྡུང་ཐབས་འདུལ་སྟངས་སོགས་གསེར་ལྟར་བྱེད་ལ། གསོ་བའི་ནུས་པའང་དངུལ་གྱིས་ཆུ་སེར་ནད་དང་རྣག་ཁྲག་སྐེམ།[59] དངུལ་གྱིས་བཅུད་ལེན་ནད་གདོན་ཀུན་འཇོམས་མཆོག་ཅེས་པ་སོགས་རྒྱ་ཆེར་ཞུས་ཡོད་པ་སྐབས་སུ་དགོས་པ་ཆུང་བས་ཞུ་བའི་ངལ་བ་མི་བྱེད་དོ། །
མཇུག་བསྡུ་བའི་གཏམ།
       དུས་རབས་བདུན་པ་ནས་བརྒྱད་པའི་དུས་ནི་ཨེ་ཤ་ཡའི་དཀྱིལ་མའི་རྒྱལ་ཁབ་སོ་སོ་དང་མི་རིགས་བར་རིག་གནས་ཕན་ཚུན་བརྗེ་རེས་བྱེད་པའི་སྐབས་ཤིག་ལ་ཁེལ་ཡོད་པས། སྤུར་རྒྱལ་པ་རྣམས་ཀྱིས་ཀྱང་དཀྱེལ་ཆེ་བའི་བློ་སྤོབས་དང་ཁེ་བཙན་རྒྱ་བསྐྱེད་སོགས་ཀྱི་དགོས་པ་ལ་དམིགས་ནས་གཞན་གྱི་རིག་གནས་མང་པོ་ཚུར་འདྲེན་བྱས་ཡོད་ལ། ལྷག་པར་དུ་དུས་རབས་བདུན་པ་ནས་བརྒྱད་པའི་སྐབས་སུ་ཐང་དང་སྤུར་རྒྱལ། ཨ་རབ་ཕལ་ཆེར་དུས་མཉམ་དུ་སྲིད་ཤེད་རྒྱས་ཤིང་རྒྱ་བསྐྱེད་དང་དབང་དུ་སྡུད་པའི་ལམ་ལ་ཞུགས། དེས་སླད་མའི་ས་ཁུལ་འདི་དག་གི་རིག་གནས་འཕེལ་བའི་ལོ་རྒྱུས་ལ་དོན་སྙིང་གལ་ཆེ་བ་ཞིག་ཐོན་ཡོད་དེ།[60] དུས་རབས་བདུན་པའི་མཇུག་ཏུ་ཨ་རབ་ཀྱིས་ཁྱོན་ཡོངས་ནས་ཨེ་ཤ་ཡའི་དཀྱིལ་རྒྱུད་ལ་དབང་སྒྱུར་བྱས་པ་ནས་བཟུང་། དབྱི་སི་ལན་གྱི་ཆོས་ལུགས་ཤར་ཕྱོགས་སུ་སྤེལ་ཞིང་འཚོ་བའི་རྣམ་པའང་རིམ་གྱིས་འགྱུར་ལྡོག་བྱུང་། སྲོལ་རྒྱུན་རིག་གནས་ཀྱི་རྩ་བ་བརྟན་པའི་ས་སན་ཨེ་རང་དང་རྒྱ་གར། གྲུ་གུ་དང་བྱང་ཕྱོགས་ལི་ཡུལ་རྒྱུད་ཀྱི་རྒྱལ་ཁབ་དང་མི་རིགས་བར་ཚོང་ཟོག་བརྗེ་རེས་རྒྱ་ཆེ་རུ་ཕྱིན་ལ། གནའ་བོའི་དར་ལམ་གཙོས་པའི་ཚོང་ལམ་མང་པོ་བརྒྱུད་ནས་ཉོ་ཚོང་གི་འབྲེལ་བ་བྱུང་། དེ་དང་འབྲེལ་ནས་སྒྱུ་རྩལ་དང་ཚན་རིག་ལག་རྩལ་སོགས་ཀྱང་ཕན་ཚུན་བརྗེ་རེས་བྱས་པས་བསམ་བློ་སྣ་ཚོགས་དང་རིག་གནས་ཀྱང་རྒྱ་ཇེ་ཆེར་སོང་ཡོད།
       དེ་ཡང་གསེར་དང་དངུལ་གྱི་དངོས་ཆས་ནི་ས་གཤིས་གཏེར་ཁུངས་དང་ལག་ཤེས་སྒྱུ་རྩལ། ཆོས་ལུགས་དད་མོས། སྤྱི་ཚོགས་ཁྲིམས་སྲོལ། ཆབ་སྲིད་དབང་ཤུགས། ཚོང་ཟོང་བརྗེ་རེས་སོགས་ཕལ་ཆེར་མིའི་རིགས་ཀྱི་རིག་པའི་གནས་མང་པོ་དང་འབྲེལ་བ་ཡོད་ལ། ཐུ་བྷོད་བཙན་པོའི་སྐབས་སུ་བྱུང་བའི་གསེར་གྱི་ཆང་སྣོད་དང་ཕོར་པ། རྒྱན་ཆས། སྒ་ཆས་འདི་དག་ལས་སྐབས་དེའི་རྒྱལ་བློན་རྣམས་ཀྱི་འཚོ་བའི་སྤྱོད་སྟངས་དང་། རྒྱན་ཆས་སྤྲས་སྟངས་རྟོགས་ཐུབ་ཅིང་། དེ་ལས་མངོན་པའི་རྒྱུ་ཆའི་སྤུས་ཚད་དང་། ཞིབ་ཚགས་པའི་བཟོ་རྩལ། རྒྱན་རིས་ཀྱི་མཛེས་ཉམས་སོགས་ལས་སྐབས་དེའི་བསམ་བློའི་གདེང་ཚད་མཐོ་ཞིང་དཀྱེལ་ཆེ་བའི་བློ་སྟོབས་དང་སྲིད་འབྱོར་ཤེད་སྟོབས་པའི་ཁྱད་ཆོས་མངོན་ཡོད་པ་དང་། རྒྱན་རིས་སྣ་ཚོགས་པ་དེ་རྣམས་ཀྱང་གཙོ་བོ་དངོས་ཆས་ཀྱི་བཟོ་དབྱིབས་དང་འཚམ་པོར་བསྟུན་པས། བཀོད་པ་མཛེས་པ་དང་བཟོ་རྩལ་གཉིས་ཟུང་འབྲེལ་བྱས་པ་འདི་ལས་ཀྱང་སྐབས་དེར་བོད་དུ་གསེར་བཟོ་བའི་སྒྱུ་རྩལ་གྱི་ཤེས་རབ་དང་གསར་གཏོད་ཀྱི་ནུས་པ་རྟོགས་ནུས་སོ། །

དཔྱད་གཞིའི་རྒྱུ་ཆ།
[1] ཕ་དམ་པ་སངས་རྒྱས། «དམ་ཆོས་སྙིང་པོ་ཞི་བྱེད་ལས་རྒྱུད་ཀྱི་སྙན་བརྒྱུད་ཟབ་བྱེད་མ་བཞུགས་སོ། །» གླང་སྨྱོན་གཟིམ་ཆུང་གི་ཕྱག་དཔེ་བྲིས་མ་རྙིང་པ་ཞིག ཤོག་ངོས2
[2][3] [法]布尔努瓦著,耿昇译:《西藏的黄金和银币》,北京:中国藏学出版社,2015年,第3页;绪论,第1页。
[4]
ཆིན་ཉིས་ནི་1873ལོར་ཧིན་དྷི་ཤར་མའི་ཀུང་ཟིས་མངགས་ནས་བོད་དུ་འཚོལ་ཞིབ་ལ་ཕྱིན་ཏེ་བཀྲ་ཤིས་ལྷུན་པོར་པཎ་ཆེན་སྐུ་ཕྲེང་བརྒྱད་པ་དང་བཀའ་མོལ་བྱུང་བ་དང་། ཞར་ལ་བོད་ཀྱི་གཏེར་ཁུངས་མང་པོར་རྟོག་ཞིབ་བྱས་ནས་ཕོ་བྲང་གི་ཟིན་བྲིས་ཞེས་པ་ཞིག་བྲིས་ཡོད་པ་དེར་གསལ།
[5][6][7] སུམ་པ་ཡེ་ཤེས་དཔལ་འབྱོར། «སྟོད་མངའ་རིས་ཕྱོགས་སུ་དགོན་སྡེ་ཇི་བཏབ་ཀྱི་མཛད་རྣམ་རག་བསྡུས་དངུལ་དཀར་མེ་ལོང་།» དབུ་ཅན་ཕྱག་བྲིས་མ། ཤོག་ངོས་11b;11b; 11b
[8] 任乃强:《羌族源流探索》,重庆:重庆人民出版社,1984年,第15页。
[9]
དུས་རབས་བཅུ་གཅིག་པའི་ཡས་མས་སུ་བརྩམས་པར་སྙམ་པའི་མངའ་རིས་མཐོ་ལྡིང་ནུབ་རིའི་ཕུག་པ་ནས་གསར་དུ་རྙེད་པའི་ཡིག་རྙིང་ལག་བྲིས་མ། ཤོག་ལྡེབ་10པར་གསལ།
[10] པཎྚི་ཏ་ཆེན་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། «ཉི་མའི་རིགས་ཀྱི་རྒྱལ་རབས།» «ས་སྐྱའི་ཆོས་འབྱུང་གཅེས་བཏུས་དེབ་དང་པོ།» པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས་78
[11] 佚名,王治来译注:《世界境域志》,上海: 上海古籍出版社,2010年,第65页。
[12][30][31][59]
དེའུ་དམར་བསྟན་འཛིན་ཕུན་ཚོགས། «ཤེལ་གོང་ཤེལ་ཕྲེང་།» པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་93-94; 92; 93; 94
[13] ཧོར་ཁང་བསོད་ནམས་དཔལ་འབར་སོགས་ཀྱིས་བསྒྲིགས། «དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།»(དེབ་གཉིས་པ།) ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990ལོ། ཤོག་ངོས་82-83
[14][15][16][17][18][19][20][28][51] དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར། «ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས།» ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1983ལོ། ཤོག་ངོས་9-11; 13; 12; 14; 48; 165; 165; 6; 9
[21][22][36][56] དཔལ་འབྱོར་བཟང་པོ། «རྒྱ་བོད་ཡིག་ཚང་ཆེན་མོ།» ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤོག་ངོས་107; 152; 10; 205
[23][38][39][55] གཉའ་གོང་དཀོན་མཆོག་ཚེ་བརྟན། «བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང་།» ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001ལོ། ཤོག་ངོས་127; 446; 444; 49-50
[24][40][43][44][46][47][49] གུ་རུ་ཨུ་རྒྱན་གླིང་པས་གཏེར་ནས་བཏོན། «བཀའ་ཐང་སྡེ་ལྔ།» པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས་126; 158-159; 154; 156-157; 154; 146; 153-208
[25] སུམ་པ་ཡེ་ཤེས་དཔལ་འབྱོར། «ཆོས་འབྱུང་དཔག་བསམ་ལྗོན་བཟང་།» ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992ལོ། ཤོག་ངོས་739-740
[26] དཀའ་ཆེན་བློ་བཟང་བཟོད་པ། «ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་ཐར་དད་ལྡན་དགེ་འཕེལ།» དཔེ་རྙིང་ཕྱག་བྲིས་མ། ཤོག་ངོས་4a
[27] འགོས་ལོ་གཞོན་ནུ་དཔལ། «དེབ་ཐེར་སྔོན་པོ།»(སྟོད་ཆ།) ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984ལོ། ཤོག་ངོས་145
[29][33] དཔའ་བོ་གཙུག་ལག་ཕྲེང་བ། «ཆོས་འབྱུང་མཁས་པའི་དགའ་སྟོན།» པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས་190-191;189
[32] འབྲི་གུང་རིག་འཛིན་ཆོས་གྲགས། «རང་གི་ཚུལ་གྱི་རྟོགས་པ་བརྗོད་པའི་གཏམ་རང་བཞིན་བརྗོད་པའི་རྒྱན་ཁོ་ནས་སྨྲས་པ་གསོང་བོའི་དགའ་སྟོན།» ཤོག་ངོས་63
[34][50] 雅诺什·哈尔马塔等编,徐文堪、芮传明译:《中亚文明史》(第三卷),北京:中国对外翻译出版社,2002年,306; 306
[35]
དོན་དམ་སྨྲ་བའི་སེང་གེ། «བཤད་མཛོད་ཡིད་བཞིན་ནོར་བུ།» ཕྱག་བྲིས་མ། ཤོག་ངོས185
[37][52][53] ཧོར་ཁང་བསོད་ནམས་དཔལ་འབར་སོགས་ཀྱིས་བསྒྲིགས། «དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།»(པོད་གསུམ་པ།) ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990ལོ། ཤོག་ངོས་220; 6; 6-7
[41] ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས། «རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོ།» པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་232-233
[42][45][48] ཀུན་མཁྱེན་འཇིགས་མེད་གླིང་པ། «འཇིགས་མེད་གླིང་པའི་གཏམ་ཚོགས།» ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991ལོ། ཤོག་ངོས་140; 140; 299
[54] སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག «སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ།» ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་། 2005ལོ། ཤོག་ངོས་26
[57][58] དེའུ་དམར་བསྟན་འཛིན་ཕུན་ཚོགས། «རིག་པ་བཟོ་ཡི་ལས་ཚོགས་ཕྲན་ཚེགས་འདོད་རྒུར་སྒྱུར་བ་པྲ་ཕབ་འོད་ཀྱི་སྣང་བརྙན་ཞེས་བྱ་བ།» དེའུ་དམར་བསྟན་འཛིན་ཕུན་ཚོགས་སོགས། «བཟོ་རིག་ཉེར་མཁོ་བདམས་བསྒྲིགས།» ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990ལོ། ཤོག་ངོས་4-6; 4-6
[60] 王小甫:《唐吐蕃大食政治关系史》,北京:中国人民大学出版社,2009年 ,第2页

བསོད་ནམས་དབང་ལྡན། ད་ལྟ་བོད་ལྗོངས་པོ་ཏཱ་ལའི་དོ་དམ་ཁྲུའུ་ཡི་དབུ་ཁྲིད་གཞོན་པ་དང་། རིག་དངོས་ཞིབ་འཇུག་པ་ཆེན་མོ། བོད་རང་སྐྱོང་ལྗོངས་རིག་དངོས་ཁྱབ་ཁོངས་ཀྱི་རིག་གཞུང་སྣེ་ཁྲིད་པ་བཅས་ཡིན།
འབྲེལ་ཡོད་འོས་སྦྱོར།